ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ།

[toc]

༡།     འགོ་འཛུགས།

བསམ་ཡས་གླིང་བོད་མིའི་སློབ་གྲྭ་འདིའི་མིང་ལ་ཡོངས་གྲགས་མ་ཅིང་ཊི་ལ་བོད་མིའི་ཉིན་སློབ་ཅེས་འབོད། སློབ་གྲྭ་འདི་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རྙིང་པའི་མ་ཇི་ནུ་ཀ་ཊི་ལ་ར(Majnu Ka Tilla)ཞེས་པའི་སར་བསམ་ཡས་གླིང་བོད་མིའི་གཞིས་སྒར་འགྲམ་དུ་ཆགས་ཡོད།
བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་ལྡི་ལི་ས་གནས་སུ་བོད་མི་གང་འཚམས་ཤིག་ཡོད་པར་སྡོད་གནས་ངེས་མེད་ཀྱིས་གུར་ཕུབ་ནས་སྡོད་པའི་གནས་སྟངས་འོག་སྐབས་དེའི་སྲིད་བློན་ནེ་རུ་ལ་སྙན་གསན་ཞུས་འབྲས་སུ། ད་ལྟའི་མ་ཅིང་ཊི་ལ་ཞེས་པའི་ས་དེར་གནས་སྐབས་སྡོད་གནས་དགོངས་བཞེས་ཐོབ་པའི་འོག་ཕྱི་ལོ་༡༩༦༩ ལོ་ནས་གཞིས་ཆགས་པའི་འགོ་བཙུགས། སྐབས་དེར་བོད་མི་ཚོ་མཐོང་ཐོས་དང་དཔལ་འབྱོར་ཆེས་ཞན་པས། དགུན་དུས་བལ་གོས་དང་ཡིང༌། ཛི་ར་སོགས་ཚོང་ལས་ཙག་ཙིག་རིགས་ཕུད། དེ་བྱིངས་དུས་ཚོད་ཕལ་ཆེ་བ་ཆང་ཚོང་གི་ལས་རིགས་ལ་བརྟེན་ནས་འཚོ་ཐབས་བྱས་ཡོད། ཕྱི་ལོ་༡༩༧༥ ཙམ་ནས་ལྡི་ལི་བོད་མི་མང་ཆེ་བས་ཆང་ཚོང་གི་འཚོ་ཐབས་ལས་བརྒལ་ཏེ་འཚོ་ཐབས་གསར་པའི་རིགས་གཉེར་འགོ་བརྩམས། དེ་ནས་བཟུང་ད་བར་ལྡི་ལི་བོད་སྒར་གྱི་འཛུགས་སྐྲུན་དང་ཚོང་ལས་ཡར་རྒྱས་ཆེན་པོ་བྱུང་སྟེ། ཕྱི་ལོ་༢༠༠༠ ལོར་མངའ་སྡེ་གཞུང་གིས་ནེའུ་ཨ་རུང་ན་སྒར་སྡོད་གནས་ཁུལ་ཞེས་པའི་མིང་བཏགས་པ་དང༌། ཁྱད་པར་ྋསྤྱི་ནོར་ྋ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསམ་ཡས་གླིང་ཞེས་པའི་མཚན་གསོལ་བཀའ་དྲིན་སྩལ་ཡོད།
ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢ འཚེ་མེད་ཞི་བའི་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན། ལྡི་ལི་བསམ་ཡས་གླིང་བོད་མིའི་ཉིན་སློབ་འདི་ཉིད་བོད་ཕྲུག་ཁྱིམ་སྡེའི་ཁོངས་སུ་རྩིས་བཞེས་བྱུང་བས། འདི་ནས་བཟུང་སློབ་གྲྭ་འདིའི་འཛིན་སྐྱོང་དང་བདག་སྐྱོང་ཡོངས་རྫོགས་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་གནང་མུས་ཡིན།
དེང་སྐབས་ལྡི་ལི་བསམ་ཡས་གླིང་འདི་ནི་བཙན་བྱོལ་བོད་མིའི་ཟ་ཁང་དང་མགྲོན་ཁང༌། ཚོང་ལས་དང་འགྲིམ་འགྲུལ་སོགས་མང་དུ་འདུས་པའི་ལྟེ་གནས་ཤིག་ཏུ་གྱུར་ཡོད།
