ཅོང་ཏ་ར་བོད་ཁྱིམ་སློབ་གྲྭ།

[toc]

༡།    འགོ་འཛུགས།

ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་ནི། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སྦིར་དང་ཐག་ཉེར་ཡོད་ཅིང༌། བཞུགས་སྒར་དྷ་ས་ནས་ཀི་ལོ་མི་ཊར་༨༠ ཙམ་གྱི་བར་ཐག་ཡོད། སློབ་གྲྭ་འདི་ཐོག་མར་འཛུགས་དགོས་པའི་རྒྱུ་རྐྱེན་ནི། པ་ཏི་ཀུལ་བོད་ཁྱིམ་སློབ་གྲྭར་ཆུ་ལོག་གི་འཇིགས་ཉེན་ཐེངས་ཁ་ཤས་བྱུང་སྟབས། ཕྱི་ལོ་༢༠༠༠ ཙམ་ནས་བཟུང༌། བོད་ཁྱིམ་སྤྱི་ཁྱབ་ནས་སློབ་ཕྲུག་ལོ་ན་ཆུང་བ་འབའ་ཞིག་ཡིན་པའི་ཆ་ནས་ས་གནས་གཞན་དུ་གནས་སྤོ་ཞུ་བའི་ལས་འཆར་བསྒྲིགས་ཏེ། ཕྱི་ལོ་༢༠༠༤ ཕྱི་ཟླ་༦ ཚེས་༡ ཉིན་སློབ་གྲྭའི་དབྱར་དུས་གུང་གསེང་དང་བསྟུན་པ་ཏི་ཀུལ་ཁུལ་གྱི་དགེ་སློབ་རྣམས་ཅོན་ཏ་ར་ཁུལ་དུ་གནས་སྤོས་བྱས་པའི་ཐོག སྔར་ཡོད་འཛིན་རིམ་བརྒྱད་པ་ནས་གནས་སྤར་གྱིས་འཛིན་རིམ་བཅུ་པ་བཟོས།

ཕྱི་ལོ་༢༠༠༤ ཟླ་༡༡ ཚེས་༢༡ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭ་དབུ་འབྱེད་གནང༌། སྐབས་དེར་སློབ་ཕྲུག་གྲངས་༧༥༡ དང་ལས་བྱེད་གྲངས་༥༤ བཅ་ཡོད།

དེང་སྐབས་ཅོན་ཏ་ར་བོད་ཁྱིམ་འདིར་སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་ཡོད་ཅིང༌། ཕྱི་ལོ་༢༠༠༨ ལོར་ཅོན་ཏ་ར་བོད་ཁྱིམ་དུ་སློབ་ཕྲུག་གྲངས་༩༧༨ དང༌། དགེ་རྒན་དང་ལས་མི་ཁྱོན་བསྡོམས་གྲངས་༡༠༠ ཡས་མས་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཅོན་ཏ་ར་བོད་ཁྱིམ་གྱི་ས་ཁྱོན་ཨེར་ཀ་༡༤་༥ ཡོད། ས་ཆ་དེ་ནི་བཀའ་ཟུར་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནས་སྐུལ་མ་གནང་དོན་བཞིན། ཅོན་ཏ་རར་སྡེ་དགེ་གཞིས་ལས་ཁང་ནས་སློབ་གྲྭའི་དམིགས་སྒོར་ས་ཆ་གནང་རྒྱུའི་ཞལ་བཞེས་ཐོབ་པ་བཞིན་ས་ཆ་སྤུས་གཟིགས་ཀྱིས་ཁྱིམ་ཚང་༡༤ དང་དབང་ནུས་དམན་པའི་བུ་ཕྲུག་ཚོའི་ཆེད་ཁྱིམ་ཚང་༡ འཛིན་ཁང་༣༢ དང༌། ཚན་རིག་བརྟག་དཔྱད་ཁང༌།  དཔེ་མཛོད།  ཚོགས་ཁང༌།  ཡིག་ཚང་ཁག  རྩེད་ཐང༌།  སྨན་ཁང༌།  ལས་ཤག་སོགས་འཆར་གསལ་ལྟར་ཨར་ལས་འགོ་བཙུགས། ཕྱི་ལོ་༢༠༠༡ ཕྱི་ཟླ་༨ ཚེས་༡ ནས་ཨར་ལས་འགོ་འཛུགས་ཞུས་ཏེ་ཕྱི་ལོ་༢༠༠༤ ཟླ་༡༡ ཚེས་༢༡ ཉིན་དབུ་འབྱེད་སྐབས་ལེགས་གྲུབ་ཟིན་ཡོད།

