ར་ཇི་པུར་བོད་ཁྱིམ་སློབ་གྲྭ།

[toc]

༡། འགོ་འཛུགས།

ར་ཇི་པུར་བོད་ཁྱིམ་སློབ་གྲྭ་ནི། རྒྱ་གར་བྱང་ཕྱོགས་ཨུཏ་རན་ཁནཌ་མངའ་སྡེའི་ལྡེ་ར་ལྡུན་གྲོང་ཁྱེར་ཉེ་ཁུལ་དུ་ཆགས་ཡོད། སློབ་གྲྭ་དེ་ནི་མ་སུ་རི་བོད་ཁྱིམ་གྱི་ཡན་ལག་སློབ་གྲྭ་ཡིན་ཞིང༌། ཐོག་མར་ཕྱི་ལོ་༡༩༧༧ ཟླ་༥ པར་རཱ་ཇི་པུར་ས་གནས་ཁ་ཐོར་བོད་མིའི་ཕྲུ་གུ་རྣམས་སློབ་གྲྭར་གཏོང་ཡུལ་མེད་པའི་དཀའ་ངལ་ལ་དགོངས་ཏེ་སྔོན་འགྲོའི་སློབ་གྲྭ་ཞིག་བཙུགས། ཕྱིས་སུ་སློབ་ཕྲུག་གྲངས་འབོར་རིམ་འཕར་བྱུང་བར་བརྟེན་འཛིན་རིམ་གནས་ཚད་ཀྱང་རིམ་སྤར་གྱིས་མཐར་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་འབྲིང་ཞིག་ཏུ་གྱུར། ཐོག་མའི་ཆར་སློབ་ཕྲུག་གྲངས་༢༠ དང༌། དགེ་རྒན་༤ བཅས་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་སློབ་ཕྲུག་གྲངས་༥༥༦ དང༌། དགེ་ལས་གྲངས་༤༢ བཅས་ཡོད།