སློབ་གྲྭ་འདི་ནི་ཐོག་མར་ཕྱི་ལོ་༡༩༧༤ ལོར་བོད་མིའི་གཞིས་སྒར་ཉེ་འཁྲིས་སུ་གསར་འཛུགས་གནང༌། སྐབས་དེར་གཞིས་སྒར་རྒྱ་ཆུང་བས་སློབ་གྲྭ་ནི་གཞིས་སྒར་གྱི་ར་བའི་མཐའ་ལ་འཁེལ་ཡོད། སློབ་གྲྭའི་རྒྱབ་ངོས་སུ་ཡ་མུ་ན་གཙང་པོ་བཞུར་གྱི་ཡོད་ཀྱང༌། དེང་སྐབས་གཙང་པོའི་བཞུར་རྒྱུན་ཁ་གཞན་ལ་ཕྱོགས་པས་སློབ་གྲྭ་དང་བར་ཐག་ཅུང་ཙམ་ཡོད།
སྐབས་དེར་སློབ་ཕྲུག་གྲངས་འབོར་ཅི་ཡོད་གསལ་པོར་མ་ངེས་ཀྱང༌། གཞིས་སྒར་ནང་བོད་མི་མང་པོ་མེད་སྟབས། སློབ་ཕྲུག་༤༠ ཡས་མས་ཤིག་ལས་མེད་པར་བཤད།
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་༡༧༥ དང་དགེ་རྒན་༡༣ ལས་བྱེད་གཞན་བཅས་ཡོད་པའི་ཁྲོད། དགེ་ལས་ཁྲོད་ཁྱོན་བསྡོམས་བོད་མི་༡༥ ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

ཐོག་མའི་ཆར་སློབ་གྲྭར་ཁང་བརྩེགས་དང༌། ཡིག་ཚང༌། དགེ་རྒན། འཛིན་ཆས་སོགས་གང་ཡང་མེད་པར། ས་གནས་མི་མང་གི་རོགས་རམ་འོག་རྩྭ་ཁང་ཞིག་བརྒྱབས་པའི་ནང་འཛིན་གྲྭ་ཚོགས། སློབ་ཁྲིད་གནང་མཁན་གྱི་དགེ་རྒན་གཏན་འཇགས་ཤིག་མེད་པར། ཐག་ཉེ་ལྡི་ལི་མཐོ་སློབ་ནང་བསྐྱོད་བཞིན་པའི་བོད་རིགས་སློབ་ཕྲུག་ཁག་ཅིག་གིས་དང་བླངས་ཀྱིས་སློབ་ཁྲིད་བྱས། ཕྱི་ལོ་༡༩༧༧ ལོར། ས་གནས་མི་མང་གིས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་དབུས་བོད་སློབ་འཛིན་ཚོགས་ལ་རེ་བསྐུལ་ཞུས་དོན་ལྟར། དབུས་བོད་སློབ་འཛིན་ཚོགས་དང་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དབར་གན་རྒྱ་བཞག་སྟེ། ད་ནས་བཟུང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་སློབ་གྲྭ་འདིར་རོགས་སྐྱོར་གནང་བའི་ཞལ་བཞེས་ཐོབ།
སྐབས་དེ་ནས་བཟུང་ད་བར་རོགས་སྐྱོར་གན་རྒྱའི་འབྲུ་དོན་བཞིན། དབུས་བོད་སློབ་འཛིན་ཚོགས་ནས་བསམ་ཡས་གླིང་སློབ་གྲྭར་དགེ་ཆེ་༡ དང༌། སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་པའི་སློབ་དགེ་ཇི་ཐོབ་ཀྱི་གསོལ་ཕོགས། དབུས་བོད་སློབ་འཛིན་ཚོགས་སློབ་གྲྭ་སྤྱི་མཚུངས་ཀྱི་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས། སློབ་དེབ་བཅས་ཐད་རོགས་སྐྱོར་གནང་མུས་ཡིན།