སྡེ་ཚན་སོ་སོའི་ནང་འཛིན་ཆས་དགོས་མཁོ་དང༌། དེ་བཞིན་དཔེ་མཛོད་ནང་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་དཔེ་དེབ། སློབ་དེབ། དུས་དེབ་དང་གསར་ཤོག འཁྲིད་ཆས་སོགས་དུས་བསྟུན་དགོས་གལ་ལ་བསྟུན་ནས་མཁོ་སྤྲོད་ཞུ་བཞིན་ཡོད། སློབ་ཕྲུག་རྣམས་ལོ་འཁོར་ནང་ཡིག་ཚད་དུས་ཚིགས་གསུམ་གྱི་བརྒྱ་ཆ་ཕྱོགས་བསྡོམས་བགྱིས་ཏེ། ཡིག་རྒྱུགས་ལེགས་འཁྱོལ་ཐུབ་མིན་གྱི་རིགས་ལ་སློབ་སྤྱི་དང༌། དགེ་ཆེ། སློབ་ཚན་དགེ་རྒན་སོགས་འབྲེལ་ཡོད་རྣམས་ལྷན་འཛོམས་ཐོག་དཔྱད་ཞིབ་བྱས་ཏེ་རྒྱུན་གཏན་ཤེས་ཚད་དང་ལོ་ཚད་སོགས་ལ་གཟིགས་ཏེ་སྤར་ཆ་འོས་རན་མཆིས་མིན་ཐག་གཅོད་གནང་ལམ་ཡོད།

ཅོན་ཏ་ར་བོད་ཁྱིམ་འདིར་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ཚོར་སྡེ་ཚན་ཞིག་ལོགས་སུ་བསྐྲུན་ཡོད་པའི་ནང༌། སྡེ་ཚན་དེའི་ནང་ལོ་ན་༨ ནས་༢༠ བར་གྱི་སློབ་ཕྲུག་༢༩ ཡོད་ཅིང༌། དམིགས་བསལ་དགེ་རྒན་དང་མ་ཚབ་བཅས་དགེ་ལས་༣ གྱིས་གཟིགས་སྐྱོང་གནང་བཞིན་ཡོད། སློབ་ཕྲུག་དེ་དག་ཁོངས་དབང་སྐྱོན་ཚབས་ཆེན་སློབ་ཕྲུག་མེད་ཀྱང༌། རིག་སྟོབས་དང་ཆ་རྐྱེན་གཞན་གྱི་དབང་གིས་དམིགས་བསལ་ལྟ་སྐྱོང་འོག་གནས་ཤིང༌། སློབ་ཕྲུག་དེ་དག་གི་གནས་སྟངས་སློབ་ཕྲུག་བྱིངས་ལྟར་རྒྱུན་ལྡན་དུ་གྱུར་མཚམས། སློབ་ཕྲུག་བྱིངས་ཀྱི་འཛིན་གྲྭའི་ནང་ཟླ་སྒྲིལ་གཏོང་མུས་ཡིན།

༣།    སློབ་འཇུག་དང་ཤེས་ཡོན་ལས་རིམ།

སློབ་གྲྭ་བཙུགས་པ་ནས་བཟུང་ཕྱི་ལོ་༢༠༠༩ བར་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་ཐོ་ལྟར་ན། ལོར་དེར་སློབ་ཕྲུག་བུ་༧༠༦ དང་བུ་མོ་༧༦༥ བཅས་ཁྱོན་བསྡོམས་༡༤༧༡ ཡོད་པའི་ཁྲོད་ཉིན་སློབ་སློབ་མ་༣ མ་གཏོགས་དེ་བྱིངས་ཚང་མ་གཏན་སློབ་ཡིན་ཞིང༌། བོད་རིགས་མ་ཡིན་པའི་སློབ་ཕྲུག་༡ ཡོད། དགེ་རྒན་༧༡ དང་ལས་བྱེད་༦༨ བཅས་ཁྱོན་བསྡོམས་དགེ་ལས་༡༣༩ ཡོད།

