དྷ་ས་མེག་གྷན་ཉིན་སློབ།

[toc]

༡།    འགོ་འཛུགས།

མེག་ལོར་ཉིན་མོའི་སློབ་གྲྭ་ནི། རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་དྷ་རམ་ས་ལའི་སྟེང་ཕྱོགས་མེག་ལོར་ཟེར་བའི་གྲོང་བརྡལ་ནང་ཆགས་ཡོད།
ཕྱི་ལོ་༡༩༦༠ ལོར་ྋགོང་ས་མཆོག་དྷ་སར་ཕེབས་བཞུགས་གནང་བ་ནས་བཟུང༌། བཞུགས་སྒར་མེག་ལོར་ཁུལ་དུ་བོད་མི་འདུས་སྡོད་རིམ་གྱིས་ཇེ་མང་དུ་སོང་བས། ས་གནས་བོད་མི་རྣམས་ལ་ཉིན་སློབ་ཅིག་དགོས་གལ་ལ་བརྟེན། ཕྱི་ལོ་༡༩༦༦ ལོར་སློབ་གྲྭ་གསར་འཛུགས་དང་ས་ཆ་སྤུས་གཟིགས་སོགས་ཀྱི་ཐད་དྷ་སར་གནས་བཞུགས་ལྕོག་སྟེང་སྐལ་བཟང་ལགས་ནས་དྭང་བླངས་ཐོག་ཐབས་འཚོལ་གྱིས་བཞུགས་སྒར་བོད་ཁྱིམ་སྤྱི་ཁྱབ་ཡིང་ཚང་ལ་རོགས་རམ་དགོས་ལུགས་ཞུས་པ་བཞིན་གང་འགབས་གནང་ཞིང༌། མཐར་བོད་ཁྱིམ་ནས་འཛིན་སྐྱོང་གནང་ལམ་ཡོང་བའི་རེ་སྐུལ་ཞུས་དོན་ལྟར་དགོངས་བཞེས་ཀྱིས་ཕྱི་ལོ་༡༩༧༢ ལོ་ནས་རྩིས་བཞེས་གནང༌། སློབ་གྲྭ་འདི་ཐོག་མར་གསར་འཛུགས་སྐབས་སྔོན་འགྲོའི་འཛིན་སྡེ་ཁག་གསུམ་ཡོད་པའི་ནང་ཁྱོན་བསྡོམས་སློབ་ཕྲུག་༤༦ དང་དགེ་ལས་༣ ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཕྱི་ལོ་༡༩༨༩ ནས་བཟུང་སྔོན་འགྲོ་ནས་འགོ་འཛུགས་ཞུས་པ་ནས་བཟུང་ལོ་རེ་བཞིན་འཛིན་གྲྭ་རིམ་སྤར་གྱིས་སློབ་ཕྲུག་གྲངས་འབོར་རིམ་འཕར་ལ་བརྟེན། ཨར་ལས་འགོ་འཛུགས་ཞུས་ཏེ་ད་ཆ་འཛིན་གྲྭ་དང་པོ་ནས་ལྔ་པ་བར་སློབ་ཕྲུག་༡༦༡ དང༌། དགེ་རྒན་ལས་བྱེད་གྲངས་༡༣ བཅས་ཡོད་པས། དྷ་སྟེང་མེག་ལོར་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱིས་སློབ་ཕྲུག་ཉིན་སློབ་ནང་འཇུག་རྒྱུའི་གོ་སྐབས་ཐོབ་ནས་ངལ་སེལ་ཆེན་པོ་བྱུང་ཡོད།
དཔེ་མཛོད་ཁང་༡ ཡིག་ཚང་༡ འཛིན་ཁང་༦ བཅས་ཡོད། ཉིན་སློབ་འདི་ནས་འཛིན་གྲྭ་༥ པ་སློབ་མཐར་ཕྱིན་པའི་སློབ་མ་རྣམས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཉིན་སློབ་ཁོངས་གནས་སྤོ་བྱེད་བཞིན་ཡོད། ཉིན་སློབ་ཕ་མ་དང༌།  ཕ་མའི་ཚོགས་ཆུང་ནས་ཀྱང་བུ་ཕྲུག་ཚོའི་བདེ་དོན་དང་འབྲེལ་བའི་ཞུ་སྒོར་ཕྱར་གྲུ་མཉམ་འདེགས་ཀྱིས་སློབ་གྲྭར་རོགས་འདེགས་གང་ལེགས་གནང་མུས་ཡིན།

༣།    སློབ་འཇུག་གནས་སྟངས།

སློབ་གྲྭ་འདིའི་སློབ་ཚན་དང་ལོ་འཁོར་ཤེས་ཡོན་ལས་རིམ་སྐོར་བོད་ཁྱིམ་སྤྱི་ཁྱབ་ཀྱི་ལམ་སྟོན་འོག་སློབ་ཁག་གཞན་དང་སྤྱི་མཚུངས་ལྟར་སྤེལ་མུས་ཡིན།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་མེག་ལོར་བོད་ཁྱིམ་ཉིན་སློབ་འདིར་སློབ་ཕྲུག་བུ་༨༠ དང་བུ་མོ་༩༦ བཅས་ཁྱོན་བསྡོམས་༡༧༦ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་༢༡ ཡོད། དགེ་རྒན་༡༡ དང་ལས་བྱེད་༡ བཅས་ཁྱོན་བསྡོམས་དགེ་ལས་༡༢ ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་གནས་སྟངས་བལྟ་བདེར་བཀོད་པ་གཤམ་གསལ།