གོང་གསལ་འགྲོ་གྲོན་རིགས་ཕུད། དགེ་རྒན་གྱི་གསོལ་ཕོགས་དང༌། སློབ་ཁང་གསར་རྒྱག་དང་ཞིག་གསོ། སློབ་གྲྭའི་ཡིག་ཚང་དང་འཛིན་ཁང་གི་འཛིན་ཆས། ཆུ་གློག ཉིན་གུང་གསོལ་ཚིགས་དང་ཉིན་རེའི་ལས་དོན་གཞན་དང་འབྲེལ་བའི་འགྲོ་གྲོན་འཕར་མའི་རིགས་སློབ་གྲྭ་རང་ངོས་ནས་ཐབས་འཚོལ་གནང་མུས་ཡིན།
སྐབས་དེར་སློབ་གྲྭའི་ངོས་ནས་ཉིན་གུང་ཟས་དོད་སླད་སློབ་ཕྲུག་རེ་ནས་ཟླ་རེར་སྒོར་༥ བསྡུས་ཡོད། སློབ་གྲྭ་འདིའི་དགེ་ཆེ་ཐོག་མ་སྐུ་ཞབས་དར་ཤན་ཤ་སིང་(Shri Darshan Shah Singh)ནི། ཕྱི་ལོ་༡༩༧༨ ཟླ་༡༢ ཚེས་༢༨ ཉིན་དབུས་བོད་སློབ་འཛིན་ཚོགས་ནས་རོགས་སྐྱོར་ཁོངས་བསྐོ་གཏོང་གིས་ཕྱག་ལས་འགོ་འཛུགས་གནང་སྟེ། ཕྱི་ལོ་༡༩༩༩ ཟླ་༦ ཚེས་༣༠ ཉིན་བར་ལོ་གཉིས་རྒན་ཡོལ་ཕར་འགྱངས་གྲུབ་རྗེས་རྒན་ཡོལ་དུ་ཕེབས་ཟིན་ནའང༌། ལྡི་ལི་བོད་གཞུང་སྐུ་ཚབ་དོན་གཅོད་མཆོག་ཚོགས་གཙོ་ཡིན་པའི་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱི་རེ་བསྐུལ་འོག ད་ལྟ་མུ་མཐུད་དགེ་ཆེའི་ཐུགས་འགན་བཞེས་བཞིན་ཡོད།
སློབ་གྲྭ་འདིར་རོགས་སྐྱོར་གནང་མཁན་ཕྱི་རྒྱལ་བ་ཐོག་མའི་གྲས་སུ། ཕྱི་ལོ་༡༩༧༩ ལོར་འཇར་པན་གྱི་ལྕམ་སྐུ་ཧི་རོ་ཀོ་(Mrs.Hiroko)ལགས་སློབ་གྲྭ་འདིར་འཚམས་གཟིགས་ཀྱིས་ཨ་རིའི་ཌོ་ལོར་༥༠༠ ཙམ་གྱི་རིན་ཐང་ལྡན་པའི་རོགས་སྐྱོར་གནང༌། དེ་ནས་བཟུང་ཁོང་གིས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་རོགས་རམ་རྒྱུན་བསྟུད་གནང་མུས་ཡིན། ཁོང་གི་རྒྱུན་ལྡན་རོགས་སྐྱོར་གནང་བའི་བཀའ་དྲིན་གྱིས་སློབ་གྲྭའི་རྒྱུན་ལྡན་ལས་དོན་ཁག་བདེ་བླག་ངང་མཇུག་འཁྱོངས་བྱ་ཐུབ་བྱུང༌།
ཕྱི་ལོ་༡༩༨༠ ལོར་ནོར་ཝེ་རྒྱལ་ཁབ་ཀྱི་སྦྱིན་བདག་ཁག་ཅིག་གིས་སློབ་གྲྭར་རོགས་སྐྱོར་གནང་འགོ་བརྩམས་ཏེ། རིམ་གྱིས་འཛིན་ཁང་དང་ཚོགས་ཁང་སྤུས་ལེགས་གསར་རྒྱག་གནང༌། འཛིན་ཁང་དང་མཐུན་རྐྱེན་ཡར་རྒྱས་སོང་བ་དང་འབྲེལ་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་ཡང་རིམ་འཕར་གྱིས་སློབ་ཕྲུག་གྲངས་འབོར་༢༧༥ ལོངས་པར་གྱུར།
ནོར་ཝེ་སྦྱིན་བདག་ཁག་ཅིག་རོགས་རམ་འོག་སློབ་གྲྭ་འདིའི་དགེ་རྒན་གྱི་གསོལ་ཕོགས་དང༌། སློབ་ཁང་གསར་རྒྱག་དང་ཞིག་གསོ། སློབ་གྲྭའི་ཡིག་ཚང་དང་འཛིན་ཁང་གི་འཛིན་ཆས། ཆུ་གློག ཁ་པར། ཉིན་གུང་གསོལ་ཚིགས་དང་ཉིན་རེའི་ལས་དོན་རྒྱུན་འཁྱོངས་ཐུབ་པ་བྱུང༌།
