ཨོ་རི་ས་དབུས་སློབ།

[toc]

༡།     འགོ་འཛུགས།

ཨོ་རི་ས་ཕུན་ཚོགས་གླིང་དབུས་བོད་མིའི་སློབ་གྲྭ་ནི། རྒྱ་གར་ལྷོ་ཤར་ཨོ་རི་ས་མངའ་སྡེའི་རྒྱལ་ས་བྷོམ་ནེ་ཤི་ཝར་(Bhubaneswar)དང་ཀི་ལོ་མི་ཊར་༢༥༠ ཙམ་གྱི་གན་ཇ་པ་ཏི་རྫོང་ཁོངས་སུ་ཡོད། ས་ཁུལ་དེའི་མིང་ལ་ཅན་དྲ་གྷི་རི་(Chandragiri)ཞེས་སྔོ་ལྗང་ལྗོན་ཤིང་དང་ནགས་ཚལ་གྱིས་ཁེབས་པའི་རི་ཁུལ་ཞིག་ཡིན་ཞིང༌། རྒྱ་མཚོའི་ངོས་ནས་ཕི་ཊི་༡༩༠༠ ཙམ་ཡིན། ས་ཁུལ་དེར་བོད་མིའི་གཞིས་གྲོང་ལྔ་ཡོད་པ་དང༌། གཞིས་གྲོང་སོ་སོར་སྔོན་འགྲོའི་འཛིན་གྲྭ་རེ་ཚུགས་ཡོད། གཞིས་གྲོང་གསུམ་པ་དང་ལྔ་པར་གཞི་རིམ་འོག་མ་འཛིན་གྲྭ་ལྔ་པ་བར་གྱི་སློབ་གྲྭ་རེ་བཙུགས་ཡོད། དབུས་སློབ་གྲྭ་ནི། གཞིས་གྲོང་གསུམ་པ་ལོ་བར་སིང་(Lobersing)ཞེས་པའི་ཉེ་ཁུལ་གཞུང་ལམ་འགྲམ་དུ་ཆགས་ཡོད།
སློབ་གྲྭ་འདི་ནི་ཕྱི་ལོ་༡༩༦༣ ལོར་གསར་འཛུགས་གནང་ཞིང༌། ཐོག་མའི་དུས་ནས་དབུས་བོད་སློབ་འཛིན་ཚོགས་ཀྱིས་འཛིན་སྐྱོང་གནང་ཡོད། སྐབས་དེར་དགེ་རྒན་༤ དང༌། སློབ་ཕྲུག་ཕོ་མོ་གྲངས་༦༦ ཡོད།
ཕྱི་ལོ་༢༠༠༨ ལོར་ཁྱོན་བསྡོམས་སློབ་ཕྲུག་༢༨༥ དང༌། དགེ་ལས་གྲངས་༣༡ བཅས་ཡོད། སློབ་གྲྭ་དབུས་མར་སློབ་ཕྲུག་༡༢༨ དང༌། དགེ་ལས་༡༢ ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭ་འདི་ཐོག་མར་ཨོ་རི་ས་ཕུན་ཚོགས་གླིང་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཕྲུ་གུ་སློབ་འཇུག་གི་དགོས་མཁོར་གཟིགས་ནས་ཅན་དྲ་གི་རི་གཞིས་གྲོང་དང་པོའི་གནས་ཞེས་པའི་ས་གནས་སུ་བཙུགས་ཤིང༌། སློབ་གྲྭ་ཐོག་མར་འགོ་འཛུགས་སྐབས་ལྕགས་ཤོག་གི་ཁང་པ་འཕྲལ་སེལ་ཞིག་བརྒྱབ་སྟེ་འགོ་བཙུགས། རིམ་གྱིས་སློབ་ཕྲུག་མང་དུ་བྱུང་བས་གཞིས་གྲོང་ལྔ་པོར་གཞི་རིམ་འོག་མའི་ཡན་ལག་སློབ་གྲྭ་རེ་བཙུགས། ཕྱི་ལོ་༡༩༨༡ ཟླ་༡༡ ཚེས་༢༧ ཉིན་དབུས་སློབ་གྲྭ་ད་ལྟའི་གཞིས་གྲོང་གསུམ་པའི་འཁྲིས་སུ་གནས་སྤོས། དབུས་བོད་སློབ་འཛིན་ཚོགས་ནས་མ་དངུལ་ཕོན་ཆེན་བཏང་སྟེ་འཛིན་ཁང་དང་མཉམ་དུ་སློབ་གྲྭའི་འཛིན་སྐྱོང་ཡིག་ཚང་དང༌། ཚོགས་ཁང༌། དཔེ་མཛོད་ཁང༌། ལས་ཤག་སོགས་ཨར་འདམ་གྱི་ཐོག་ཁེབས་ཡོད་པ་གསར་སྐྲུན་གནང༌།
