དྷ་སྟེང་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

ཕྱི་ལོ་༡༩༦༠ ཟླ་༥ ཚེས་༡༧ ཉིན་ཇཱ་མུ་ཁུལ་ལམ་བཟོ་བའི་བུ་ཕྲུག་༥༡ འབྱོར་བ་བཞིན་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་གི་མིང་ཐོག་གཞི་རྩ་གང་ཡང་མེད་པའི་ཐོག་འཕྲལ་གྲོན་སྐུ་སྒེར་ནས་གསོལ་སྩལ་གནང་སྟེ་ཀོ་ནེམ་དུ་དབུ་འཛུགས་གནང༌། དེ་ནས་བོད་མི་གནས་ཡུལ་ཁག་ནས་བུ་ཕྲུག་རིམ་བཞེས་ཀྱིས་ལོ་དེ་རང་དུ་ཁྱོན་སློབ་ཕྲུག་བུ་གྲངས་༢༦༤ དང༌།  བུ་མོ་གྲངས་༢༣༣ བཅས་ཁྱོན་བསྡོམས་༤༩༧ འབྱོར་ཡོད། ཐོག་མར་དབུ་འཛུགས་སྐབས་དབུ་འཛིན་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དམ་པ་དེ་ཉིད་ཀྱི་དབུས་ལས་བྱེད་༨ དང༌།  དེ་རྗེས་བུ་ཕྲུག་གི་གྲངས་འབོར་ལ་གཞི་བཅོལ་ཏེ་ལས་བྱེད་དང༌།  དྭང་བླངས་ཞབས་ཞུ་བ་ཆེད་འབོད་ཞུ་རྒྱུ་སོགས་གང་འགབས་ལག་བསྟར་གནང༌།  ཕྱི་ལོ་༡༩༦༠ ཟླ་༡༠ ནས་ལས་བྱེད་ཚོར་གསོལ་ཕོགས་ལག་སྣེ་ཧིན་སྒོར་༥ ནས་༢༥ བར་གནང་ཐུབ་པ་བྱུང་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༢༠༢༨ སྐོར་དང༌། དགེ་རྒན་དང་ལས་བྱེད་གྲངས་༢༧༤ བཅས་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཐོག་མར་བུ་བཅོལ་ཁང་གི་ངོ་བོར་ཁང་པ་རྒྱ་གར་གཞུང་ནས་གླ་གནང་ཁང་གཡར་གྱིས་འཛིན་གྲྭ་ཕྱི་ལ་ཚོགས་ནས་དབུ་འཛུགས་ཞུས་པ་ཞིག་ཡིན། སྐབས་དེར་སྔོན་འགྲོའི་སློབ་སྦྱོང་སྤྲོད་ཐབས་སུ་དམིགས་པའི་འཛིན་ཁང་དང༌། ལས་ཤག་དགོས་གལ་ལ་བརྟེན་གཡར་བའི་ས་ཁང་སྟེང་དེ་ལྟའི་འཛུགས་སྐྲུན་རྒྱ་སྐྱེད་ཞུ་ཐབས་མེད་སྟབས། ད་ལྟའི་དྷ་སྟེང་བོད་ཁྱིམ་ཆགས་ཡུལ་འདིར་ས་ཁང་རྒྱ་ཁྱོན་ཨེ་ཀར་༤༥ ཙམ་ཡོད་པ་སྤུས་གཟིགས་ཞུས་ཏེ་ཨར་ལས་འགོ་འཛུགས་ཞུས་ཤིང༌། ལས་བྱེད་རྣམས་ནས་ཁང་པ་རྒྱག་ཡུལ་ས་གཤོངས་རྒྱག་རྒྱུ་དང་ས་རྡོ་འོར་འདྲེན། རྩེད་ཐང་དང་ལམ་བཟོ་བཟའ་བཅའ་དང་འབུད་ཤིང་འོར་རྒྱུ་སོགས་རྒྱུན་ཞུའི་ལས་ཞོར་དུ་ལས་ཀ་ཐུབ་རིགས་ལ་མཉམ་རུབ་ལྷག་བློ་གཡོ་མེད་ཞུས་ཏེ་གྲུབ་འབྲས་ཀྱང་དེ་མཚུངས་ཐོན་ཡོད། རིམ་བཞིན་གཞི་རིམ་སློབ་སྦྱོང་སྤྲོད་གལ་དུ་གྱུར་སྟབས་དེ་མཚུངས་ཀྱི་ལས་འཆར་བཀོད་གནང་གིས་ད་ཆ་ཁྱིམ་སྡེ་འདིའི་ནང་བུ་ཕྲུག་ཚོར་གཟིགས་སྐྱོང་བདེ་ཆེད་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སྡེ་ཚན་བར་སློབ་སྡེ་བཞིར་དབྱེ་ནས་དགེ་ཆེ་བཞི་དང༌།  སློབ་སྤྱི་གཅིག་བཅས་ནས་དབུ་འཁྲིད་དེ་ཤེས་ཡོན་གྱི་ལམ་སྟོན་ཞུ་བཞིན་ཡོད། ཁྱིམ་སྡེའི་ནང་དཔེ་མཛོད་ཁག་གཉིས་དང་འཁྲིད་ཆས་ཁང༌། རིག་གཞུང་ལྟེ་གནས་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང་༢ ཚན་མཛོད་ཁག་༣ སློབ་ཁག་བཞིའི་ནང་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་འཛིན་སྡེ་ཁང་ཁག་༦༠ བཅས་ཡོད་པའི་ནང་དཔེ་དེབ་དང༌།  བརྙན་འཕྲིན།  དུས་དེབ་གསར་ཤོག་སོགས་དགོས་གལ་ཇི་ཡོད་གྲ་སྒྲིག་ཞུ་བཞིན་ཡོད། སྔོན་འགྲོ་ནས་འཛིན་རིམ་བཅིུས་བར་གྱི་སློབ་འཁྲིད་ཀྱི་ཐབས་ལམ་སློབ་མ་དབུ་བཞག་གི་སྒོ་ནས་ཞུ་དགོས་པ་དེ་མཚུངས་ཀྱི་འཁྲིད་ཆས་དང་འཁྲིད་ཐབས་ཟབ་སྦྱོང་སྤྲོད་རྒྱུ་སོགས་ལ་ནུས་འདོན་ཞུ་བཞིན་ཡོད།  དེ་སྔོན་འཛིན་ཆས་དང༌།  འཛིན་ཁང་སོགས་གང་ཆ་ནས་ངལ་བ་འཕྲད་ཡོད་ཀྱང་ད་ཆ་རྒྱས་སྤྲོས་མེད་ཐོག་བོད་ཁྱིམ་སློབ་གྲྭ་ཁག་ཚང་མ་སྤྱི་མཚུངས་མཁོ་སྤྲོད་ཞུ་བཞིན་ཡོད། དེང་སྐབས་དྷ་སྟེང་བོད་ཁྱིམ་འདིའི་ནང་ཁྱིམ་ཚང་གྲངས་༤༡ དང༌། སློབ་ཕྲུག་བུ་ཆེ་བ་དང་བུ་མོ་ཆེ་བའི་སྡོད་ཁང་༣ བྱིས་གསོ་ཁང་༡ བཅས་ཡོད། བུ་ཕྲུག་ཚོའི་ནང་ཕ་མ་འདས་གྲོངས་སོང་བའི་བུ་ཕྲུག་ལོ་ན་ཆུང་གྲས་མང་པོ་བཞེས་ཉར་དགོས་སྟབས་དམིགས་བསལ་འཚོ་སྐྱོང་ཐོག་རྒྱུན་དུ་དོ་སྣང་དང༌། ལྷག་པར་མ་མ་སྒེར་ལ་མངགས་རྒྱུ་སོགས་ཞུས་ཀྱང་བུ་ཕྲུག་བྱིངས་མཉམ་ཟུར་སྐྱོང་དཀའ་བར་སོང་ཕྱི་ནང་གི་འཚར་ལོངས་དོན་དང་ལྡན་པ་ཞིག་ཡོང་རྒྱུར་སྤྱིར་བུ་ཕྲུག་ལ་གཅེས་སྐྱོང་དགོས་པ་སྨོས་མེད་བྱིས་པའི་དུས་སུ་བྱམས་བརྩེས་མ་ཕོངས་པ་ཞིག་དང༌། མ་ཚབ་ཀྱི་ངོས་ནས་བུ་ཕྲུག་ཚོར་འོ་མ་གཙོ་གྱུར་གྱི་བཟས་བཅུད་ཇི་དགོས་དུས་ཐོག་སྤྲོད་ཐུབ་པ་སོགས་དོན་སྙིང་སྐྱེད་མ་དང་མཚུངས་པའི་བརྩེ་བ་ཞིག་ཐོབ་ཕྱིར་བྱིས་གསོ་ཁང་བཙུགས་པ་དེས་དགོས་ཕན་ཆེན་པོ་བྱུང་ཡོད། དེང་སྐབས་ཀྱང་བྱིས་གསོ་ཁང་འདིའི་ནང་བུ་ཕྲུག་༢༥ སྐོར་ཞིག་ལ་ལོ་ལྟར་གཟིགས་སྐྱོང་ཞུས་ཏེ་བུ་ཕྲུག་ཚོའི་འཚར་ལོངས་ལ་དོན་ཕན་ཆེན་པོ་ཡོད། འཕྲོད་བསྟེན་གྱི་བྱེད་སྒོ་དང་མཐུན་རྐྱེན་ཐད། དྷ་སྟེང་བོད་ཁྱིམ་ནང་སྨན་བཅོས་ཁང་ཞིག་དང༌། སྨན་ཁང་རང་དུ་བརྟག་དཔྱད་སྤྱི་དང་གློག་པར་རྒྱག་ས། མིག་དང་སོའི་སྨན་བཅོས་ཁང་སོགས་ལྡན་ལ་སྨན་ཁང་ནང་ནད་པ་༣༠ ཐམ་པའི་ཉལ་ཁྲི་དང༌། དེ་བཞིན་ཊི་བྷི་ནད་པ་ཚོའི་ཆེད་ཉལ་ཁང་ཟུར་དུ་ཡོད་པ་སོགས་འཕྲོད་བསྟེན་གྱི་ཞུ་སྒོ་རྣམས་གལ་ཆེར་རྩིས་ཏེ་ལས་འགུལ་སྤེལ་མུས།  སྔོན་འགོག་ཞུ་སྒོ་སྤྱི་དང༌། ལོ་འཁོར་གཅིག་གི་ནང་གཟུགས་སྤྱིར་བརྟག་དཔྱད་ཞུ་རྒྱུ་སོགས་བོད་ཁྱིམ་སྤྱི་ཡོངས་ཀྱི་བྱེད་སྒོ་གལ་ཆེ་བ་ཞིག་ཡིན་པ་གཞི་བཅོལ་དམ་དོན་ཞུ་མུས་མ་ཟད།  སྨན་པ་ཚོས་ཉེ་ཁུལ་ས་གནས་སུ་ཡོད་པའི་བོད་ཁྱིམ་ཡན་ལག་ཁག་ལའང་དཔྱད་ཞིབ་ལ་ཕེབས་མུས་དང༌། ཟུར་དུ་བོད་ཁྱིམ་གྱིས་གཟིགས་སྐྱོང་གནང་དགོས་པའི་རྒན་གསོ་ཁང་དང་རོགས་རམ་ཞུ་བཞིན་པའི་བགྲེས་སོང་བཅས་ཁྱོན་མི་གྲངས་༩༠ ཐམ་པ་ཡོད།