སློབ་གྲྭའི་རྒྱུན་ལྡན་ལས་དོན་འཛིན་སྐྱོང་ལ་སྟངས་འཛིན་སླད་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གིས་སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཤིག་གསར་འཛུགས་གནང་བའི་ནང༌། ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ཚོགས་གཙོ་ཡིན་པ་དང༌། གཞིས་སྒར་དེའི་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོས་ཚོགས་གཙོ་གཞོན་པ། བསམ་ཡས་གླིང་ས་གནས་འགོ་འཛིན་ཚོགས་དྲུང༌། འོས་འདེམས་ལས་ཐོན་པའི་གཞིས་སྒར་འགོ་པ་ནི་ཚོགས་དྲུང་གཞོན་པ། སློབ་གྲྭའི་འཛིན་སྐྱོང་བ་དང་དགེ་རྒན་ཕ་མའི་འཐུས་ཚོགས་ཀྱི་འཐུས་མི་གཅིག་བཅས་ཚོགས་མི་ཡིན།
དེང་སྐབས་སློབ་གྲྭ་འདིར་བོད་མི་དགེ་ལས་༡༥ ཙམ་ཡོད་པ་རྣམས་ལ་ལས་ཤག་གི་མཐུན་རྐྱེན་སྦྱོར་སྤྲོད་བྱས་མེད། དབུས་བོད་སློབ་འཛིན་ཚོགས་ཀྱི་རོགས་སྐྱོར་དགེ་རྒན་རྣམས་ལ་གསོལ་ཕོགས་ཧ་ཅང་དམའ་སྟབས་ལས་ཤག་གི་དཀའ་ངལ་ཤུགས་ཆེར་འཕྲད་མུས་ཡིན།
ཕྱི་ལོ་༡༩༨༠ ལོར་སློབ་གྲྭའི་འཛིན་སྐྱོང་ནས་བྷེལ་ཇམ་རྒྱལ་ཁབ་ཀྱི་སྐུ་ཞབས་རི་ཇི་ནལཌ་ཧོ་ཡག་སེ་(Mr.Reginald Hoyachex)ལགས་སུ་རེ་སྐུལ་ཞུས་པ་བཞིན་བྷེལ་ཇམ་ཝི་ཊ་(Vita PT PAX)སློབ་གྲྭའི་དགེ་སློབ་ཚོར་ཞལ་འདེབས་བསླངས་པའི་སྒོར་འབུམ་༢་༥ གནང་སོན་བྱུང་བས། སློབ་གྲྭའི་ནང་ཁང་མིག་གཅིག་དང་ཐབ་ཚང་མཉམ་སྦྱར་ཅན་གྱི་ལས་ཤག་༨ གསར་རྒྱག་གནང༌།
དེ་ནས་ད་བར་སློབ་གྲྭ་འདིའི་འཛུགས་སྐྲུན་གཞི་རྒྱ་ཆེ་བར་གྱུར་ཏེ་ཨར་འདམ་གྱི་ཁང་བརྩེགས་དང༌། ཡངས་ཤིང་སྤུས་ལེགས་པའི་འཛིན་ཁང༌། སློབ་འཁྲིད་ཀྱི་ཡོ་ཆས། དགེ་རྒན་ལས་ཤག མེ་ཏོག་ལྡུམ་ར། ཚོགས་ཁང་སོགས་མཐུན་རྐྱེན་ལེགས་པོ་འཛོམས་ཡོད་པ་འདི་དག་ཚང་མ་ཨ་རི་དང༌། ཡུ་རོབ། འཇར་པན་སོགས་ཡུལ་གྲུ་མང་པོའི་ཚོགས་སྒེར་གྱི་བྱམས་བརྩེའི་རོགས་རམ་འོག་བྱུང་བའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་བྲལ།
ལྷག་པར་སློབ་གྲྭ་འདིའི་སློབ་ཁང་གསར་རྒྱག་སྐབས་སུ་དམིགས་བསལ་ཐུགས་འཁུར་གནང་མཁན་ལྡི་ལི་སྐུ་ཚབ་དོན་གཅོད་བཀྲ་ཤིས་དབང་འདུས་དང༌། མི་འགྱུར་རྡོ་རྗེ་གཉིས་དང༌། སློབ་ཁང་གི་མ་དངུལ་ཐབས་འཚོལ་གནང་མཁན་ལྡི་ལི་ཤེས་རིག་སྐུ་ཚབ་ཟླ་བ་ལྷ་ཕྱུག་བཅས་ལྷག་བསམ་ཆེན་པོས་ཐུགས་འཁུར་གནང་ཡོད།
