ཧུན་སུར་གཞིས་སློབ།

[toc]

༡།     འགོ་འཛུགས།

གུ་རུ་པུ་ར་དབུས་བོད་མིའི་སློབ་གྲྭའམ་ཧུན་སུར་སློབ་གྲྭ་ཞེས་འབོད་པ་དེ་ནི། རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་མའེ་སོར་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་ནས་ཀི་ལོ་མི་ཊར་༦༡ ཙམ་དང༌། བྷེང་ལོར་གྲོང་ཁྱེར་ནས་ཀི་ལ་མི་ཊར་༡༩༠ ཙམ། ཧུན་སོར་ནས་ཀི་ལོ་མི་ཊར་༡༣ ཙམ་བཅས་ཀྱི་སར་ཆགས་ཡོད། སློབ་གྲྭ་ཆགས་ཡུལ་ལ་གུ་རུ་པུ་ར་ཟེར་བའི་ས་གནས་སུ་སྟབས་སློབ་གྲྭའི་མིང་ལའང་གུ་རུ་པུ་ར་དབུས་བོད་སློབ་ཅེས་བཏགས་ཡོད་ནའང༌། དུས་རྒྱུན་བོད་མི་ཚོས་ཧུན་སུར་ཉིན་སློབ་ཅེས་འབོད།
སློབ་གྲྭ་དེ་ནི་ཐོག་མར་ཡུ་རོབ་སྐྱབས་བཅོལ་ལས་གཞི་(Board of Trustees for Common Project of European Refugee Campaign)ཞེས་པའི་ཚོགས་པས་རོགས་རམ་འོག་མའེ་སོར་སྡོད་གནས་ཡར་རྒྱས་ལས་ཁང་(MYRADA)གི་གཟིགས་སྐྱོང་འོག་གསར་འཛུགས་གནང༌། དེ་ཡང་ཕྱི་ལོ་༡༩༧༤ ཟླ་༣ ཚེས་༡༥ ཉིན་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་དངོས་ཆིབས་བསྒྱུར་གྱིས་དབུ་འབྱེད་དང་འབྲེལ་འོད་སྣང་སློབ་གྲྭ་ཞེས་པའི་མཚན་གསོལ་གནང་ནས་འགོ་བཙུགས་ཡོད། སློབ་གྲྭ་དབུ་འབྱེད་མཛད་སྒོར་ཀར་ན་ཊ་ཀ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་མ་ལི་ཀར་ཇོན་སི་ཝ་མི་མཆོག་ཕེབས་ནས་གསུང་བཤད་གནང༌། དེ་ནས་ཕྱི་ལོ་༡༩༧༦ ཟླ་༢ པ་བར་གོང་གསལ་ཚོགས་པ་དེས་འཛིན་སྐྱོང་གནང་ཞིང༌། ཕྱི་ལོ་༡༩༧༦ ཟླ་༣ ཚེས་༡ ནས་དབུས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་བཞེས་དང་ཆབས་ཅིག་གུ་རུ་པུ་ར་དབུས་བོད་མིའི་སློབ་གྲྭ་ཞེས་པར་མིང་བསྒྱུར་ཞུས། སྐབས་དེར་འཛིན་རིམ་ལྔ་པ་བར་ཡོད། ཕྱི་ལོ་༡༩༨༦ ལོར་འཛིན་རིམ་བཅུ་པ་བར་གནས་སྤར་བྱུང༌།
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་སློབ་ཕྲུག་གྲངས་༣༡༤ ཡོད་པ་དང༌། དགེ་རྒན་༢༢ ལས་བྱེད་༦ བཅས་དགེ་ལས་༢༨ ཡོད། ད་ལྟའི་སློབ་གྲྭའི་སློབ་སྤྱི་ནི་སྐུ་ཞབས་རཱ་ཝན་དྲ་ནཐ་ཐི་ཝ་རི་(Mr.Ravindra Nath Tiwari)ལགས་ཡིན།