ཕྱི་ལོ་༡༩༩༢ ལོར་དབུས་སློབ་གྲྭར་འཛིན་ཁང་འཕར་མ་༤ གསར་རྒྱག་གནང༌། ཕྱི་ལོ་༡༩༩༣ ལོར་དབུས་སློབ་གྲྭའི་ཁྲོན་པ་ཞིག་གསོ་དང༌། འཛིན་ཁང་༤ དང༌། ལོ་པར་སིང་ཡན་ལག་སློབ་གྲྭར་འཛིན་ཁང་༣ བཅས་གསར་རྒྱག་གནང༌། ཕྱི་ལོ་༢༠༠༨ ལོར་སློབ་གྲྭའི་ནང་བཅད་ར་སྐོར་གསར་རྒྱག་དང་ཆབས་ཅིག འཛིན་ཁང་འཕར་མ་༣ དང༌། དཔེ་མཛོད་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ལྟེ་གནས་ཁང་བཅས་གསར་རྒྱག་འགོ་འཛུགས་གནང༌།
ཐག་ཉེའི་གཞིས་ཆགས་མི་མང་ལ་ཕྲུ་གུ་སློབ་འཇུག་གི་མཐུན་རྐྱེན་སྦྱོར་སླད། ཕྱི་ལོ་༡༩༧༠ ལོར་ལོ་པར་སིང་དང༌། མ་ཧིན་དྲ་གི་རི་གཞིས་གྲོང་གཉིས་སུ་ཡན་ལག་སློབ་ཆུང་རེ་བཙུགས། གཞིས་གྲོང་རེར་སྔོན་སློབ་འཛིན་གྲྭ་རེ་འཚོགས་མུས་ཡིན། ཨོ་རི་ས་དབུས་སློབ་འདིར་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་ཡོད་ཅིང༌། ཕྱི་ལོ་༡༩༩༤ ཡས་མས་སུ་འཛིན་རིམ་བཅུ་པར་སྤར་ཆ་བྱུང༌། དེང་སློབ་གྲྭ་འདིར་སློབ་ཕྲུག་རྒན་གཞོན་གཉིས་ཀར་ཚན་རིག་ཚོད་ལྟ་ཁང་རེ་དང༌། རྩིས་རིག་ཚོད་ལྟ་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། ཐོན་ཁུངས་ལྟེ་གནས་ཁང་སོགས་ཡོད་པ་འདི་དག་དབུས་སློབ་གྲྭ་ཙམ་མ་ཡིན་པར། ཡན་ལག་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱང་བདུན་རེར་དུས་ཚོད་ངེས་ཅན་ནང་དབུས་སློབ་གྲྭར་ཁྲིད་དེ་སློབ་ཕྲུག་རྒན་པ་རྣམས་དང་ལྷན་དགེ་རྒན་གྱི་ལམ་སྟོན་དང་རོགས་འདེགས་འོག་མཐུན་རྐྱེན་འདི་དག་གི་བེད་སྤྱོད་བཞིན་ཡོད། དགེ་རྒན་ཚང་མ་འོས་སྦྱོང་ཚད་ལྡན་ཐོབ་པ་ཤ་སྟག་ཡིན་པས་ཕྱི་ནང་གི་ཆ་རྐྱེན་གང་ཅིའི་ཐད་ནས་དེང་རབས་སློབ་གྲྭའི་མཐུན་རྐྱེན་ཆ་ཚང་འཛོམས་ཡོད།
སློབ་གྲྭ་འདིར་དབུས་བོད་སློབ་འཛིན་ཚོགས་ནས་མ་དངུལ་ཆེད་གཏོང་གིས་འཛུགས་སྐྲུན་གནང་ཞིང༌། སློབ་མ་རྣམས་ལ་ཉིན་གུང་གསོལ་ཚིགས་དང༌། སློབ་དེབ། དགོས་མཁོའི་དེབ་ཆས་ཚུན་དབུས་བོད་སློབ་འཛིན་ཚོགས་ཀྱིས་རིན་མེད་ངང་ནར་གཏོང་གནང་བཞིན་ཡོད། སློབ་གྲྭ་འདི་ཉིད་ཆགས་ཡུལ་ས་རྒྱ་ཡངས་ཤིང་ཁོད་མཉམ་པ། སིལ་སྤོལ་དང་རྐང་སྤོལ་རྩེད་ཐང་གི་མཐུན་རྐྱེན་ཡང་ལྡན།