ད་ལྟའི་སློབ་ཁང་གི་ཁང་བརྩེགས་གསར་པ་དེ་ནི་ཕྱི་ལོ་༡༩༩༡ ཟླ་༨ ཚེས་༢༡ ཉིན་འགོ་བཙུགས་ཤིང༌། ཉིན་དེར་རྒྱ་གར་གྱི་སྲིད་དོན་དབུ་འཁྲིད་པ་སྐུ་ཞབས་ཇོར་ཇི་ཕན་ནན་ཌི་(Shri George Fernandes)ཡིས་འཛུགས་སྐྲུན་གྱི་རྨང་རྡོ་བཏིང༌། ཕྱི་ལོ་༡༩༩༤ ཟླ་༡༠ ཚེས་༧ ཉིན་ལྡི་ལི་གྲོང་ཁྱེར་གྱི་ཤེས་རིག་བློན་ཆེན་སྐུ་ཞབས་ས་ཧིབ་སིང་ཝར་མ་(Shri Sahib Singh Verma)ཡིས་དབུ་འབྱེད་གནང༌། ཁང་བརྩེགས་དེའི་ནང་འཛིན་ཁང་དང༌། ཚོགས་ཁང༌། དགེ་ཆེའི་ཡིག་ཚང༌། དཔེ་མཛོད་ཁང༌། གསང་སྤྱོད་༤ བཅས་ཡོད།
དེ་རྗེས་ཕྱི་ལོ་༡༩༩༨ ལོར། སློབ་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་རྒྱུན་གཏན་གྲོན་ཆུང་བྱས་པའི་བསགས་དངུལ་ཁོངས་ནས་འགྲོ་གྲོན་བཏང་སྟེ་སློབ་གྲྭའི་ནང་ཉལ་ཁང་ཆུང་ཆུང་ཞིག་གསར་རྒྱག་བྱ་རྒྱུ་ཐག་གཅོད་བྱུང་དོན་ལྟར། ཉལ་ཁང་གསར་རྒྱག་གི་ལས་གཞི་འགོ་འཛུགས་ཀྱིས་ཐོག་བརྩེགས་གཅིག་ལེགས་གྲུབ་བྱུང་ཡོད་ནའང༌། སློབ་གྲྭ་དེ་གཞི་རིམ་འོག་མའི་གནས་ཚད་དུ་ཕབ་པར་བརྟེན་ཉལ་ཁང་མཇུག་སྐྱོང་མ་ཐུབ་པར་ལུས།
དེང་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་མཆོག་གིས་སློབ་གྲྭ་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་པའི་འོག་སློབ་གྲྭ་འདིའི་གང་ཅིའི་གནང་སྟངས་བདེ་བླག་ངང་འགྲོ་མུས་ཐོག སློབ་གྲྭ་འདི་ཉིད་ཀྱི་སློབ་ཁྲིད་ཀྱི་སྤུས་ཚད་དང་འཛིན་སྐྱོང༌། རྒྱུན་གྲོན་གང་ཅིར་ཕུགས་ཕན་ཡོང་སླད་ས་གནས་མི་མང་དང་འཛིན་སྐྱོང་བཅས་ནས་བོད་ཕྲུག་ཁྱིམ་སྡེ་ཡིས་རྩིས་བཞེས་ཡོང་བའི་ཞུ་བསྐུལ་བྱས་འབྲས་སུ་མཐར་བོད་ཁྱིམ་ཕྱོགས་ནས་ཞལ་བཞེས་བཀའ་དྲིན་ཐོབ་སྟེ། ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢ ཉིན་བོད་ཁྱིམ་ཁོངས་སུ་འཇུག་བཞེས་གནང་བ་དེ་ནི་སློབ་གྲྭའི་འཕྲལ་ཕུགས་གང་ལ་བསམས་ཀྱང་དགེ་ཕན་ཆེ་བ་གདོན་མི་ཟ།

༣།     སློབ་འཇུག་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱས་སྡོམ་རྩིས་ལྟར་ན། ལོ་དེར་བསམ་ཡས་གླིང་སློབ་གྲྭར་སློབ་ཕྲུག་བུ་༨༨ དང་བུ་མོ་༧༠ བཅས་ཁྱོན་བསྡོམས་སློབ་ཕྲུག་༡༥༨ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དེའི་ཁྲོད་བོད་རིགས་སློབ་ཕྲུག་༩༢ དང་རྒྱ་གར་ཡུལ་མིའི་སློབ་ཕྲུག་༤༦ ཡོད། དགེ་རྒན་༡༢ དང་ལས་བྱེད་༧ བཅས་ཁྱོན་བསྡོམས་དགེ་ལས་༡༩ ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་བསམ་ཡས་གླིང་སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་འབོར་གནས་སྟངས་གཤམ་གསལ།

