ཀུ་ལུ་བོད་ཁྱིམ་ཉིན་སློབ།

[toc]

༡།    འགོ་འཛུགས།

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་ཀུ་ལུ་རྫོང་ཁུལ་དུ་བོད་མི་རྣམས་ཐོག་མར་སྐྱབས་བཅོལ་དུ་འབྱོར་མ་ཐག་འཚོ་ཐབས་སླད་ལམ་བཟོ་བ་བྱས་པའི་ཁྱིམ་ཚང་མང་པོ་ཡོད་པ་དེ་དག་གི་བུ་ཕྲུག་མང་པོ་ཉིན་མོ་ལམ་བཟོར་མཉམ་འཁྲིད་དགོས་པ་སོགས་ཀྱི་དཀའ་ངལ་སེལ་ཐབས་དང༌། བུ་ཕྲུག་ཚོར་ལོ་ན་དང་མཚུངས་པའི་ཤེས་ཡོན་འགོ་འཛུགས་དགོས་གལ་སོགས་ཕྱོགས་གང་སར་གཟིགས་ཏེ་ཉིན་སློབ་ཅིག་དགོས་གལ་ཆེ་སྟབས། བརྒྱ་ཤོག་སོ་སོའི་ནང་སྔོན་འགྲོ་སློབ་གྲྭ་འགོ་འཛུགས་ཆེད་སྔོན་དགེ་འོས་རན་ཅན་ཚོར་དམིགས་བསལ་སྔོན་འགྲོའི་འོས་སྦྱོང་སྤྲད་དེ་བརྒྱ་ཤོག་ཁག་གནས་སྤོས་ཡང་ཡང་འགྲོ་དགོས་སྟབས་འཛིན་ཁང་ཡང་གུར་བཟོས་ཏེ་འགོ་བཙུགས། རིམ་བཞིན་ལམ་བཟོ་པ་རྣམས་གཞིས་ཆགས་སུ་རང་གཞུང་ནས་གཏོང་གནང་མཛད་པ་ནས་ཀུ་ལུ་ཁུལ་དུ་ལྷག་པ་ཚོར་སྔོན་འགྲོའི་སློབ་གྲྭ་གཅིག་དགོས་གལ་ཆེ་སྟབས་མུ་མཐུད་གནས་པ་ཕྱི་ལོ་༡༩༧༧ ལོའི་གུང་སེང་སྐབས་ཨར་ལས་འགོ་འཛུགས་ཀྱིས་ཕྱི་ལོ་༡༩༧༨ ཕྱི་ཟླ་༤ ཚེས་༡༥ ཉིན་སློབ་ཁང་དེར་འཛིན་གྲྭ་དབུ་འཛུགས་བྱས་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

དེང་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་བུ་ཕྲུག་གྲངས་༢༥ དགེ་རྒན་དང་ལས་བྱེད་ཁྱོན་བསྡོམས་༣ ཡོད། འཛིན་རིམ་གཉིས་པ་ཐོན་རྗེས་བོད་ཁྱིམ་སློབ་ཁག་ནང་གནས་སྤོས་ཀྱིས་སློབ་གཉེར་བྱེད་བཞིན་ཡོད། ཕ་མ་རྣམས་ལས་དོན་འདྲ་མིན་ཐོག་ཕྱིར་བསྐྱོད་དགོས་སྟབས་སྔ་དྲོ་འཛོམས་པ་ནས་དགོང་དྲོ་སློབ་གྲྭ་མ་གྲོལ་བར་ཉིན་སློབ་རང་དུ་བུ་ཕྲུག་རྣམས་ཉར་ནས་གསོལ་ཇ་དང༌། ཉིན་གུང་གསོལ་ཚིགས་ནར་གཏོང་ཐོག སློབ་དེབ་དང་ཡིག་ཆས་ཟུར་འཁྲིད་སློབ་དགེ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་མུས་ཡིན། དེ་བཞིན་སློབ་གྲྭའི་འཛིན་སྐྱོང་ལ་གཟིགས་རྟོག་ཐོག་དུས་བསྟུན་འཛིན་ཆས་དང༌། འཁྲིད་ཆས། ཤེས་ཡོན་གནས་སྟངས་སོགས་རྟོག་ཞིབ་ཀྱིས་རོགས་འདེགས་ཇི་དགོས་བོད་ཁྱིམ་འཛིན་སྐྱོང་གི་ལམ་སྟོན་འོག་པ་ཀུལ་ལས་རིགས་སྡེ་ཚན་ནས་གཟིགས་སྐྱོང་འཐུས་གཙང་གནང་གིན་ཡོད།

༣།    སློབ་ཕྲུག་གྲངས་འབོར་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ཀུ་ལུ་ཉིན་སློབ་འདིར་སློབ་ཕྲུག་བུ་༡༠ དང་བུ་མོ་༡༧ བཅས་ཁྱོན་བསྡོམས་༢༧ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དགེ་རྒན་༤ དང་ལས་བྱེད་༡ བཅས་ཁྱོན་བསྡོམས་དགེ་ལས་༥ ཡོད། ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་གནས་སྟངས་བལྟ་བདེར་བཀོད་པ་གཤམ་གསལ།