སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༧ ནས་ཟླ་ ༦ ཚེས་ ༡ བར་ཉིན་གྲངས་ ༦ རིང་། འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་ཉེ་འགྲམ་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་དང་བདེ་དོན་ཚོགས་པའི་ཐུ་མི་ཚོགས་ཁང་དུ་སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་དང་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོ་ཚོགས།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སཾམ་བྷོ་ཊ་བོད་སློབ་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་གྲངས་ ༡༩ དང་། དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་སློབ་སྤྱི་གྲངས་ ༦ ། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ནས་སློབ་སྤྱི་གྲངས་ ༤ བཅས་ཁྱོན་མི་གྲངས་ ༢༩ ཚོགས་འཛོམས་གནང་ཞིང་། ཐོག་མར་ཤེས་རིག་དེང་སྲོོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཟབ་སྦྱོང་གི་ལས་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།

ཕྱོགས་མཐའ་ཁག་འདྲ་མིན་ནས་ཕེབས་པའི་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཐེངས་འདིའི་ཟབ་སྦྱོང་ནི། སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་ཕྱོགས་དང་ཤེས་ཡོན་བསྟི་གནས་ཀྱི་འགོ་ཁྲིད་ཇི་ལྟར་གནང་དགོས་སྐོར་སོགས་ཀྱི་ཐོག་ལ་རེད། སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་ངང་ཤེས་ཡོན་གྱི་སྤུས་ཚད་ལྡན་པ་དང་། ཁོར་ཡུག་བཟང་པོ་བསྐྲུན་ཐུབ་པ་བྱེད་རྒྱུ་ནི་སློབ་གྲྭའི་འགོ་ཁྲིད་སློབ་སྤྱིའམ་དགེ་ཆེ་རྣམས་ཀྱི་ལས་འགན་གཙོ་བོ་ཞིག་ཆགས་ཡོད། སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤུས་ཚད་ལྡན་པ་ཞིག་སྐྲུན་མཁན་ནི་དགེ་རྒན་ཆགས་བཞིན་ཡོད།

སྤྱིར་སློབ་གྲྭའི་ནང་འགན་གལ་ཆེ་ཤོས་གཉིས་ནི། སློབ་ཁྲིད་དང་སློབ་གཉེར་ཡིན། དེ་གཉིས་སློབ་གྲྭའི་ནང་ཇི་ལྟར་སྟངས་འཛིན་བྱེད་དགོས་པ་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་ངོས་ནས་བསམ་བློ་གཏོང་དགོས། དགེ་ཆེ་ངོས་ནས་དགེ་རྒན་ལྷན་དུ་འབྲེལ་བ་དམ་ཟབ་དང་། གོ་བསྡུར་སྦྱང་བཤད་གནང་སྟེ་ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་འབད་བརྩོན་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། དགེ་རྒན་གྱིས་སློབ་ཁྲིད་ནུས་རྩལ་ཡར་རྒྱས་གཏོང་དགོས་པ་གནད་འགག་ཆེན་པོ་ཆགས་ཡོད། གཞན་ཡང་རང་ངོས་ནས་ཀྱང་སྦྱང་བརྩོན་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།

སྤྱིར་ཐེངས་འདིའི་ཟབ་སྦྱོང་སྐབས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་ཀྱི་ཐེབས་རྩའི་ཤེས་ཡོན་འབྲེལ་མཐུད་པ་འཇམ་དབྱངས་རྒྱལ་མཚན་ལགས། དྷ་ས་བོད་ཁྱིམ་ཆེད་ལས་ཡར་རྒྱས་ལས་གཞི་ཚན་པའི་འགན་འཛིན་བསྟན་འཛིན་དར་རྒྱལ་ལགས། མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། དེ་བཞིན་ Rana Associatio ནས་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་བཅས། །