༤།     ཤེས་ཡོན་ལས་རིམ།

སློབ་གྲྭ་འདིའི་སློབ་ཚན་ནི་བོད་མིའི་སློབ་གྲྭ་གཞན་དང་སྤྱི་མཚུངས་ལྟར་ཡིན། བར་སྐབས་ཤིག་ནས་འཛིན་རིམ་བརྒྱད་པ་བར་གནས་སྤར་བྱུང་ཡང༌། ཕྱིས་སུ་འཛིན་རིམ་ལྔ་པ་བར་རང་འཇགས་ཕབ། སློབ་གྲྭའི་ནང་ཞོགས་པར་རྒྱལ་གླུ་ཚོགས་རྗེས་རྒྱུན་ལྡན་གྱི་སློབ་ཁྲིད་ལས་རིམ་ཁག་འགོ་འཛུགས་བྱེད་པ་དང༌། ཉིན་གུང་གསོལ་ཚིགས་བར་སེང་རྗེས་སླར་ཡང་ཆུ་ཚོད་༣་༣༠ བར་འཛིན་གྲྭ་ཚོགས་པ་ཡིན། དེ་རྗེས་སློབ་ཞོར་གྱི་ལས་རིམ་ཁག་སྟེ་རིག་གཞུང་དང༌། བྱེད་སྒོ། རང་སྦྱོང༌། གཙང་སྦྲ་སོགས་ཀྱི་ལས་རིམ་སྤེལ་ཏེ། ཕྱི་དྲོ་ཆུ་ཚོད་༥ པར་སློབ་གྲྭ་གྲོལ་བ་ཡིན།
ལོ་ལྟར་སློབ་གྲྭའི་རིག་གཞུང་དང་བྱེད་སྒོའི་ལས་རིམ་འཆར་གཞི་ལྟར་སློབ་གྲྭའི་འཁྲབ་སྟོན་དང་རྩེད་འགྲན་སོགས་ཀྱི་སྐབས་སུ་གཞིས་སྒར་མི་མང་འདུ་འཛོམས་ཆེ་བ་དང༌། སློབ་ཕྲུག་ཚོར་བྱ་དགའ་དང་རྔན་པ་གནང་བ་སོགས་བྱེད། གཞན་ཡང་དགེ་རྒན་ཉིན་མོ། བྱིས་པའི་ཉིན་མོ། ཁོར་ཡུག་སྲུང་སྐྱོབ་ཉིན་མོ། ཐ་མག་ལ་ངོ་རྒོལ་ཉིན་མོ། བྱིས་པ་ལས་སྐུལ་ངོ་རྒོལ་ཉིན་མོ། ཨེ་ཙི་ན་ཚ་སྔོན་འགོག་ཉིན་མོ་སོགས་རྒྱལ་སྤྱིའི་དུས་ཆེན་དང༌། བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར། རྒྱ་གར་རང་བཙན་ཉིན་མོ། མང་གཙོའི་ཉིན་མོ་སོགས་རྒྱ་གར་གྱི་དུས་ཆེན་ཁག་དང༌། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་དང༌། ལྷ་བབས་དུས་ཆེན། འཛམ་གླིང་སྤྱི་བསང༌། ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་སོགས་བོད་ཀྱི་དུས་ཆེན་ཁག་བཅས་གཞིས་སྒར་མི་མང་དང་ལྷན་དུ་བརྩི་སྲུང་བྱེད་ཅིང༌། དུས་ཆེན་སོ་སོའི་ནང་དོན་དང་འབྲེལ་བའི་འཁྲབ་སྟོན་དང༌། གསུང་བཤད། མཆོད་འབུལ། བགྲོ་གླེང་སོགས་ཀྱི་ལས་རིམ་སྣ་ཚོགས་བཀོད་སྒྲིག་བྱེད་མུས་ཡིན།

༥།     གཞུང་འབྲེལ་འཚམས་གཟིགས།

