སུ་ཇ་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

ཕྱི་ལོ་༡༩༨༦ ཟླ་༣ ཚེས་༡༤ ཉིན་སུ་ཇ་བོད་ཁྱིམ་སློབ་གྲྭ་དེ་བཞིན་བོད་ནས་གསར་དུ་སླེབས་པའི་གཞོན་སྐྱེས་རྣམས་ལ་གཞི་རིམ་གྱི་ཤེས་ཡོན་སྦྱོར་སྤྲོད་ཆེད་རང་གཞུང་བཀའ་ཤག་གིས་གསར་འཛུགས་གནང༌། ཐོག་མའི་ཆར་སྦིར་བོད་ཚོགས་ཀྱི་མཉམ་འབྲེལ་བཟོ་གྲྭའི་འགྲམ་དུ་ལྕགས་ཤོག་གི་ཁང་པའི་ནང་འཛིན་གྲྭ་དང་ཉལ་ཁང་མཉམ་སྦྱར་ངང་ཡོད། ཕྱི་ལོ་༡༩༩༠ ལོར་སྦིར་གཞིས་གྲོང་ནས་ད་ལྟའི་སློབ་གྲྭའི་གནས་སུ་གནས་སྤོས་བྱས། ཐོག་མའི་ཆར་བོད་གཞུང་སྣེ་ལེན་འབྲེལ་མཐུད་ཁང་གིས་བདག་སྐྱོང་གནང་ཡོད་ནའང༌། ཕྱི་ལོ་༡༩༩༠ ཟླ་༡༡ ཚེས་༡༣ ཉིན་རང་གཞུང་བཀའ་ཤག་གི་བཀའ་འབྲེལ་ལྟར་བོད་ཕྲུག་ཁྱིམ་སྡེ་ལ་རྩིས་སྤྲོད་གནང༌། སྐབས་དེར་སློབ་ཕྲུག་༤༠༠ ལྷག་ཙམ་ཞིག་དང༌། ལས་བྱེད་དང་དང་བླངས་ཞབས་ཞུ་བ་བཅས་དགེ་ལས་༢༠ སྐོར་ཡོད། དེང་སྐབས་སློབ་གྲྭ་ཆེ་བའི་ནང་སློབ་ཕྲུག་གྲངས་༩༧༦ དགེ་རྒན་ལས་བྱེད་༧༡ བཅས་ཡོད། སློབ་གྲྭ་འདིའི་སློབ་ཕྲུག་ཡོང་ཁུངས་རིགས་གྲས་དམིགས་བསལ་ཡིན་སྟབས་སློབ་སྟོན་ལམ་ལུགས་དང་ཐབས་ལམ་ཡང་དམིགས་བསལ་དགོས་པ་ལྟར། ཐོག་མར་གོ་སྐབས་འཛིན་གྲྭ་ལོ་གཉིས་དང༌། དེ་ནས་ཡིག་ཚད་ཀྱི་གྲུབ་འབྲས་ལ་གཞིགས་ཏེ་འཛིན་རིམ་༦།༧།༨ བཅས་ལ་གནས་སྤར་དང༌། གྲུབ་འབྲས་ལེགས་པོ་མ་བྱུང་ཚེ་སྐད་ཡིག་འཛིན་གྲྭ་དང་དེ་ནས་ལས་རིགས་སློབ་སྦྱོང་སྤྲོད་རྒྱུའི་ལས་འཆར་སྤེལ་བཞིན་ཡོད་ལ། སློབ་སྦྱོང་མུ་མཐུད་ཐུབ་མཁན་ཚོར་རང་རང་ནུས་པས་གང་ལྕོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་སྦྱོར་སྤྲོད་གནང་བཞིན་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཐོག་མར་དབུ་འཛུགས་གནང་སྐབས་སློབ་གྲྭའི་ནང་ལོ་ཚོད་ཀྱི་ཚད་བཀག་མེད་པར་གཙོ་བོ་ཤེས་ཡོན་སྦྱོང་འདོད་ཀྱི་འདུན་པར་བལྟོས་ཏེ་སློབ་འཇུག་གནང་གིན་ཡོད་སྟབས། ཡུན་རིང་མ་སོར་བར་སློབ་ཕྲུག་གྲངས་འབོར་༤༠༠ ཡས་མས་འཕར་ཆ་བྱུང་བའི་དབང་གིས་སྡོད་ཁང་དང་འཛིན་ཁང་གིས་མ་འདང་བར་ལས་ཤག་ཕྱི་གཡར་དང༌། འཛིན་ཁང་ནང་འཛིན་གྲྭ་རེས་མོས་ཀྱིས་ཚོགས་དགོས་པའི་དཀའ་ངལ་སེལ་ཐབས་སླད་འཛུགས་སྐྲུན་ལས་གཞི་ཛ་དྲག་ངང་འགོ་འཛུགས་གནང་བཞིན་པའི་སྐབས་སུ། དབྱེན་སྦྱོར་བྱུང་དབང་ལྟ་བུས་སློབ་ཕྲུག་ནང་ཁུལ་མ་མཐུན་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང༌། རིམ་བཞིན་ལྷིང་འཇགས་བྱུང་བ་དང་སྦྲགས་དེ་སྔའི་སློབ་འཇུག་ལམ་སྲོལ་ལ་བསྐྱར་ཞིབ་ཀྱིས་སློབ་ཕྲུག་རང་ལོ་༡༧ མན་རྐྱང་པས་གྲུབ་པའི་གཏན་ཉིན་སློབ་ཁག་སྤྱི་མཚུངས་ལྟ་བུར་གྱུར་ཅིང༌། ལོ་ན་དེ་ལས་ཆེ་བ་རྣམས་བཞུགས་སྒར་དྷ་སའི་ཉེ་འགྲམ་ཤེས་རབ་དགའ་ཚལ་སློབ་གླིང་གསར་འཛུགས་ཀྱིས་སློབ་བཞེས་གནང་སྟེ་དམིགས་ཡུལ་སློབ་སྟོན་དང་ལག་ཤེས་སྦྱོང་བརྡར་སྦྱོར་སྤྲོད་གནང་མུས་ཡིན། བུ་ཕྲུག་རྒན་པའི་སྡེ་ཚན་དུ་སློབ་ཕྲུག་ཆིག་སྟོང་སྐོར་གྱི་འཆར་རྩིས་བརྒྱབས་ཏེ་ཨར་ལས་འགོ་འཛུགས་ཀྱིས་ད་ཆ་མཆོད་ཁང་དང༌། ཚོགས་ཁང༌། འཛིན་ཁང་སྡེ་ཚན་༢༡ དཔེ་མཛོད། ཚན་རིག་དཔེ་མཛོད། སྨན་ཁང༌། ལས་ཤག ཡིག་ཚང་ཁག རྩེད་ཐང་ཆེ་ཆུང་སོགས་འཛུགས་སྐྲུན་ལེགས་གྲུབ་ཀྱིས་དེ་དག་ལ་འོས་རན་གྱི་དགོས་མཁོ་འཛིན་ཆས་དུས་བསྟུན་ཞུ་གནང་བྱུང་ནས་ངལ་བ་མེད་ངེས་ཡིན། ཞུ་བྱའི་འཛིན་སྐྱོང་འོག་ཁྱིམ་སྡེ་ཞིག་དང༌། སློབ་གྲྭ་ཆུང་བ་ཞིག་དགོས་གལ་དང་བསྟུན་ནས་འཆར་འགོད་ཞུས་ཏེ་ཁྱིམ་ཚང་༡༤ དང་སྡོད་ཁང་ཆེ་བ་གཉིས་དེ་དག་གི་ནང་མཆོད་ཁང་དང༌། ཉལ་ཁང༌། གསོལ་ཐབ་སོགས་ཁྱིམ་ཞིག་གི་དགོས་མཁོ་དང་མཚུངས་པ་གསར་རྒྱག་ཞུས་ཏེ་ཕྱི་ལོ་༡༩༩༣ ཕྱི་ཟླ་༧ ཚེས་༡༢ ཉིན་དབུ་འཛུགས་དང༌། དེ་བཞིན་དེ་དག་གི་ཆེད་དུ་སློབ་གྲྭའི་གོ་སྐབས་འཛིན་གྲྭ་ནས་འཛིན་རིམ་དྲུག་པ་བར་གྱི་སློབ་མའི་ཆེད་དཔེ་མཛོད་ཁང་དང༌། ཚོགས་ཁང༌། འཛིན་ཁང་སྡེ་ཚན་༢༠ དང༌། ཡིག་ཚང་སོགས་གསར་རྒྱག་ཞུས་ཏེ་སུ་ཇ་བོད་ཁྱིམ་འགན་འཛིན་དང་སློབ་སྤྱིའི་གཟིགས་རྟོག་འོག་སྡེ་ཚན་དུ་དགེ་ཆེས་གཙོས་པའི་དགེ་རྒན་དང་ལས་བྱེད་གྲངས་༡༡༠ དང༌། སློབ་ཕྲུག་༡༠༧༥ ཡོད། འཛིན་རིམ་བདུན་པ་ནས་སུ་ཇ་སློབ་གྲྭ་ཆེ་བའི་ནང་འགྲོ་བའི་ལམ་སྲོལ་ཐོག་བསྐྱོད་མུས་ཡིན།

༣།    སློབ་འཇུག་གནས་སྟངས།