༣།    སློབ་ཕྲུག་གྲངས་འབོར་དང་ཡིག་རྒྱུགས་གནས་སྟངས།

དྷ་སྟེང་བོད་ཁྱིམ་ནི་བོད་ཕྲུག་ཁྱིམ་སྡེ་ཚོགས་པའི་ཡིག་ཚང་ཨ་མའི་བཞུགས་གནས་ཡིན་ལ། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་དབུས་ལས་ཁུངས་ཁག་གི་བསྟི་གནས་ཡིན་པས། བཙན་བྱོལ་བོད་མིའི་རྒྱལ་ས་ལྟ་བུར་གྱུར་ཡོད་པས། སློབ་གྲྭ་འདི་ཉིད་གཞི་རྒྱ་ཆེ་ཞིང་སློབ་ཕྲུག་དང་དགེ་ལས་གྲངས་འབོར་ཧ་ཅང་མང༌། འདིར་འདས་པའི་ལོ་ངོ་༢༡ རིང་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་སློབ་ཕྲུག་བུ་༡༠༡༧ དང་བུ་མོ་༩༠༢ བཅས་ཁྱོན་བསྡོམས་༡༩༡༩ ཡོད་པའི་ནང་སློབ་ཕྲུག་༡༤༡ ཉིན་སློབ་ཡིན་པ་དང༌། སློབ་ཕྲུག་༡༧༧༨ གཏན་སྡོད་སློབ་མ་ཡིན་ཞིང༌། བོད་རིགས་མ་ཡིན་པའི་སློབ་མ་༨༣ ཡོད། དགེ་རྒན་༡༡༣ དང་ལས་བྱེད་༡༥ བཅས་ཁྱོན་བསྡོམས་དགེ་ལས་༡༢༨ ཡོད། དྷ་སྟེང་བོད་ཁྱིམ་སློབ་གྲྭ་འདིའི་འདས་པའི་ལོ་ངོ་༡༢ རིང་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གནས་སྟངས་གཤམ་གསལ།

བྱ་ར། ༡༠ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༡༡༠ ༨༨་༡༨ ༡༠༩ ༨༤་༤༠
ཕྱི་ལོ་༡༩༩༩ ༡༢༠ ༧༥་༠༠ ༡༦༦ ༨༨་༥༥
ཕྱི་ལོ་༢༠༠༠ ༡༨༡ ༦༡་༨༧ ༡༧༤ ༨༤་༤༨
ཕྱི་ལོ་༢༠༠༡ ༢༢༢ ༦༡་༧༡ ༡༧༦ ༨༣་༥༢
ཕྱི་ལོ་༢༠༠༢ ༡༨༣ ༥༣་༥༥ ༡༨༨ ༩༦་༨༠
ཕྱི་ལོ་༢༠༠༣ ༡༢༢ ༦༧་༢༡ ༡༨༤ ༤༣་༤༠
ཕྱི་ལོ་༢༠༠༤ ༥༨ ༤༣་༤༠ ༢༢༧ ༨༢་༦༣
ཕྱི་ལོ་༢༠༠༥ ༡༦༤ ༦༢་༤༢ ༨༥ ༧༨་༧༥
ཕྱི་ལོ་༢༠༠༦ ༡༢༤ ༧༠་༩༤ ༨༢ ༥༨་༩༧
ཕྱི་ལོ་༢༠༠༧ ༡༢༣ ༨༦་༡༨ ༧༨ ༩༡་༠༣
ཕྱི་ལོ་༢༠༠༨ ༡༦༧ ༨༣་༨༣ ༨༧ ༦༨་༩༧
ཕྱི་ལོ་༢༠༠༩ ༡༡༩ ༥༩་༦༦ ༡༠༣ ༩༢་༢༣