བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལྷོ་ཕྱོགས་སུ་བོད་མིའི་གཞིས་ཆགས་ཁག་གི་ནང་བུ་ཕྲུག་འབོར་ཆེན་ཡོད་པར་ཤེས་ཡོན་སྦྱོར་སྤྲོད་དགོས་གལ་དང༌། ཁྱད་པར་དམིགས་བསལ་གཟིགས་སྐྱོང་དགོས་པའི་བུ་ཕྲུག་མང་བ་བཅས་ལ་བརྟེན། བོད་ཁྱིམ་ཞིག་གསར་འཛུགས་ཐུབ་ན་དགེ་ཕན་ཆེ་བའི་ལམ་སྟོན་བཀའ་མངགས་ཇི་ཕེབས་ཀྱི་དགོངས་དོན་ལྟར། བོད་གཞུང་ནང་སྲིད་ལས་ཁུངས་དང༌། ས་གནས་འགོ་འཛིན་ལས་ཁང་བཅས་པར་འབྲེལ་ལམ་ཞུས་ཏེ། བྷེལ་ཀོབ་ལུགས་བསམ་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཁོངས་ནས་ས་ཆ་རིན་མེད་ཐོག་གནང་རྒྱུར་ངེས་དོན་བཞིན་ལས་འཆར་སྤེལ་རྒྱུར་ངེས་ཏེ་བྱིན་གྱི་རླབས་ཕྱིར་ཐུགས་སྨོན་དང་འབྲེལ་ས་བོན་དུ་ཧིན་སྒོར་སུམ་ཁྲི་ཐམ་པ་༣༠༠༠༠ གསོལ་སྩལ་ལྟར་ཨར་ལས་འགོ་འཛུགས་ཞུས་ཏེ། ཕྱི་ལོ་༡༩༨༤ ཟླ་༢ ཚེས་༡༦ ཉིན་རྨང་གཞིའི་ལས་གྲྭ་མཇུག་སྒྲིལ་ཏེ་བོད་ཁྱིམ་སློབ་གྲྭ་དངོས་སུ་དབུ་འབྱེད་ཀྱིས་ལོ་དེའི་ནང་ཁྱོན་བསྡོམས་སློབ་ཕྲུག་༩༠ སློབ་འཇུག་གནང་ཡོད། ཐོག་མར་འཛུགས་སྐྲུན་ལས་གཞི་དང་འབྲེལ་བའི་དགེ་ལས་༦ དང༌།  དེ་ནས་དགོས་གལ་ལ་བསྟུན་ལས་བྱེད་གསར་འཇུག་ཞུས་ཏེ་ལོ་དེའི་ནང་ལས་བྱེད་གྲངས་༢༢ བྱུང་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༡༥༥༡ དང་ལས་བྱེད་༡༥༦ བཅས་འཚོ་སྐྱོང་བྱ་ཡུལ་གྱི་ཁྱིམ་སྡེ་ཞིག་ཏུ་གྱུར་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

བྷེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་ཐོག་མར་འགོ་འཛུགས་གནང་སྐབས་བུ་ཕྲུག་ཁྱོན་ཆེ་བ་མེད་སྟབས་གཞིས་ཆགས་སློབ་གྲྭའི་ཁོངས་ཉིན་སློབ་ལྟ་བུར་བཏང་བ་དང༌། རིམ་བཞིན་སློབ་ཕྲུག་གྲངས་འབོར་ལྡབ་འཕར་དབང་གིས་སློབ་གྲྭ་ཟུར་འཛུགས་མི་བྱེད་ཐབས་མེད་བྱུང༌། ཐོག་མའི་འཆར་གཞི་ལྟར་ཨར་ལས་ཞུས་ཏེ་སྔོན་འགྲོའི་སྡེ་ཚན་དང༌། སློབ་འབྲིང༌། སློབ་གྲྭ་ཆེ་བ་བཅས་ཀྱི་འཛིན་ཁང༌། དཔེ་མཛོད། ཡིག་ཚང༌། དགེ་རྒན་ཡིག་བཅོས་ཁང༌། ཚོགས་ཁང༌། རྩེད་ཐང༌། སློབ་ཁྲིད་ཡོ་ཆས་ཁང༌། མཆོད་ཁང་སོགས་གོང་གསལ་བུ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་དགོས་མཁོ་ཆ་ཚང་བ་འཛུགས་སྐྲུན་འཐུས་ཚང་བྱས་ཏེ་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་ཚོང་འབྲེལ་སྡེ་ཚན་བཅས་པར་འཛིན་ཁང་སྡེ་ཁག་༤༡ ཡོད་པའི་སློབ་གྲྭ་ཞིག་ཆགས་ཡོད་པ་མ་ཟད། ཤེས་ཡོན་སློབ་སྦྱོང་གི་གྲུབ་འབྲས་ཀྱང་ལེགས་ཐོན་ཡོང་བཞིན་པ་ཡིན། ཁྱིམ་ཚང་ཁག་༣༠ དང༌། བུ་དང་བུ་མོ་ཆེ་བའི་སྡོད་ཁང་༢ དེ་བཞིན་སྨན་ཁང༌། ལས་ཤག་གསོལ་གཉེར་ཁང་སོགས་སློབ་ཕྲུག་འཚོ་སྐྱོང་དང་འབྲེལ་བའི་ཟས་གོས་གནས་མལ་གཙོ་གྱུར་གྱི་དགོས་མཁོ་འགྲིགས་ངེས་ལོ་རེའི་འཆར་རྩིས་གཞི་བཅོལ་གནང་དང་གནང་མུས་ཡིན། བུ་ཕྲུག་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་བཟང་པོ་རྒྱུད་འཇགས་ཡོང་ཕྱིར་མཆོད་ཁང་དང༌།  ཞི་བདེའི་ཁོར་ཡུག་སོགས་ཁྱིམ་སྡེ་སྤྱི་ཡོངས་ལ་ཡོད་པ་བཞིན་འདིར་ལེགས་པར་བསྐྲུན་ཡོད་པ་མ་ཟད།  དམིགས་ཡུལ་གཞི་བཅོལ་བཟང་སྤྱོད་ཀྱི་ལམ་སྟོན་བྱ་རྒྱུ་དེ་གལ་ཆེའི་ཞུ་བྱ་ཞིག་ལ་བརྩིས་ཏེ་ལམ་སྟོན་ཐབས་བྱུས་རྒྱུན་དུ་ཞུ་མུས་ཡིན། ཁྱིམ་སྡེའི་ནང་དུས་བསྟུན་དགོས་མཁོ་དང་བསྟུན་ནས་འཛིན་ཁང་སོགས་གསར་རྒྱག་དང༌།  དེ་བཞིན་ཉམས་གསོ་ཇི་དགོས་ལོ་རེ་ལོ་རེར་འཆར་འགོད་དང་འབྲེལ་ཞུ་ལམ་ཡོད།

༣།    སློབ་འཇུག་དང་ཡིག་རྒྱུགས་གྲུབ་འབྲས།

སློབ་གྲྭ་འདི་ནི་རྒྱ་གར་ལྷོ་ཕྱོགས་བོད་མིའི་སློབ་གྲྭའི་ནང་གཞི་རྒྱ་ཆེ་ཤོས་ཡིན་ཞིང༌། འདས་པའི་ལོ་༢༡ རིང་སློབ་མའི་གྲངས་འབོར་གནས་སྟངས་གཤམ་གསལ། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་ཐོ་ལྟར་ན། ལོ་དེར་སློབ་ཕྲུག་བུ་༧༥༦ དང་བུ་མོ་༧༣༥ བཅས་ཁྱོན་བསྡོམས་༡༥༢༠ ཡོད་པའི་ནང་སློབ་ཕྲུག་༢༩ ཉིན་སློབ་ཡིན་པ་དང༌། སློབ་ཕྲུག་༡༤༩༡ གཏན་སློབ་ཡིན་ཞིང༌། དགེ་རྒན་༧༨ དང་ལས་བྱེད་༨ བཅས་ཁྱོན་བསྡོམས་དགེ་ལས་༨༦ ཡོད། སློབ་གྲྭ་འདིའི་འདས་པའི་ལོ་ངོ་༡༢ རིང་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གནས་སྟངས་གཤམ་གསལ།