༢། མཐུན་རྐྱེན་འཛུགས་སྐྲུན།

ཐོག་མའི་ཆར་སློབ་གྲྭར་སློབ་ཁང་མེད་པས་ཡུལ་མིའི་ཁང་པ་གླ་གཡར་ཞུས། དེ་རྗེས་ཕྱི་ལོ་༡༩༧༨ ལོར་འཛིན་ཁང་ཁང་མིག་༤ ཅན་ཞིག་གསར་གཟིགས་ཀྱིས་གནས་སྤོས་ཞུས་རྗེས་ལོ་རེ་བཞིན་སློབ་ཕྲུག་གི་གྲངས་འབོར་འཕར་ཆ་བྱུང་བར་བརྟེན། ཕྱི་ལོ་༡༩༨༩ ལོར་འཛིན་ཁང་ཁང་མིག་༡༣ དང་ཚོགས་ཁང་ཆུང་ཆུང་ཞིག་གསར་རྒྱག་གིས་སློབ་གྲྭའི་གཞི་རྒྱ་ཇེ་ཆེར་ཕྱིན་པ་དང༌། ས་གནས་བོད་མི་ཚོའི་འཕྲོད་བསྟེན་ཆེད་སྨན་ཁང་ཆུང་ཆུང་གཅིག་ཀྱང་གསར་འཛུགས་གནང་ཡོད། ཕྱི་ལོ་༡༩༩༢ ལོར་ཕྲུ་གུ་གྲངས་༢༠༠ ཤོང་བའི་སྡོད་ཁང་གསར་རྒྱག་ཐོག་སྨན་ཁང་དང་ལས་ཤག་རྒྱ་བསྐྱེད་ཀྱིས་ཉིན་སློབ་ནས་གཏན་སློབ་ཏུ་འགྱུར་ཡོད། ཕྱི་ལོ་༡༩༩༦ ལོར་སླར་འཛིན་ཁང་ཁང་མིག་༨ གསར་སྐྲུན་གནང༌། བར་སྐབས་དེར་བོད་ནས་རང་རིགས་བོད་ཕྲུག་མང་དག་ཅིག་ཤེས་ཡོན་སློབ་སྦྱོང་ལ་ཆེད་དམིགས་རྒྱ་གར་ནང་རིམ་འབྱོར་གྱིས་སློབ་ཕྲུག་གྲངས་འབོར་འཕར་ཆ་ཤུགས་ཆེར་བྱུང་བར་བརྟེན། མ་སུ་རིར་ཡུལ་ཁྲིམས་ཀྱི་ཆ་ནས་རྒྱ་བསྐྱེད་བྱ་རྒྱུར་དཀའ་ངལ་བྱུང་བར་བརྟེན། ཕྱི་ལོ་༡༩༩༩ ལོར་འཛིན་ཁང་རྣམས་ཉམས་གསོ་དང་རྒྱ་བསྐྱེད་ཀྱིས་སླར་ཡང་འཛིན་ཁང་ཁང་མིག་༢༦ དང༌། དཔེ་མཛོད་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། ཚན་རིགས་བརྟག་དཔྱད་ཁང༌། བརྙན་འཕྲིན་ཁང༌། ལས་ཤག ཡིག་ཚང་བཅས་རྒྱ་བསྐྱེད་ཀྱིས་ཕྱི་ལོ་༢༠༠༤ ལོར་འཛིན་རིམ་བཅུ་པ་བར་བཟོ་རྒྱུའི་འཆར་གཞི་ལྟར་གནས་ཡུལ་གཞུང་གི་འཛིན་རིམ་བཅུ་པའི་ངོས་ལེན་ཆོག་མཆན་བཀའ་འཁྲོལ་ཐོབ། ཕྱི་ལོ་༡༩༩༩ ལོར་སྔོན་འགྲོའི་སློབ་གྲྭའི་སྡེ་ཚན་ཟུར་འཛུགས་གནང༌། དེ་བཞིན་དཔེ་མཛོད་ནང་ཨིན་བོད་ཧིན་གསུམ་གྱི་སྒྲུང་དེབ་སོགས་དེབ་གྲངས་༨༠༠༠ ཙམ་དང༌། གསར་ཤོག་འདྲ་མིན་༨ ཙམ་ཡོད་པའི་མཐུན་རྐྱེན་ཚད་ལྡན་གྱི་སློབ་གྲྭ་ཞིག་ཏུ་འགྱུར་ཐུབ་པ་མ་ཟད། ད་ལྟ་ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༥༥༦ དང༌། སློབ་ཕྲུག་ཚོའི་ཤེས་ཡོན་ཆེད་དགེ་རྒན་གྲངས་༤༨། ཕྱི་ནང་གི་མཐུན་རྐྱེན་སྦྱོར་སྤྲོད་གནང་མཁན་༤༩ དང༌། ཕྲུ་གུ་ཚོ་སྡོད་ཁང་ཆེ་བ་གྲངས་༤ དང་ཆུང་བ་༡༤ ཡོད། ཕྱི་ལོ་༢༠༠༨ ནང་སྦན་མོར་ཞེས་པའི་ས་ཁུལ་དུ་ལ་རྒྱབ་ཁྱིམ་ཚང་༤ གནས་སྤོས་ཆེད་ཁྱིམ་ཁང་གསར་རྒྱག་གི་ལས་རིམ་འགྲོ་བཞིན་ཡོད། ལ་རྒྱབ་ཁང་རྙིང་རྣམས་གཏོར་ཏེ་དམིགས་བསལ་སློབ་གྲྭ་ཞིག་གསར་རྒྱག་གནང་འཆར་ཡོད་འདུག གྷོ་རི་མཱ་ཕིའའི་ས་ཆ་གསར་གཟིགས་ཐོག་སློབ་གྲྭ་གསར་འཛུགས་བྱ་རྒྱུ་དང༌། ར་ཇི་པུར་ཤོད་རྒན་གསོ་ཁང་རྒྱ་བསྐྱེད་ཀྱིས་རྒན་གསོ་ཁང་སྟོད་སྨད་གཉིས་ཟླ་སྒྲིལ་བྱ་རྒྱུ། དེ་བཞིན་མ་སུ་རི་གཏན་སློབ་ཀྱི་བུ་མོའི་ཉལ་ཁང་གསར་རྒྱག་བྱ་རྒྱུ་བཅས་ཧིན་སྒོར་འབུམ་༧༨ ༧༨༨༩༧༣༡དང་ཨ་སྒོར་འབུམ་༣༧༣༧༥༠༠༠༠ཅན་གྱི་ལས་འཆར་ལག་བསྟར་གནང་མུས་ཡིན་པ་རེད།

༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

འདས་པའི་ལོ་ངོ་༢༡ རིང་ར་ཇི་པུར་བོད་ཁྱིམ་སློབ་གྲྭའི་སློབ་མའི་གྲངས་འབོར་གནས་སྟངས་གཤམ་གསལ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་གྱི་སྡོམ་ཐོ་ལྟར་ན། ར་ཇི་པུར་བོད་ཁྱིམ་སློབ་གྲྭ་འདིར་སློབ་ཕྲུག་བུ་༣༣༡ དང་བུ་མོ་༢༥༥ བཅས་ཁྱོན་བསྡོམས་༥༦༦ ཡོད་པ་ལས་སློབ་ཕྲུག་༧༩ མ་གཏོགས་ཚང་མ་གཏན་སློབ་ཡིན་ཞིང༌། སློབ་ཕྲུག་ཚང་མ་བོད་རིགས་ཤ་སྟག་ཡིན། དགེ་རྒན་༣༥ དང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༣༨ ཡོད། རཱ་ཇི་པུར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པ་༢༠༠༤ ལོར་ངོས་ལེན་བྱུང་བ་ནས་ཕྱི་ལོ་༢༠༠༨ བར་སློབ་གྲྭའི་ནང་འཛིན་གྲྭ་མཐའ་འཁྱོལ་བའི་སློབ་ཕྲུག་གྲངས་༡༦༢ ཙམ་བྱུང་ཡོད། ར་ཇི་པུར་བོད་ཁྱིམ་སློབ་གྲྭ་འགོ་ཚུགས་པའི་ཕྱི་ལོ་༢༠༠༤ ནས་༢༠༠༩ བར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ། 

བྱ་ར། རྒྱུགས་ཞུགས། རྒྱུགས་འཕྲོད། བསྐྱར་རྒྱུགས མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༢༠༠༤ ༤༣ ༢༨ ༡༣ ༦༥་༡༢
ཕྱི་ལོ་༢༠༠༥ ༢༩ ༡༥ ༡༤ ༥༡་༧༢
ཕྱི་ལོ་༢༠༠༦ ༢༡ ༡༣ ༦༡་༩༠
ཕྱི་ལོ་༢༠༠༧ ༣༠ ༡༩ ༡༡ ༦༣་༣༣
ཕྱི་ལོ་༢༠༠༨ ༣༩ ༣༡ ༧༩་༤༩
ཕྱི་ལོ་༢༠༠༩ ༣༧ ༢༩ ༧༨་༣༨