སློབ་གྲྭ་འདི་ནི་རྒྱ་གར་གྱི་རྒྱལ་ས་ཁུལ་དུ་ཡོད་སྟབས། ཕྱི་ནང་གི་མི་སྣ་གལ་གནད་ཅན་མང་དག་ཅིག་གཞིས་སྒར་ལ་འཚམས་གཟིགས་གནང་ཡོད། གཞིས་སྒར་ནང་མི་མང་འདུ་ཚོགས་བྱེད་སའི་ས་ཆ་འཁོད་ཡངས་པོ་མེད་སྟབས་དུས་རྒྱུན་སྤྱི་ཚོགས་ཀྱི་མཛད་སྒོ་ཕལ་ཆེ་བ་སློབ་གྲྭའི་ནང་ཚོགས་པ་ཡིན།
དེ་ལྟར་སློབ་གྲྭ་འདིར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་སྩལ་བ་མ་ཟད། དཔལ་ྋས་སྐྱ་གོང་མ་རིན་པོ་ཆེ་མཆོག དཔལ་ྋརྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སོགས་ཀྱིས་གཙོས་པའི་བླ་ཆེན་ཁག་དང༌། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང༌། ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་པོ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་སོགས་རང་གཞུང་གི་མཛད་སྒོ་རྣམ་པ། ལྡི་ལི་གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ཤི་ལཱ་ཌིག་སིཊ་(Smt.Sheila Dikshit)ཡིས་གཙོས་པའི་གྲོང་ཁྱེར་བློན་ཆེན་དང་དྲུང་ཆེ། སྤྱི་འཐུས། ས་གནས་འཐུས་མི། སྤྱི་ཁྱབ་སྐོར་སྲུང་བ་སོགས་རྒྱ་གར་དཔོན་རིགས་ཁག ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་སྦིལ་ཁེ་ལིན་ཊོན་མཆོག་དང༌། ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་སོགས་གཞིས་སྒར་འདིར་འཚམས་གཟིགས་གནང་སྐབས། སློབ་གྲྭའི་ནང་མི་མང་འདུ་འཛོམས་ཀྱིས་གསུང་བཤད་དང་མཛད་སྒོའི་ནང་སློབ་གྲྭའི་དགེ་སློབ་རྣམས་མཉམ་ཞུགས་ཙམ་མ་ཡིན་པར། གཞས་དང་ཞབས་བྲོ། རུ་སྒྲིག རྒྱལ་གླུ་སོགས་མཛད་སྒོའི་ཆ་ཤས་བླངས་ཡོད།
ཁྱད་པར་ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢ འཚེ་མེད་ཞི་བའི་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན་མོར། བསམ་ཡས་གླིང་བོད་མིའི་སློབ་གྲྭ་འདི་ཉིད་བོད་ཕྲུག་ཁྱིམ་སྡེར་རྩིས་སྤྲོད་ལེགས་པར་གྲུབ་པའི་དགའ་སྟོན་གྱི་མཛད་སྒོ་ཚོགས་པའི་སྟེང༌། རང་གཞུང་དྲིལ་བསྒྲགས་བཀའ་བློན་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་དང༌། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་རིག་འཛིན་ལགས། བསམ་ཡས་གླིང་ས་གནས་ས་གནས་འགོ་འཛིན། སྤྱི་འཐུས་དང་ས་གནས་འཐུས་ཚོགས་སོགས་མི་མང་འདུས་འཛོམས་ཐོག་གསུང་བཤད་དང༌། སློབ་གྲྭའི་དགེ་ཆེ་ཟུར་པར་ཐུགས་རྗེ་ཆེའི་ཕྱག་རྟགས་བཅས་ལེགས་པར་བསྐྱངས་ཡོད།