༢།     མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭ་འདིར་ས་ཁྱོན་ཨེར་ཀ་༥ ཡོད་པ་དང༌། དེ་རྗེས་ཕྱི་ལོ་༡༩༩༤ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་མ་དངུལ་བཏང་སྟེ་འཛིན་ཁང་༧ གསར་རྒྱག་གནང༌།
ཕྱི་ལོ་༡༩༩༩ དང་༢༠༠༠ ལོ་སོ་སོར་དབུས་བོད་སློབ་འཛིན་ཚོགས་ནས་མ་དངུལ་ཆེད་གཏོང་གིས་སློབ་ཁང་དང་མཐུན་རྐྱེན་ལ་ཞིག་གསོ་རྒྱ་ཆེར་གནང༌། ཕྱི་ལོ་༢༠༠༧ ལོར་འཛིན་ཁང་གསར་པ་༦ དང༌། ལས་ཤག་༥ འཛིན་ཁང་འཕར་མ་༤ དང་ལས་ཤག་འཕར་མ་༢ བཅས་ཀྱི་ལས་འཆར་ལེགས་གྲུབ་བྱུང༌།
ཕྱི་ལོ་༢༠༠༣ ཟླ་༡༡ པར་དབུས་བོད་སློབ་འཛིན་ཚོགས་ཀྱིས་ཁྱོན་བསྡོམས་ཧིན་སྒོར་འབུམ་༢༥་༥༡ ལྷག་འགྲོ་གྲོན་བཏང་སྟེ་སློབ་གྲྭའི་ཕྱི་བསྐོར་ར་བ་གསར་རྒྱག་གནང་བ་ལེགས་གྲུབ་བྱུང༌།
ཕྱི་ལོ་༢༠༠༥ ཟླ་༡༡ ཚེས་༧ ཉིན་དབུས་བོད་སློབ་འཛིན་ཚོགས་ནས་ས་གནས་སློབ་སྟོན་ཚོགས་ཆུང་བརྒྱུད་བཀའ་ཡིག་ཨང་No 8-6/2005 CTSA TC  ཅན་ཕེབས་ཏེ་སྔར་གྱི་ལས་ཤག་ཞིག་རལ་རྩ་གཏོར་བཏང་སྟེ་ལས་ཤག་གསར་རྒྱག་བཀའ་འཁྲོལ་གནང་བ་ལྟར་འཛིན་ཁང་འཕར་མ་༤ གསར་རྒྱག་ཆེད་སྒོར་འབུམ་༢༠་༡༨ དང༌། ལས་ཤག་རིགས་གྲས་ཁ་པ་༤ གསར་རྒྱག་ཆེད་སྒོར་འབུམ་༡༨་༡༨ ལས་ཤག་རིགས་གྲས་ཀ་པ་༢ གསར་རྒྱག་ཆེད་སྒོར་འབུམ་༧་༨༢ བཅས་བཀའ་འཁྲོལ་གནང་བ་དང་ལྷན་ཟླ་༧ ཚེས་༢༣ ཉིན་དབུས་བོད་སློབ་འཛིན་ཚོགས་དྲུང་ཆེ་མཆོག་གིས་རྩིག་རྨང་བཏིང་སྟེ་འགོ་འཛུགས་བྱས།
ཕྱི་ལོ་༢༠༠༧ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་སྦག་སྦག་འཇོག་སའི་ཐོག་ཁེབས་གསར་བཟོ་ཆེད་སྒོར་༣༥༤༠༠༠ དང༌། སློབ་གྲྭའི་ཞིག་གསོ་དང་ཙག་ཙིག་ལས་དོན་ཆེད་སྒོར་༡༣༢༦༨༠༠ འགྲོ་གྲོན་བཀའ་འཁྲོལ་གནང་སྟེ་སློབ་གྲྭའི་ཁོར་ཡུག་ལ་ལེགས་བཅོས་རྒྱ་ཆེར་གནང༌།