སློབ་གྲྭའི་ནང་རྒྱུན་ལྡན་ཤེས་ཡོན་གྱི་ལས་རིམ་རིགས་ཕུད། སློབ་ཕྲུག་ཚོར་སློབ་ཞོར་དུ་ཞལ་ལག་བཟོ་སྟངས་དང༌། ཤིང་བཟོ། འཚེམ་བུ། འཐག་ལས། ཀམ་པུ་ཊར་སོགས་ཀྱི་ལག་རྩལ་སྦྱོང་བརྡར་སྦྱོར་སྤྲོད་བྱེད་ཀྱི་ཡོད་ལ། ལྷག་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སློབ་སྤེལ། དེང་དུས་ཀྱི་རིག་གནས་སྒྱུ་རྩལ་ཡར་རྒྱས་སོགས་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་རྩལ་དང་ལུས་སེམས་འཚར་ལོངས་བདེ་ཐང་ཡོང་སླད། སློབ་གྲྭའི་ལོ་འཁོར་ལས་རིམ་འཆར་གཞིའི་ཁོངས་སུ། སློབ་ཕྲུག་ཚོས་རྩེད་འགྲན་དང༌། རིག་གཞུང་བགྲོ་གླེང༌། འགྲེམས་སྟོན། དྲི་བརྩད། སྙན་ངག་གྱེར་འདོན། རིགས་ལམ་རྩོད་རྒྱུགས། དག་ཆ་འགྲན་བསྡུར། གཞས་སྣ་འཁྲབ་སྟོན། ཨིན་བོད་རྩོམ་ཡིག་དང་ཡིག་གཟུགས་འགྲན་བསྡུར་སོགས་དང༌། ཁྱད་པར་ཟླ་གཅིག་རིང་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་ལས་རིམ་སྤེལ་མུས་ཡིན། ལས་རིམ་དེའི་ཁྲོད་སློབ་ཕྲུག་ཚོར་བོད་ཀྱི་ལོ་རྒྱུས་དང༌། རིག་གཞུང༌། སྣོད་བཅུད་ཁོར་ཡུག་སོགས་བོད་འབྲེལ་བརྗོད་གཞི་མི་འདྲ་བའི་ཐོག་ཉམས་ཞིབ་དང་ལས་གྲྭ་བཀོད་སྒྲིག་ཐོག་ལམ་སྟོན་དགེ་རྒན་བཅས་བཀོད་སྒྲིག་བྱས་ཏེ་འགྲེམས་སྟོན་དང་འཁྲབ་སྟོན་སོགས་ཡོངས་ཁྱབ་འགྲན་བསྡུར་ནང་ཞུགས་པ་དང༌། དེ་བཞིན་བོད་ཞེན་གཟའ་འཁོར་ཞེས་པ་བརྩི་སྲུང་བགྱིས་ཏེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་གོ་རྟོགས་ཡར་རྒྱས་གཏོང་ཐབས་སོགས་བརྒྱུད། སློབ་ཕྲུག་ཚོས་རང་ཡུལ་གྱི་བོད་དང་བོད་མིའི་རིག་གནས་ཐོག་གོ་བ་དང་ཉམས་མྱོང་གཏིང་ཚུགས་པ་བསྐྱེད་པར་ཕན་ནུས་ཆེན་པོ་ཐོབ།

༤།    གལ་ཆེའི་བཀའ་སློབ།

ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་དབུ་འབྱེད་མཛད་སྒོའི་ཐོག་ཕྱི་ལོ་༢༠༠༤ ཟླ་༡༡ ཚེས་༢༡ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་དོན།