བྱ་ར། ༡༠ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༤༠ ༤༢་༥༠ ༨༨ ༩༣་༡༨
ཕྱི་ལོ་༡༩༩༩ ༨༢ ༥༨་༥༣ ༩༤ ༩༢་༥༥
ཕྱི་ལོ་༢༠༠༠ ༦༩ ༧༦་༨༡ ༩༣ ༨༨་༡༧
ཕྱི་ལོ་༢༠༠༡ ༣༩ ༦༤་༡༠ ༡༡༢ ༩༣་༧༥
ཕྱི་ལོ་༢༠༠༢ ༥༦ ༦༤་༢༨ ༡༢༠ ༩༨་༣༣
ཕྱི་ལོ་༢༠༠༣ ༩༥ ༧༠་༣༧ ༡༨༨ ༩༧་༢༣
ཕྱི་ལོ་༢༠༠༤ ༡༠༢ ༦༣་༥༣ ༡༤༥ ༩༤་༡༢
ཕྱི་ལོ་༢༠༠༥ ༨༩ ༦༩་༦༢ ༡༥༢ ༩༧་༩༩
ཕྱི་ལོ་༢༠༠༦ ༨༢ ༧༥་༣༢ ༡༩༩ ༩༠་༢༡
ཕྱི་ལོ་༢༠༠༧ ༤༧ ༩༣་༡༨ ༡༨༢ ༡༠༠
ཕྱི་ལོ་༢༠༠༨ ༨༣ ༩༤་༨༧ ༡༥༦ ༩༩་༣༡
ཕྱི་ལོ་༢༠༠༩ ༧༠ ༨༧་༡༤ ༡༨༥ ༩༦་༢༢

 ཕྱི་ལོ་༢༠༠༥ ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཚོང་རྩིས་སྡེ་ཚན་ཁྲོད་བྷེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བློ་ལྡན་ལ་བོད་མིའི་སློབ་གྲྭའི་རྒྱུགས་ཞུགས་སློབ་མའི་ཁྲོད་ཨང་དང་པོ་ཐོབ་པ་དང༌། ཕྱི་ལོ་༢༠༠༦ ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཚོང་རྩིས་སྡེ་ཚན་ཁྲོད་བྷེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་རིང་གཡུ་སྒྲོན་ལ་བོད་མིའི་སློབ་གྲྭའི་རྒྱུགས་ཞུགས་སློབ་མའི་ཁྲོད་ཨང་དང་པོ་དང༌། སྒྱུ་རྩལ་སྡེ་ཚན་ཁོངས་ཚེ་རིང་ཆོས་སྒྲོན་ལ་ཨང་དང་པོ་ཐོབ། ཕྱི་ལོ་༢༠༠༨ ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཚོང་རྩིས་སྡེ་ཚན་གྱི་ཨང་དང་པོ་བྷེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཐུབ་བསྟན་རིག་འཛིན་ལ་ཐོབ་པ་དང༌། བསྟན་འཛིན་ཚེ་རིང་དང༌། བསྟན་འཛིན་སྒྲོལ་དཀར། ཚེ་རིང་སྒྲོལ་མ་གསུམ་གྱིས་ཨང་གཉིས་པ་སོན་ཡོད།