༣།     སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༡༢༢ ཡོད་པ་ཚང་མ་ཉིན་སློབ་སློབ་མ་ཡིན་ཞིང༌། དེའི་ནང་བོད་པའི་ཕྲུ་གུ་༡༡༤ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༨ ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་ཨོ་རི་ས་དབུས་སློབ་ཀྱི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

ལོ་དུས། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༦༢ ༥༩ ༩༥་༡༦
ཕྱི་ལོ་༡༩༩༩ ༣༥ ༣༥ ༡༠༠་༠༠
ཕྱི་ལོ་༢༠༠༠ ༢༥ ༢༡ ༤་༠༠
ཕྱི་ལོ་༢༠༠༡ མ་འབྱོར།
ཕྱི་ལོ་༢༠༠༢ ༡༨ ༡༧ ༥་༥༥
ཕྱི་ལོ་༢༠༠༣ ༢༦ ༡༩ ༥༢་༧༧
ཕྱི་ལོ་༢༠༠༤ ༡༣ ༡༢ ༩༢་༣༡
ཕྱི་ལོ་༢༠༠༥ ༢༦ ༡༠ ༡༥ ༣༨་༤༦
ཕྱི་ལོ་༢༠༠༦ ༡༦ ༡༥ ༩༣་༧༥
ཕྱི་ལོ་༢༠༠༧ ༢༦ ༢༦ ༡༠༠་༠༠
ཕྱི་ལོ་༢༠༠༨ ༡༧ ༡༧ ༡༠༠་༠༠
ཕྱི་ལོ་༢༠༠༩ ༢༦ ༢༦ ༡༠༠་༠༠

གོང་གསལ་གྲངས་ཐོ་ལས་མཐོང་གསལ་ལ། ཨོ་རི་ས་དབུས་སློབ་འདིའི་འཛིན་རིམ་བཅུ་པའི་རྒྱུགས་འབྲས་ཐོག་མའི་ཆར་དེ་ཙམ་ལེགས་པོ་བྱུང་མི་འདུག་ཀྱང༌། ཕྱིས་སུ་འབད་བརྩོན་གྱིས་ཡར་རྒྱས་མངོན་གསལ་བྱུང་ཡོད།
ཅན་དྲ་གྷི་རི་དབུས་སློབ་གྲྭ་འདིར་ཡན་ལག་སློབ་ཆུང་གཉིས་ཡོད་པ་ངོ་སྤྲོད་རགས་བསྡུས་ཤིག་བྱས་པ་གཤམ་གསལ།
ཀ    ལོ་བར་སིང་ཡན་སློབ།
ལོ་པར་སིང་སློབ་གྲྭ་ནི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་ཡིན་ལ། གཞིས་གྲོང་གསུམ་པའི་དགོན་པའི་ཡར་འདབས་སུ་ཡོད། སློབ་གྲྭ་འདིར་འཛིན་ཁང་༦ དང་གསོལ་ཐབ་ཁང་མིག་༡ ཡིག་ཚང་༡ རྐང་སྤོལ་རྩེད་ཐང་བཅས་ཡོད།
ཕྱི་ལོ་༢༠༠༧ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་༡༠༩ ཡོད་པའི་ནང་བུ་༥༧ དང་བུ་མོ་༥༢ ཡོད་པ་ཚང་མ་ཉིན་སློབ་ཡིན། དགེ་རྒན་༩ དང་ལས་བྱེད་༡ བཅས་བསྡོམས་༡༠ ཡོད།
འདས་པའི་ལོ་ངོ་༢༡ རིང་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

ཁ  མ་ཧན་དྲ་གྷཌ་ཡན་སློབ།
མ་ཧན་དྲ་གྷཌ་ཡན་ལག་སློབ་གྲྭ་ནི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་ཡིན་ལ། གཞིས་གྲོང་ལྔ་པའི་གཞུང་ལམ་མདུན་དུ་ཡོད། སློབ་གྲྭ་འདིར་འཛིན་ཁང་༥ དང་གསོལ་ཐབ་ཁང་མིག་༡ ཡིག་ཚང་༡ ཚོགས་ཁང་༡ རྩེད་ཐང་བཅས་ཀྱི་མཐུན་རྐྱེན་འཛོམས་ཡོད།
ཕྱི་ལོ་༢༠༠༧ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་༦༩ ཡོད་པའི་ནང་བུ་༣༦ དང་བུ་མོ་༣༣ ཡོད་པ་ཚང་མ་ཉིན་སློབ་ཡིན། དགེ་རྒན་༧ དང་ལས་བྱེད་༡ བཅས་བསྡོམས་༨ ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་མ་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

