སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

བོད་ཁྱིམ་ནང་སློབ་གཉེར་བྱེད་བཞིན་པ་ཚོའི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ། སློབ་ཕྲུག་ཚོ་ཡོང་ཁུངས་དང་རིག་སྟོབས་འདྲ་མིན་སྣ་ཚོགས་ཤིག་ཡོད་པའི་ནང་ནས་ཤེས་ནུས་ལེགས་གྲས་རྣམས་དབྱེ་འབྱེད་ཀྱིས་རང་ནུས་དང་འཚམས་པའི་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་པ་བྱུང་ན། ཤེས་ཡོན་གྱི་སྤུས་ཚད་ཐད་དམིགས་བསལ་ཕན་ནུས་ལྡན་པ་ཞིག་ཡོང་བར་དམིགས་ཏེ། ཁྱིམ་སྡེ་སློབ་གྲྭའི་ཁྱབ་ཁོངས་སུ་ཡིག་རྒྱུགས་ཀྱི་གྲུབ་འབྲས་གཞིར་བཞག་དབྱེ་འབྱེད་ཀྱིས་སློབ་གྲྭ་སོ་སོའི་ནང་དམིགས་བསལ་སློབ་སྟོན་བྱེད་ལམ་ལག་བསྟར་བྱས་པར། དེ་ཙམ་གྱི་ནུས་འབྲས་མངོན་གསལ་ཞིག་མ་བྱུང་བར་བརྟེན། བློ་རིག་བཀྲ་བའི་སློབ་ཕྲུག་འདི་རིགས་ལ་སློབ་གྲྭ་ཞིག་ཟུར་དུ་བྱུང་ན་ཕན་འབྲས་ཐོན་ངེས་སྙམ་པའི་བསམ་ཚུལ་ཤུགས་ཆེར་ཡོད་ཀྱང་ལས་གཞི་འདི་དངོས་སུ་འགོ་འཛུགས་མ་ཐུབ་པར་དུས་ཡུན་གང་ཙམ་ཞིག་སོང་རུང༌། འབྱུང་འགྱུར་སྤྱི་ཚོགས་ཀྱི་ནང་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་སློབ་སྦྱོང་གི་ནུས་འབྲས་དམིགས་བསལ་ཐོན་རྒྱུ་སོགས་དགེ་ཕན་དུ་མ་ཡོང་བར་དམིགས་ཏེ་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་གྱི་བུ་ཕྲུག་ཚོའི་ནང་ནས་གོང་གི་ལོ་རིམ་གསུམ་གྱི་ཡིག་རྒྱུགས་གྲུབ་འབྲས་ལ་རྩ་འཛིན་གྱིས་བོད་ཁྱིམ་སློབ་ཁག་ནས་དྲག་འདེམས་བགྱིས་ཏེ། ཐོག་མར་སློབ་ཕྲུག་གྲངས་༡༩༣ དང་དགེ་ཆེས་གཙོས་པའི་དགེ་རྒན་ལས་བྱེད་མི་གྲངས་ ༢༩ ཆེད་བསྐོས་ཀྱིས་འགོ་འཛུགས་གནང༌།
ཕྱི་ལོ་༢༠༠༤ ཕྱི་ཟླ་༧ ཚེས་༦ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་དྲན་དང་སྟབས་བསྟུན་དབུ་འབྱེད་བྱས། ལོ་རེར་འཛིན་རིམ་ལྔ་པ་ནས་སློབ་ཕྲུག་གྲངས་༥༠ ཐམ་པ་རེ་བོད་ཁྱིམ་སློབ་ཁག་ནས་འདེམས་གཏོང་གནང་མུས་ཡིན།
ཕྱི་ལོ་༢༠༠༨ ལོར་འཛིན་རིམ་དྲུག་པ་ནས་བཅུ་པ་བར་སློབ་ཕྲུག་གྲངས་༢༦༦ དང༌། དགེ་རྒན་དང་ལས་བྱེད་ཁྱོན་བསྡོམས་༥༡ བཅས་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ལྡེ་ར་ཌོན་སེ་ལ་ཀུའེ་ཁུལ་དུ་ས་ཆ་སྔོན་གཟིགས་ཁོངས་སློབ་གྲྭ་གསར་རྒྱག་བྱ་ཡུལ་ཡོད་སྟབས་དེར་སློབ་གྲྭ་གསར་རྒྱག་གནང་རྒྱུའི་ལས་འཆར་བཀོད་ནས་ཕྱི་ལོ་༢༠༠༡ ཕྱི་ཟླ་༧ ཚེས་༡༥ ནས་ཨར་ལས་འགོ་འཛུགས་ཞུས་ཏེ་ཁྱིམ་ཚང་༥ དང་སློབ་ཕྲུག་ཆེ་བའི་སྡོད་ཁང་ཁག་༢ འཛིན་ཁང་༡༡ དང༌། ཚོགས་ཁང༌། དཔེ་མཛོད། ཀམ་པུ་ཊར་སྡེ་ཚན། ཚན་རིག་བརྟག་དཔྱད་ཁང༌། ཡིག་ཚང་སྡེ་ཚན། རྩེད་ཐང་ཆེ་ཆུང་སོགས་ཁྱིམ་སློབ་ཀྱི་དགོས་གལ་ཆ་ཚང་བ་འཛུགས་སྐྲུན་ཞུས།
སྡེ་ཚན་སོ་སོའི་ནང་འཛིན་ཆས་ཇི་དགོས་མཁོ་འདོན་གནང་སྟེ་ཁོངས་སོ་སོར་རྩིས་སྤྲོད་བྱས་ཡོད།
སློབ་ཕྲུག་ཚོར་སློབ་དེབ་དང་འབྲི་དེབ་སྣག་སྨྱུག་ལ་སོགས་ཉིན་རེའི་སློབ་སྦྱོང་དང་འབྲེལ་བའི་འཁྲིད་ཆས་ཇི་དགོས་ནར་གཏོང་གནང་ཐོག  དཔེ་མཛོད་ནང་སློབ་ཚན་དང་འབྲེལ་ཆགས་དཔེ་དེབ་ལོ་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་ལས་འཆར་སྤེལ་རྒྱུ་དང༌། དགེ་སློབ་ཚོའི་ངོས་ནས་ཀྱང་ཁྱིམ་སྡེའི་དམིགས་ཡུལ་གཞིར་བཟུང་རང་ཉིད་ཀྱི་ཁྱད་ནུས་ལ་གཞིགས་ཏེ་ཡིག་རྒྱུགས་ཁག་གི་གྲུབ་འབྲས་དང༌། རང་མོས་ཀྱི་གཏམ་བཤད།  འབྲི་རྩོམ་སོགས་གང་གི་ཆ་ནས་འབྲས་བུ་མངོན་གསལ་དུ་ཡོད་བཞིན་པར་བརྟེན། བོད་ཁྱིམ་དབུས་ཡིག་ཚང་ངོས་ནས་སློབ་གྲྭ་འདིའི་གཞི་རྩའི་དམིགས་ཡུལ་ལ་གཞི་བཅོལ་བའི་དགོས་དོན་འགྲུབ་རྒྱུར་ངེས་རྙེད་ཡོང་བཞིན་པར་བརྟེན། དམིགས་ཡུལ་ལྟར་མ་འོངས་པར་སྤྱི་ཚོགས་ལ་དགོས་ཕན་ཆེན་པོ་ཡོང་རྒྱུའི་རེ་བ་ཇེ་ཆེར་འགྲོ་བའི་གནས་སྟངས་ཤིག་ཆགས་ཡོད།