ཀ    སུ་ཇ་བོད་ཁྱིམ་སློབ་གྲྭ། ཕྱི་ལོ་༡༩༩༡ ནས་ད་བར་སློབ་གྲྭ་འདིའི་ནང་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་ཕྲུག་བུ་༩༠༠ དང་བུ་མོ་༦༣༨ བཅས་ཁྱོན་བསྡོམས་སློབ་ཕྲུག་༡༥༣༨ ཡོད་པ་ཚང་མ་བོད་རིགས་གཏན་སློབ་ཞེ་གཅིག་ཡིན་ཞིང༌། དགེ་རྒན་༥༧ དང་ལས་བྱེད་༧ བཅས་ཁྱོན་བསྡོམས་དགེ་ལས་༦༤ ཡོད། ཁ    ཨེས་ཨོ་ཨེས་སྦིར་བོད་ཁྱིམ་སློབ་གྲྭ། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་ཨེས་ཨོ་ཨེས་སྦིར་བོད་ཁྱིམ་སློབ་གྲྭར་སློབ་ཕྲུག་བུ་༢༩༤ དང་བུ་མོ་༢༨༥ བཅས་ཁྱོན་བསྡོམས་སློབ་ཕྲུག་༥༧༩ ཡོད་པ་ཚང་མ་བོད་རིགས་ཡིན་ཞིང༌། དེ་དག་ཁྲོད་ཉིན་སློབ་གྲངས་༥༤ དང་གཏན་སྡོད་སློབ་མ་གྲངས་༥༢༥ ཡོད་ལ། དགེ་རྒན་༣༤ དང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༣༧ ཡོད། ཕྱི་ལོ་༡༩༩༤ ནས་༢༠༠༩ བར་འདས་པའི་ལོ་ངོ་༡༦ རིང་སློབ་གྲྭ་འདིའི་ནང་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

༤།    ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

སློབ་གྲྭ་འདིའི་སློབ་ཕྲུག་ཚང་མ་བོད་ནས་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པའམ། ཐོབ་ཀྱང་འདོད་བློ་མ་ཁེངས་པ། གཞི་རིམ་གྱི་དཀའ་ངལ་བཅས་ལ་བརྟེན་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་མཁན་ཤ་སྟག་ཡིན་ཞིང༌། སློབ་ཕྲུག་མང་པོ་ཞིག་ན་ཚོད་ཆེ་སྟབས་མི་རིང་བའི་ལོ་ཤས་ནང་དམའ་མཐར་འཛིན་རིམ་བརྒྱད་པ་བར་གྱི་གནས་ཚད་ལ་སླེབས་པར་གཞན་ལས་ལྷག་པའི་འབད་བརྩོན་བྱ་དགོས་ནའང༌། སློབ་ཕྲུག་ཚོས་སློབ་གྲྭའི་མཐུན་རྐྱེན་ལ་གཅེས་སྤྲས་དང༌། རིན་ཆེན་གསེར་ལས་དཀོན་པའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་གྱིས་སློབ་སྦྱོང་ལ་འབད་བརྩོན་གྱི་སྙིང་སྟོབས་གཞན་ལས་ཆེ་བས། སློབ་གྲྭ་མཐར་ཕྱིན་སྐབས་བོད་ཡིག་དང༌། ཨིན་ཡིག ཚན་རིག