༤། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

སློབ་གྲྭའི་ནང་རྒྱུན་ལྡན་སློབ་ཁྲིད་ཀྱི་ལས་རིམ་ཁག་ཕུད། བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུན་འཛིན་དང༌། སློབ་མ་རྣམས་ཀྱི་ལུས་སེམས་འཚར་ལོངས། ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཉམས་མྱོང་གསོག་སྒྲུབ་སླད་སློབ་སྦྱོང་ལ་གཞོགས་འདེགས་ཀྱི་ལས་རིམ་དང་བྱེད་སྒོ་སྣ་མང་སྤེལ་མུས་ཡིན། བོད་དང་གནས་ཡུལ་རྒྱ་གར་གྱི་དུས་ཆེན་ནམ་འཁེལ་ཉིན་ནང་དོན་དང་འབྲེལ་བའི་འཁྲབ་སྟོན་དང༌། རིག་རྩལ་འགྲན་ཚོགས། སྒྱུ་རྩལ་འགྲེམས་སྟོན། བགྲོ་གླེང༌། གློག་བརྙན་སོགས་རིག་གཞུང་དང་འབྲེལ་བའི་ལས་རིམ་སྤེལ་བ་དང༌། དེ་བཞིན་སློབ་ཕྲུག་ཚོའི་སློབ་སྦྱོང་ལ་གཞོགས་འདེགས་དང་མཐོང་ཐོས་རྒྱ་བསྐྱེད་སླད་ཕྱི་བསྐྱོད་ལྟ་བསྐོར་དང༌། ཞག་སྡོད་འགྲུལ་བསྐྱོད། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་རིམ་གོ་སྒྲིག དེ་བཞིན་གསུམ་བཅུའི་དུས་དྲན་དང༌། འཁྲུངས་སྐར། མང་གཙོའི་དུས་དྲན། ནོ་བྷེལ་གཟེངས་རྟགས་སོགས་བཙན་བྱོལ་བོད་མིའི་གཞུང་འབྲེལ་དུས་ཆེན་ཁག་ལ་གཟབ་རྒྱས་ངང་བརྩི་སྲུང༌། གནས་ཡུལ་ས་གནས་བོད་མིའི་སྤྱི་ཚོགས་ཀྱི་ལས་འགུལ་དང་བྱེད་སྒོའི་ཁྲོད་མཉམ་ཞུགས་སོགས་བྱེད་མུས་ཡིན། སློབ་ཕྲུག་རྣམས་རང་གི་མ་འོངས་མདུན་ལམ་ཐད་མཁྱེན་རྒྱ་ཡངས་ཤིང་གདམ་ཀ་མ་ནོར་བ་ཡོང་ཐབས་སླད། སློབ་གྲྭའི་ནང་མདུན་ལམ་སློབ་སྟོན་པ་ཆེད་འཛུགས་ཀྱིས་གཞི་རིམ་བར་མ་དང་གོང་མའི་སློབ་ཕྲུག་རྣམས་ལ་མ་འོངས་མདུན་ལམ་འདེམས་སྒྲུག་དང་འབྲེལ་ཡོད་བརྡ་འཕྲིན་མཁོ་འདོན་དང་སློབ་སྟོན་གནང་མུས་ཡིན། བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་གཏན་ཉིན་སློབ་ཁག་གི་རྒྱལ་ཡོངས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་ཁྲོད། སློབ་གྲྭ་འདིའི་སློབ་ཕྲུག་ཚོས་འདས་པའི་ལོ་ངོ་བཅུ་ལྷག་གི་རིང་གཟེངས་བསྟོད་བྱ་དགའ་མང་དུ་བླངས་ཡོད། ཕྱི་ལོ་༢༠༠༤ ལོར་འཛིན་རིམ་བརྒྱད་པའི་སློབ་མ་བསོད་ནམས་དབང་ཕྱུག་ལ་ཕུལ་བྱུང་བྱ་དགའ་ཐོབ་ཡོད། དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་སློབ་གྲྭ་འདིའི་སློབ་མ་དར་རྒྱས་ལ་འཛིན་རིམ་གསུམ་པ་བཞི་པའི་སྡེ་ཚན་གྱི་ཨང་རིམ་དང་པོའི་བྱ་དགའ་ལེགས་གསོལ་ཐོབ་པ་དང༌། འཛིན་རིམ་ལྔ་པ་དྲུག་པའི་སྡེ་ཚན་ནང་སློབ་མ་རིན་ཆེན་ལ་ལེགས་གསོལ་བྱ་དགའ་ཐོབ།