དེ་རིང་འདིར་དགེ་ལས་སློབ་ཕྲུག་དང༌། གསར་འབྱོར་མང་པོ་ཞིག་འདུ་འཛོམས་བྱུང་འདུག རང་རེ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ལས་མཆེད་པའི་མི་རིགས་ཤིག་དང༌། ཆོས་དང་རིག་གཞུང་ཐད་འཛམ་གླིང་མི་རིགས་ཀྱི་ཡར་རྩེར་སོན་པའི་མི་རིགས་ཤིག་ཡིན། འཛམ་གླིང་གང་དུ་ཡིན་ཡང་ཡུལ་དང་མི་རིགས་ཡར་རྒྱས་ཡོང་མིན་ནི་གཙོ་བོ་ཤེས་ཡོན་ལ་རག་ལས་པ་ཧ་ཅང་གསལ་པོ་ཡིན། བོད་མི་རིགས་ལ་མཚོན་ན་ད་ཕན་རང་རེའི་ཆོས་དང་རིག་གཞུང་གཏིང་ཚུགས་པའི་རང་རྐྱ་འཕེར་བའི་མི་རིགས་ཤིག་ཡིན། ང་ཚོས་འབྱུང་འགྱུར་བོད་ཀྱི་རང་དབང་སླར་གསོའི་ལས་དོན་ཡང་བདེན་པར་གཞི་བཅོལ་བ་དང༌། འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་རང་དབང་མངོན་འགྱུར་ཡོང་ཐབས་བྱེད་བཞིན་ཡོད། བདེན་པར་གཞི་བཅོལ་བའི་སྙིང་སྟོབས་ཅན་གྱི་ལས་དོན་འདི་འདྲ་ཞིག་ལ་ཁྱད་དུ་འཕགས་པའི་བློ་གྲོས་ཀྱི་རྣམ་དཔྱོད་ལྡན་དགོས་པ་དང༌། དེ་ཡོང་བར་ཤེས་བྱ་ཡོན་ཏན་ནི་རྩ་བའི་རྨང་གཞི་ཡིན། རང་རེ་རང་ཡུལ་ནས་བཙན་བྱོལ་དུ་འབྱོར་རྗེས་ཐོག་མ་ཉིད་ནས་ཤེས་ཡོན་གྱི་ལས་དོན་ཐོག་དམིགས་བཀར་ཤུགས་སྣོན་བརྒྱབ་ཡོད། ཤེས་ཡོན་དེ་ཡང་དེང་དུས་ཤེས་ཡོན་ཆ་ཚང་བའི་གོ་སྐབས་ཡོད་པའི་ཐོག་བོད་ཀྱི་ཕ་མེས་ནས་ཡོང་བའི་གནའ་རབས་ཀྱི་བཟང་པོའི་ཡོན་ཏན་ཟུང་དུ་འབྲེལ་བའི་མི་རིགས་ཤིག་འཚར་ལོངས་ཡོང་བར་གོ་རིམ་བསྒྲིགས་ཏེ་འབད་བརྩོན་བྱས་ཡོད། དེང་སྐབས་འཛམ་གླིང་ཐོག་གི་ཡུལ་གྲུ་ཕྱིའི་དེང་རབས་ཤེས་ཡོན་དང༌། རྒྱུ་ནོར་ལོངས་སྤྱོད། ཚན་རྩལ་འཕྲུལ་རིག་སོགས་ཕངས་པ་མེད་པའི་སྤྱི་ཚོགས་ནང་མི་མང་པོ་ཞིག་ལ་སེམས་མ་སྐྱིད་པའི་དཀའ་ངལ་གསར་པ་མང་པོ་ཞིག་འཕྲད་བཞིན་ཡོད། མི་ཚོས་སོ་སོར་དཀའ་ངལ་འཕྲད་པའི་སྐབས་ཡུལ་གྲུ་གཞན་དང་གཞན་དག་ཏུ་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་སྒྲུབ་བྱེད་བཞིན་པར་བལྟས་ན་ཧ་ཅང་གསལ་པོ་ཡིན།

དེང་དུས་ཀྱི་ཡོན་ཏན་གཅིག་པུ་དང༌། ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུར་བརྟེན་ནས་བདེ་སྐྱིད་ལྡན་པ་དང༌། མི་ཚེ་དོན་དང་ལྡན་པ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེར་བརྟེན་རང་རེས་དེང་རབས་ཤེས་ཡོན་དང་གནའ་རབས་ཀྱི་རིག་གཞུང་ཟུང་དུ་འབྲེལ་ཏེ་བློ་གྲོས་དང་རྣམ་དཔྱོད་གོང་འཕེལ་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་སློབ་གསོའི་ལས་དོན་པ་ཚོ་དང༌། ལྷག་པར་སློབ་ཕྲུག་ཕོ་མོ་ཚོས་སེམས་ལ་བཅང་དགོས་པ་ཡིན།

གོང་དུ་ཆོས་ཤེས་བཀའ་བློན་གྱིས་བཀའ་གནང་བ་བཞིན་སློབ་གསོའི་ལས་དོན་ནང་དགེ་རྒན་ཚོས་སློབ་ཕྲུག་ལ་དཔེ་དེབ་ནང་གང་ཡོད་པའི་ལན་རྣམས་འཁྱོལ་ཙམ་མ་ཡིན་པར། བུ་ཕྲུག་དེ་དག་གི་འབྱུང་འགྱུར་མི་ཚེ་བཟང་པོ་ཞིག་ཡོང་བར་འགན་འཁུར་བའི་ཐོག་ནས་སློབ་ཕྲུག་ཚོའི་བསམ་བློ་གཏོང་སྟངས་དང༌། གཤིས་ཀ སྤྱོད་པ་བཅས་གང་ཐད་ཡར་རྒྱས་ཡོང་བར་འགན་འཁུར་ལེན་རྒྱུ་གལ་ཆེན་པོ་ཡིན། འགན་འཁུར་དེ་དག་ཀྱང་དང་ཐོག་དགེ་ལས་རང་རང་གི་རྒྱུད་ཐོག་ལ་ལྡན་པའི་སྒོ་ནས་རང་དཔེ་གཞན་སྟོན་ཐུབ་པ་དགོས་པ་ལས། དགེ་ལས་རང་ལ་དེ་ལྟའི་ཡོན་ཏན་མ་ལྡན་ན་གཞན་གྱི་བསམ་བློར་བསྒྱུར་བཅོས་ཀྱི་ནུས་པ་འདོན་ཐུབ་པ་ཧ་ཅང་ཁག་པོ་ཡིན་ཞེས་སོགས་བཀའ་སློབ་ཞིབ་རྒྱས་སྩལ།