༤།    ཤེས་ཡོན་གནས་སྟངས།

སློབ་གྲྭ་འདིའི་རྒྱུན་ལྡན་ཤེས་ཡོན་ལས་རིམ་བོད་ཁྱིམ་སློབ་གྲྭ་བྱིངས་དང་སྤྱི་མཚུངས་ཡིན་ཞིང༌། ལོ་རེར་བོད་ཁྱིམ་སྤྱི་ཁྱབ་ཀྱི་གཏན་འབེབས་གནང་བའི་ལས་རིམ་ཁག་དང༌། ས་གནས་བོད་སློབ་ཁག་དབར་རིག་གཞུང་དང་རྩེད་རིགས་འདུ་ཚོགས། ཕྱི་བསྐྱོད་ལྟ་བསྐོར། སྤྱི་ཚོགས་ཞབས་ཞུ། རིག་གཞུང་བགྲོ་གླེང་དང་འཁྲབ་སྟོན། འགྲེམས་སྟོན། གཏམ་བཤད་སོགས་ཤེས་ཡོན་དང་སྤྱི་ཚོགས་མཉམ་ཞུགས་ཀྱི་ལས་རིམ་ཇི་སྙེད་ཅིག་སྤེལ་མུས་ཐོག གངས་ལྗོངས་ང་ཚོའི་ཕ་ཡུལ། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་སོགས་དོན་སྙིང་ལྡན་པའི་ལས་འགུལ་སྤེལ་བའི་ལམ་ནས་ཤེས་ཡོན་སློབ་སྦྱོང་དང་སྤྱི་ཚོགས་ལག་ལེན་ཟུང་འབྲེལ། སྲོལ་རྒྱུན་ཤེས་ཡོན་དང་དེང་རབས་རིག་གནས་ཟུང་འབྲེལ། ཤེས་ཡོན་ལས་རྩལ་དང་ཡ་རབས་བཟང་སྤྱོད་ཟུང་འབྲེལ་བཅས་ཀྱི་རྩ་དོན་རྒྱུན་འཛིན་ཞུས་ཏེ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་ལྟར་དགའ་ལྡན་ཕོ་བྲང་ཕུལ་བྱུང་སློབ་མའི་བྱ་དགའ་གནང་མུས་ཁོངས་མ་སུ་བྷེལ་ཀོབ་བོད་ཁྱིམ་སློབ་མ་བསོད་ནམས་སྟོབས་རྒྱལ་ལ་ཚོང་རིག་ཐོག་བརྒྱ་ཆ་༨༩་༤ ལོན་པས། ཕྱི་ལོ་༢༠༠༧ ཟླ་༩ ཚེས་༢ ཉིན་དཔལ་ལྡན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའ་སྒོར་༥༠༠༠ བཅས་གསོལ་རས་གནང༌། ཕྱི་ལོ་༢༠༠༩ ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ནང་ཚོང་རྩིས་སྡེ་ཚན་ཁྲོད་བྷེལ་ཀོབ་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་ཆོས་སྐྱིད་ལ་ཨང་དང་པོ་ཐོབ་པ་བཅས། འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་སྐབས་སློབ་གྲྭ་འདི་ཉིད་ཀྱི་ཚོང་རྩིས་སྡེ་ཚན་ནས་ལོ་བསྟུད་མར་གྲུབ་འབྲས་རྩེ་ཕུད་བླངས་ཡོད། ཕྱི་ལོ་༢༠༠༨ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་སློབ་གྲྭ་འདིའི་སློབ་མ་བསྟན་འཛིན་རྡོ་རྗེ་ལ་འཛིན་རིམ་བཅུ་གཅིག་བཅུ་གཉིས་པའི་སྡེ་ཚན་དང༌། སློབ་མ་ཚེ་རིང་དོན་གྲུབ་ལ་འཛིན་རིམ་དགུ་པ་བཅུ་པའི་སྡེ་ཚན། སློབ་མ་བློ་བཟང་དངོས་གྲུབ་ལ་འཛིན་རིམ་ལྔ་པ་དྲུག་པའི་སྡེ་ཚན་བཅས་ནང་ཨང་དང་པོའི་བྱ་དགའ་ལེགས་གསོལ་ཐོབ་པ་དང༌། གཞན་ཡང་སློབ་ཕྲུག་དུ་མ་ཞིག་ལ་ལེགས་གསོལ་བྱ་དགའ་ཐོབ། བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་གཏན་ཉིན་སློབ་ཁག་གི་རྒྱལ་ཡོངས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་ཁྲོད། སློབ་གྲྭ་འདིའི་སློབ་ཕྲུག་ཚོས་འདས་པའི་ཆར་གཟེངས་བསྟོད་བྱ་དགའ་མང་དུ་བླངས་ཡོད། ཉེ་ལམ་ཕྱི་ལོ་༢༠༠༧ ལོར་འཛིན་རིམ་བཅུ་གཉིས་པའི་སློབ་མ་ཚེ་རིང་དཔལ་ལྡན་དང༌། འཛིན་རིམ་བཅུ་གཉིས་པའི་སློབ་མ་རིག་འཛིན་རྒྱ་མཚོ། འཛིན་རིམ་དགུ་པའི་སློབ་མ་དོན་གྲུབ་སྒྲོལ་མ་བཅས་ལ་གཟེངས་བསྟོད་བྱ་དགའ་དང་ལག་ཁྱེར་ཐོབ་ཡོད།