༤།     ཤེས་ཡོན་ལས་རིམ།

སློབ་གྲྭ་འདི་ཡང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སློབ་ཁག་གཞན་དང་མཚུངས་པར་གཞི་རིམ་བར་མར་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ཁང་གིས་དཔར་འགྲེམས་བྱས་པའི་སློབ་དེབ་གཙོ་འཛིན་བྱེད་པ་དང༌། གཞི་རིམ་གོང་མའི་སྐབས་སུ་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་བསླབ་གཞི་རྩ་འཛིན་གྱིས་འཛིན་རིམ་བཅུ་པའི་སྐབས་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་འཛུལ་ཞུགས་བྱེད་པ་དང༌། འཛིན་རིམ་བཅུ་གཅིག་ནས་སློབ་ཕྲུག་སོ་སོའི་ཆེད་ལས་སྡེ་ཚན་ལ་གཞིགས་པའི་གཏན་སློབ་གཞན་དུ་འཛུལ་ཞུགས་བྱེད་ཀྱི་ཡོད།
ཞོགས་པར་རྒྱལ་གླུ་ཚོགས་སྐབས་འཛིན་རིམ་མི་འདྲ་བའི་སློབ་ཕྲུག་ཚོས་རེས་མོས་ཀྱིས་གསར་འགྱུར་སྙན་སྒྲོན་དང༌། སྙན་ངག་གྱེར་འདོན། གཏམ་བཤད། རིག་རྩལ། བོད་ཀྱི་རྒྱལ་རབས་དང་ད་ལྟའི་གནས་སྟངས། རིག་གཞུང་སྲུང་སྐྱོབ་དང་ཡ་རབས་བཟང་སྤྱོད་སོགས་དང་འབྲེལ་བའི་དགེ་རྒན་གྱི་གཏམ་བཤད་བཅས་ཆག་མེད་ལག་བསྟར་ཞུ་མུས་ཡིན། སློབ་གྲྭའི་ནང་རྒྱུན་ལྡན་སློབ་ཚན་དང་སློབ་ཐུན་རིགས་ཕུད། དབུས་བོད་སློབ་འཛིན་ཚོགས་ཀྱི་ལམ་སྟོན་བཀོད་ཁྱབ་དང༌། ས་གནས་སློབ་གྲྭའི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་རིག་གཞུང་སྲུང་སྐྱོབ་དང་རྒྱུན་ལྡན་སློབ་གཞིར་རོགས་འདེགས་ཀྱི་བྱེད་སྒོ་མང་དག་ཅིག་འཆར་འགོད་ཀྱིས་སྤེལ་བཞིན་ཡོད། བྱེད་སྒོ་དེ་དག་ནི་དཔེར་ན། ལོ་རེའི་སློབ་གྲྭའི་ལོ་འཁོར་རྩེད་འགྲན་སྐབས་ས་གནས་གཞིས་འགོ་བདེ་དོན་དང༌། གཞོན་ནུ་དང་བུད་མེད་ལྷན་ཚོགས། དགེ་རྒན་ཕ་མའི་འཐུས་ཚོགས། གཞིས་གྲོང་འགོ་པ་དང་མི་མང་བཅས་ནས་འགོ་མཇུག་བར་གསུམ་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེར་གནང་བཞིན་ཡོད། གཞན་ཡང་གཞས་དང་ཞབས་བྲོ་དང༌། རིག་རྩལ་འགྲན་བསྡུར། རྩོམ་ཡིག་དང་ཡིག་གཟུགས་རི་མོ་སོགས་ཀྱི་འགྲན་བསྡུར། བརྗོད་གཞི་མི་འདྲ་བའི་ཐོག་བགྲོ་གླེང་བཅས་དང༌། ཀམ་པུ་ཊར་སྦྱོང་བརྡར། འཚེམ་བུ་སྦྱོང་བརྡར། སྤྱི་ཚོགས་ཞབས་ཞུ། ཕྱི་བསྐྱོད་ལྟ་བསྐོར་སོགས་ལྟ་བུའོ། །
ད་ཡོད་དགེ་རྒན་ཚང་མ་འོས་སྦྱོང་ཐོན་པ་ཤ་སྟག་ཡིན་ཞིང༌། དགེ་ཆེ་༡ འབྲིང་རིམ་དགེ་རྒན་༦ དམའ་རིམ་དགེ་རྒན་༨ ལུས་རྩལ་དགེ་རྒན་༡ འཚེམ་བཟོ་དགེ་རྒན་༡ ཤིང་བཟོའི་དགེ་རྒན་༡ ཟློས་དགེ་༢ ལུས་རྩལ་དགེ་རྒན་༢ དཔེ་མཛོད་དོ་དམ་པ་༡ ཆོས་དགེ་༡ སྡེ་ཚན་གྱི་ལས་བྱེད་༥ གནས་འོག་མའི་རྩིས་དྲུང་༡ བཅས་ཁྱོན་བསྡོམས་དགེ་ལས་༣༠ ཡོད།