རྩིས་རིག་སོགས་སློབ་ཚན་གང་ཅིའི་ཐོག་ཕུགས་བསམ་ལྡན་ཞིང་གྲུབ་འབྲས་ཧ་ཅང་ལེགས་པོ་བྱུང་ཡོད། སློབ་གྲྭ་འདིའི་སློབ་མ་རྣམས་བོད་ནས་འབྱོར་བ་ཤ་སྟག་ཡིན་སྟབས། བོད་ཀྱི་སྐད་དང་ཡུལ་གོམས་གཤིས་ལུགས་ཀྱི་བག་ཆགས་ཟབ་ཅིང་སློབ་སྦྱོང་གི་འདུན་པ་ཤུགས་དྲག་འདུག་པས། སློབ་ཚན་སྤྱི་དང་ཁྱད་པར་བོད་ཡིག་སློབ་སྦྱོང་ཐད་དམིགས་བསལ་གྲུབ་འབྲས་གསེངས་ཐོན་བྱུང་ཡོད། འདས་པའི་ལོ་ངོ་༢༠ ཙམ་གྱི་རིང༌། སློབ་གྲྭ་འདིའི་སློབ་མ་ཚོ་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བཞིན་པའི་ལོ་འཁོར་བོད་ཡིག་འབྲི་རྩོམ་འགྲན་བསྡུར་དང༌། བོད་ཁྱིམ་ཁྱབ་ཁོངས་ཤེས་ཡོན་དང་སྒྱུ་རྩལ། སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས། ཤེས་ཡོན་ཚོགས་སྡེའི་དུས་དེབ་དང་གསར་ཤོག་སོགས་བཅས་ཀྱི་བོད་ཡིག་གི་སྡིངས་ཆའི་སྟེང་དང་དོད་ཆེན་པོས་འཛུལ་ཞུགས་ཀྱིས་གྲུབ་འབྲས་ཕུལ་བྱུང་ཐོབ་ཡོད། སློབ་གྲྭ་རང་གིས་ཨིན་བོད་སྐད་གཉིས་ཐོག་ལོ་འཁོར་དུས་དེབ་འདོན་མུས་ཐོག སློབ་ཕྲུག་ཁག་ཅིག་གིས་སློབ་སྦྱོང་དང་ཞོར་དུ་བརྩམས་སྒྲུང་དང༌། སྙན་ངག ཕབ་སྒྱུར་སོགས་ཀྱི་ལས་ལ་ཞུགས་ཏེ་དཔར་འགྲེམས་བྱས་ཡོད། སློབ་གྲྭ་འདི་ནས་མཐར་ཕྱིན་རྗེས་སློབ་ཕྲུག་བྱིངས་མུ་མཐུད་གཞི་རིམ་གོང་མར་བསྐྱོད་ནའང༌། སློབ་ཕྲུག་ཁག་ཅིག་ཕྱིར་བོད་དུ་ལོག་པ་དང༌། ཁག་ཅིག་ལག་ཤེས་སྦྱོང་བརྡར་སོགས་ནང་ཞུགས་པ་བཅས་སློབ་ཕྲུག་ཚོས་རང་རང་གི་འདོད་བློ་དང་བསྟུན་པའི་མ་འོངས་མདུན་ལམ་འདེམས་སྒྲུག་བྱེད་ཀྱི་ཡོད། སློབ་གྲྭ་འདིའི་ནང་འཛིན་རིམ་བཅུ་པ་འཛུགས་ཕྱིས་པས་སྔོན་ཆད་འཛིན་རིམ་བཅུ་པ་ཡན་སློབ་སྦྱོང་ཆེད་དྷ་སྟེང་བོད་ཁྱིམ་ཁོངས་སུ་སློབ་ཞུགས་བྱས་ཡོད་ཀྱང༌། ཕྱི་ལོ་༢༠༠༣ ནས་བཟུང་འཛིན་རིམ་བཅུ་པ་གསར་འཛུགས་ཀྱིས་ཕྱི་ལོ་༢༠༠༥ ནས་རྒྱལ་ཡོངས་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་ཡོད། གཤམ་དུ་ཕྱི་ལོ་༢༠༠༥ ནས་ད་བར་གྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གནས་སྟངས་གཤམ་གསལ། 

བྱ་ར། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། རྒྱུགས་མ་འཕྲོད་པ།
ཕྱི་ལོ་༢༠༠༥ ༧༨ ༦༣ ༡༥
ཕྱི་ལོ་༢༠༠༦ ༩༥ ༨༠ ༡༥
ཕྱི་ལོ་༢༠༠༧ ༡༥༢ ༡༣༨ ༡༤
ཕྱི་ལོ་༢༠༠༨ ༡༡༨ ༩༥ ༢༣
ཕྱི་ལོ་༢༠༠༥ ༡༠༩ ༡༠༣