ལ་དྭགས་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཁུལ་དུ་བོད་མི་སྐྱབས་བཅོལ་བ་གང་མང་ཡོད་པ་དང༌། སློབ་འཇུག་མཐུན་རྐྱེན་མ་ཚང་བའི་བུ་ཕྲུག་མང་བ་བཅས་ཀྱི་གནས་སྟངས་ལ་གཟིགས་ཏེ་བོད་ཁྱིམ་ཞིག་གསར་རྒྱག་དགོས་གལ་ཆེ་བའི་བཀའ་སྤྱི་ཕེབས་པའི་དགོངས་དོན་ལྟར། བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ས་གནས་སུ་ཆེད་ཕེབས་ཀྱིས་གང་དགོས་ས་གནས་འབྲེལ་ཡོད་ཁག་ལ་བཀའ་མོལ་ཞུ་འོས་ཞུས་ཐོག་ཕྱི་ལོ་༡༩༧༥ ལོར་སྐུ་སྒེར་ནས་ཐུགས་སྨོན་དང་འབྲེལ་བྱིན་གྱིས་རླབས་ཕྱིར་ཧིན་སྒོར་ཆིག་ཁྲི་ཐམ་པ་གསོལ་རས་སྩལ་བ་བཞིན་ཨར་ལས་འགོ་འཛུགས་སོགས་ཀྱིས་རིམ་གྲུབ་དང་བསྟུན་ཐོག་མར་བྱང་ཐང་ནས་བུ་ཕྲུག་༡༥ སློབ་འཇུག་གནང༌། ཕྱི་ལོ་༡༩༧༦ ཟླ་༩ ཚེས་༡༢ ཉིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལ་དྭགས་ས་ཁུལ་དུ་ཆིབས་བསྒྱུར་སྐབས་དབུ་འབྱེད་བཀའ་དྲིན་བསྐྱངས་ཏེ། དགེ་སློབ་མི་མང་བ

ཅས་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ། ལོ་དེའི་ནང་བུ་ཕྲུག་གྲངས་༡༡༢ སློབ་བཞེས་གནང་ཞིང༌། ལས་བྱེད་དགེ་སློང་བློ་བཟང་བསྟན་འཛིན་ལགས་དང་ལས་རོགས་པདྨ་ཚེ་རིང་གཉིས་ནས་ཐུགས་འགན་གཙོ་བོ་བཞེས་ཡོད། ལྕོག་ལམ་གསར་བོད་ཁྱིམ་འདི་ནི་ལ་དྭགས ་ཁུལ་གྱི་བོད་སློབ་ཆེ་ཤོས་ཡིན་ཞིང༌། སློབ་གྲྭ་འདི་ཉིད་ཕུད་ལ་དྭགས་ཁུལ་དུ་བོད་ཁྱིམ་སློབ་གྲྭ་བདུན་ཡོད་པའི་ཁྲོད་གསུམ་ནི་བྱང་ཐང་ཁུལ་དུ་ཆགས་ཡོད། གཞན་ཡང་ལག་ཤེས་དང་ལས་རིགས་སྦྱོང་བརྡར་ལྟེ་གནས་གཅིག་དང༌། ཞིང་འབྲོག་ར་བ་གཅིག རྒན་གསོ་ཁང་གཅིག་བཅས་ཡོད། སློབ་གྲྭ་འདི་དག་ནང་སྐྱབས་བཅོལ་བོད་མིའི་བུ་ཕྲུག་དང༌། བོད་དང་རིག་གཞུང་ གཅིག་པའི་ལ་དྭགས་ཡུལ་མིའི་བུ་ཕྲུག་བཅས་སློབ་བཞེས་ག ནང་གི་ཡོད། ལྕོགས་ལམ་གསར་གཞིས་ཆགས་ཀྱི་སློབ་གྲྭ་འདིར་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་ཡོད་ཅིང༌། དེར་ལ་དྭགས་བྱང་ས་ཁུལ་གསུམ་དུ་ཡན་ལག་གཏན་སློབ་གསུ མ་དང༌། གླེ་ཁུལ་དུ་ཡན་ལག་གཏན་སློབ་གསུམ། ཁྱིམ་སྡེ་ཨ་མའི་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡོད་པའི་ཐོག ལག་ཤེས་སློབ་གཉེར་ཁང་གཅིག་དང༌། འཕྲུལ་བཟོ་ལག་ཤེས་ཁང་གཅིག་བཅས་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༡༥༡༨ སྐོར་དང་དགེ་ལས་གྲངས་༢༠༡ ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ལས་འཆར་ལྟར་བསོད་ནམས་གླིང་གཞིས་ཆགས་ཉིན་སློབ་ནང་བུ་ཕྲུག་ཚོ་ཉིན་སློབ་ལྟ་བུར་བཏང་ཡོད། ཕྱི་ལོ་༡༩༧༧ ལོ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕེབས་དགོངས་ལྟར་གཞིས་ཆགས་ཀྱི་ཉིན་སློབ་དེ་བཞིན་བོད་ཁྱིམ་ནས་འཛིན་སྐྱོང་ཞུ་དགོས་ཕེབས་དོན་ལྟར་ཞུས་ཏེ་དེ་རྗེས་འཛིན་ཁང་རྒྱ་བསྐྱེད་ཞུ་རྒྱུ་སོགས་ཀྱི་ལས་འགུལ་ཞུས་ཏེ་ད་ཆ་ཁྱིམ་སྡེ་ཨ་མའི་ནང་སློབ་གྲྭ་སྡེ་ཚན་གསུམ་ནང་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་གྱི་ཆེད་དཔེ་མཛོད་ཁག་གཉིས་སློབ་ཕྲུག་༡༥༠༠ སྐོར་གྱི་འཛིན་ཁང་དང༌། ཁྱིམ་སྡེའི་ནང་ཁྱིམ་ཚང་༢༨ ཡོད་ཁོངས་ནས་ཁྱིམ་ཚང་༨ ནི་ལ་དྭགས་ས་གནས་ཡུལ་མིའི་བུ་ཕྲུག་གི་ཆེད་ཡིན། བུ་ཕྲུག་ཆེ་བའི་སྡོད་ཁང་༦ གསོལ་གཉེར་སྡེ་ཚན། ཁྱིམ་སྡེ་དང་སྡེ་ཚན་སོ་སོར་ཡིག་ཚང༌། ཚོགས་ཁང་ཆེ་ཆུང༌། རྩེད་ཐང་འདྲ་མིན། མཆོད་ཁང་སོགས་དགོས་གལ་ཆ་ཚང་བ་འཛུགས་སྐྲུན་བྱས་ཡོད། དེ་བཞིན་ཁུལ་དེའི་རྒས་གཅོང་ཉམ་ཐག་ཚོའི་ཆེད་རྒན་གསོ་ཁང་ཞིག་ཡོད་པ་དེའི་ནང་ཕྱི་ལོ་༢༠༠༨ ལོར་བགྲེས་སོང་མི་གྲངས་༥༨ ཡོད།