༥།     གཞུང་འབྲེལ་འཚམས་གཟིགས།

འདས་པའི་ལོ་ངོ་ལྔ་བཅུའི་རིང༌། ཨོ་རི་ས་དབུས་སློབ་འདིར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་གི་དབུ་འཁྲིད་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་སོགས་བོད་མིའི་གནད་ཡོད་དབུ་འཁྲིད་དང༌། དབུས་བོད་སློབ་འཛིན་ཚོགས་དང༌། བོད་གཞུང་ཤེས་རིག་ལས་ཁུངས། གཞུང་སྒེར་ཚོགས་སྡེ་ཁག་གི་མཁས་དབང་དང་ཆེད་ལས་པ། དགོན་སྡེ་ཁག་གི་བླ་སྤྲུལ་སོགས་མི་སྣ་གལ་གནད་ཅན་མང་དག་ཅིག་གིས་འཚམས་གཟིགས་གནང་ཡོད། ཉེ་བའི་ལོ་ཤས་ལྟ་བུར་མཚོན་ན། ཕྱི་ལོ་༢༠༠༤ ཟླ་༤ ཚེས་༢༢ ཉིན་དབུས་བོད་སློབ་འཛིན་ཚོགས་དྲུང་ཆེ་ཌོག་ཊར་ཝར་མ་དང༌། ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་གཉིས་ཀྱིས་འཚམས་གཟིགས་གནང༌།
ཕྱི་ལོ་༢༠༠༤ ཟླ་༡༠ པའི་ནང་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་སྐལ་བཟང་ཚེ་དབང་ལགས་ཆེད་ཕེབས་ཀྱིས་མདུན་ལམ་སློབ་སྟོན་གནང༌།
ཕྱི་ལོ་༢༠༠༦ ཟླ་༡༠ ཟླ་དཀྱིལ་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤེན་པ་ཚེ་རིང་དང་བློ་བཟང་རྣམ་གཉིས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་སྤྱི་དང༌། ཁྱད་པར་ཆབ་སྲིད་བཙོན་པའི་གནས་སྟངས་ངོ་སྤྲོད་དང་འགྲེམས་སྟོན་གནང༌།
ཕྱི་ལོ་༢༠༠༧ ཟླ་༡ པོར་ཤེས་རིག་ཟུང་དྲུང་བཀྲ་ཤིས་སྒྲོལ་མ་དང་ཚེ་དབང་སྒྲོལ་མ་གཉིས་ཆེད་ཕེབས་ཀྱིས་སློབ་འཇུག་དང༌། སློབ་དོད་བསྡུ་བཞེས། མཐོ་སློབ་སློབ་ཡོན་བགོད་འགྲེམས་དང་འཚང་སྙན་འབུལ་སྟངས་སོགས་གཞི་རིམ་གནས་དོན་ཐོག་བཀའ་སློབ་ལམ་སྟོན་ཞིབ་རྒྱས་གནང༌།
ཕྱི་ལོ་༢༠༠༧ ཟླ་༣ ཚེས་༡༡ ནས་༡༢ བར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་ཚེ་རིང་ཕུན་ཚོགས་དང༌། དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་གཞོན་པ་སྐུ་ཞབས་ཨེས་པི་རན་ནཱ (S.P. Rana)གཉིས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༨ ཟླ་༨ པར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་ཚེ་རིང་ཕུན་ཚོགས་དང༌། དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་གཞོན་པ་སྐུ་ཞབས་ཨེས་པི་རན་ནཱ་གཉིས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་གནང་བ་སོགས་གཙོ་བོ་དབུས་བོད་སློབ་འཛིན་ཚོགས་དང་ཤེས་རིག་ལས་ཁུངས། འབྲེལ་ཡོད་སྡེ་ཁག་དང་འགོ་ལས་དུ་མས་འཚམས་གཟིགས་དང་གསུང་བཤད་མཐུད་མར་གནང་སྟེ་དགེ་སློབ་འགོ་ལས་ཀུན་ལ་བློ་སྤོབས་དང་ལམ་སྟོན་གནང་སྨིན་བྱུང་ཡོད།