སློབ་གྲྭའི་སྡེ་ཁག་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཞབས་རིམ་གསོག་སྒྲུབ་ཞུས་པ།

༄༅། །འདི་ལོ་ཕྱི་ཟླ་ ༢ པའི་ནང་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དང་། ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་རྡ་སར་འཚོགས་གཏན་འཁེལ་བ་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་སོན་རྩ་བུ་ཕྲུག་རྣམས་འཕྲལ་ཕུགས་ཕན་བདེའི་གཞི་རྩ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བཟང་པོ་བསྐྲུན་གནང་མཛད་པ་སོགས་རླབས་ཆེན་གྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་སླད་དང་། ཆབས་ཅིག་བསྟན་འགྲོའི་དོན་དུ་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་སླད་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་སྡེ་ཁག་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་འདི་ལོ་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བཀའ་འཁྲོལ་བསྩལ་སྨིན་བྱུང་ཡོད་པས། བརྟན་བཞུགས་གོ་སྒྲིག་དང་འབྲེལ་བའི་ཤེས་ཡོན་སྡེ་ཁག་གི་ལས་དོན་ཚོགས་ཆུང་ནས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ལ་ཐུགས་དམ་ཞུས་འབྲས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དུ་རྩ་གསུམ་ཚོགས་མཆོད་འབུམ་ཐེར་དང་།
དམ་ཚིག་རྡོ་རྗེའི་གཟུངས་སྔགས་དུང་ཕྱུར་བཅས་མཛད་དགོས་པ་ཕེབས་དགོངས་ལྟར། སློབ་གྲྭའི་སྡེ་ཁག་ཡོངས་ནས་དམ་ཚིག་རྡོ་རྗེའི་གཟུངས་བསྔགས་གསོག་སྒྲུབ་དང། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༧ ཉིན་རཱཇ་པུར་དཔལ་ས་སྐྱའི་ཆོས་སྒར་དུ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་དང་མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས་ཀྱིས་གཙོས།
ལས་དོན་ཚོགས་ཆུང་གི་ཚོགས་མི་རྡ་ས་བོད་ཁྱིམ་དྲུང་ཆེ་ཆོས་དབྱིངས་དོན་གྲུབ་ལགས། མ་སུ་རི་བོད་ཁྱིམ་དྲུང་ཆེ་ལས་རོགས་དགེ་འདུན་རིན་ཆེན་ལགས། སཾ་བྷོ་ཊའི་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས་བཅས་ནས་རྩ་གསུམ་ཚོགས་མཆོད་འབུམ་ཐེར་གྲ་སྒྲིག་ཁག་ལ་གཟིགས་ཞིབ་ལེགས་པར་གནང་།
ཕྱི་ཉིན་ཚེས་ ༨ སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་རཱཇ་པུར་དཔལ་ས་སྐྱའི་ཆོས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས། ཤེས་རིག་དྲུང་ཆེ་དབུས་པའི་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ནས་སྤོས་སྣེས་སྔོན་བསུས། དེ་ནས་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་ཆོས་སྒར་གྱི་གྲྭ་དགེ་འདུན་པ་ ༡༢༦ མཉམ་ཞུགས་ཀྱིས་འབུམ་ཚོགས་དབུ་འཛུགས་གནང། འབུམ་ཚོགས་དེ་བཞིན་ཉིན་གསུམ་རིང་བསྐྱངས་གཏན་འཁེལ་ཡོད་པ་བཅས། །