༣།    སློབ་འཇུག་དང་ཡིག་རྒྱུགས་གྲུབ་འབྲས།

སློབ་གྲྭ་འདི་ཉིད་ཀྱི་འདས་པའི་ལོ་ངོ་༡༢ རིང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

 

བྱ་ར། ༡༠ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢ པའི་ཕྲུག་གྲངས། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༡༡༩ ༦༨ ༣༣ ༡༨ ༥༧་༡༤
ཕྱི་ལོ་༡༩༩༩ ༡༡༥ ༩༢ ༡༣ ༡༠ ༨༠་༠༠
ཕྱི་ལོ་༢༠༠༠ ༡༠༠ ༤༤ ༤༦ ༡༠ ༤༤་༠༠
ཕྱི་ལོ་༢༠༠༡ ༨༥ ༥༦ ༢༨ ༦༥་༨༨
ཕྱི་ལོ་༢༠༠༢ ༧༥ ༤༥ ༢༩ ༦༠་༠༠
ཕྱི་ལོ་༢༠༠༣ ༡༡༥ ༤༥ ༦༦ ༣༩་༡༣
ཕྱི་ལོ་༢༠༠༤ ༡༠༥ ༧༤ ༣༡ ༧༠་༤༨
ཕྱི་ལོ་༢༠༠༥ ༡༠༢ ༥༦ ༤༦ ༥༤་༩༠
ཕྱི་ལོ་༢༠༠༦ ༡༢༦ ༥༡ ༧༡ ༤༠་༤༨
ཕྱི་ལོ་༢༠༠༧ ༡༦༩ ༩༨ ༦༥ ༥༧་༩༩
ཕྱི་ལོ་༢༠༠༨ ༩༡ ༦༩ ༢༢ ༧༥་༨༢
ཕྱི་ལོ་༢༠༠༩ ༡༥༠ ༡༡༧ ༣༢ ༧༨་༠༠

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་ལ་དྭགས་བོད་ཁྱིམ་ནང་སློབ་ཕྲུག་བུ་༧༣༦ དང་བུ་མོ་༧༥༥ བཅས་ཁྱོན་བསྡོམས་༡༥༢༩ ཡོད་པའི་ནང་སློབ་ཕྲུག་༥༩༥ ཉིན་སློབ་ཡིན་པ་དང༌། སློབ་ཕྲུག་༨༩༦ གཏན་སྡོད་སློབ་མ་ཡིན་ཞིང༌། བོད་རིགས་མ་ཡིན་པའི་སློབ་མ་༣༨༨ ཡོད། དགེ་རྒན་༦༩ དང་ལས་བྱེད་༡༢ བཅས་ཁྱོན་བསྡོམས་དགེ་ལས་༨༡ ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་མའི་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།