དེ་རྗེས་སྦག་སྦག་འཇོག་ཁང་འཁྲིས་སུ་སློབ་གྲྭའི་སྐམ་གློག་འཛུགས་སའི་ཁང་མིག་གསར་རྒྱག་དང༌། དབུས་བོད་སློབ་འཛིན་ཚོགས་ཀྱི་བཀོད་ཁྱབ་དགོངས་དོན་ལྟར་སློབ་ཕྲུག་དབང་པོ་སྐྱོན་ཅན་ལ་དམིགས་ཏེ་འགྲོ་ལམ་གསར་བཟོ། དགེ་རྒན་ཕ་མའི་འཐུས་ཚོགས་ཀྱི་རོགས་རམ་འོག་སློབ་གྲྭའི་ཚོགས་ཁང་ལ་ཞིག་གསོ་དང་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་ཡར་རྒྱས་བཏང༌། མངའ་སྡེའི་འཛུགས་སྐྲུན་སྡེ་ཁག་གི་རོགས་རམ་འོག་སློབ་གྲྭའི་རྒྱལ་སྒོ་ལེགས་བཅོས། མེའི་གནོད་འཚེ་སྔོན་འགོག་དང་མེ་གསོད་ཡོ་ཆས་གྲ་སྒྲིག་བཅས་གནང༌།
ཕྱི་ལོ་༢༠༠༨ ལོར་སླར་ཡང་སྒོར་འབུམ་༡༢ ཆེད་གཏོང་གིས་འཛིན་ཁང་༦ གསར་རྒྱག་དང༌། སྣུམ་འཁོར་དང་སྦག་སྦག་འཇོག་སའི་ཐོག་ཁེབས་གསར་སྐྲུན། ཉལ་ཁང་དང་ལས་ཤག་གི་ཕྱི་རོལ་མཐུན་རྐྱེན་ཡར་རྒྱས་བཅས་ཀྱི་ལས་གཞི་འགོ་འཛུགས་གནང་ཡོད།
དེར་ལྟར་སློབ་གྲྭ་འདི་ལོ་རེ་བཞིན་ཕྱི་ནང་གང་ཐད་ནས་ཡར་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་དེ་ད་ལྟའི་ཆར་སློབ་གྲྭའི་ཁོར་ཡུག་མཛེས་སྡུག་དང་ལྡན་ཞིང༌། འཛུགས་སྐྲུན་གཞི་རྒྱ་ཆེན་པོར་གྱུར་ཡོད།
དེ་ཡང་སློབ་གྲྭའི་གཡས་གཡོན་རྒྱ་ཆེ་ཞིང་གུ་ཡངས་པ་ཞིག་གི་ནང་སློབ་སྤྱིའི་ཡིག་ཚང་དང༌། འཛིན་ཁང་ཁག ཚན་རིག་བརྟག་དཔྱད་ཁང༌། སྤྱི་ཚོགས་ཚན་རིག་སྐྱེད་མོས་ཚལ། དཔེ་མཛོད་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང་ནང་ཀམ་པུ་ཊར་༡༢ དང་དགོས་ངེས་འཕྲུལ་ཆས་རང་འགྲིགས་བཅས་ཡོད། རྩིས་རིག་ཚོད་ལྟ་ཁང༌། རྩིས་རིག་སློབ་སྦྱོང་དང་འབྲེལ་བའི་འདྲ་གཟུགས་ཟླུམ་ར། ས་ཁམས་རིག་པའི་ཡོ་ཆས་ཁང༌། ཟློས་གར་དང་རོལ་ཆའི་སྡེ་ཚན། རི་མོའི་སྡེ་ཚན། རྩེད་མོ་དང་ལུས་རྩལ་སྡེ་ཚན། ཨིན་ཇི་དང་བོད་ཡིག་སྦྱོང་བརྡར་ཁང༌། ལག་ཤེས་སྦྱོང་བརྡར་སྡེ་ཚན། ཚོགས་ཁང་བཅས་སློབ་ཁང་གི་སྒོ་སོ་སོའི་སྟེང་འཕགས་བོད་ཀྱི་དབུ་འཁྲིད་དམ་པ་རྣམས་ཀྱི་སྐུ་འདྲ་སྒྲིག་གཤོམ། སློབ་སྤྱིའི་ཡིག་ཚང་ནང་མྱུར་འཕྲིན་དང༌། པར་སློག་འཕྲུལ་འཁོར། དྲ་རྒྱ་སོགས་དེང་དུས་ཀྱི་སློབ་གྲྭ་ཞིག་ལ་དགོས་ངེས་ཀྱི་གཞི་རྩའི་མཐུན་རྐྱེན་ཆ་ཚང་དབུས་བོད་སློབ་འཛིན་ཚོགས་ནས་མཁོ་འདོན་དང་ནར་གཏོང་གནང་བཞིན་ཡོད།
གཞི་རིམ་འོག་མའི་འཛིན་ཁང་ཁང་བརྩེགས་ནང་རྒྱུན་དུ་སྒོ་ཕྱེ་བའི་དཔེ་མཛོད་ཅིག་བཙུགས་ཏེ་ཞལ་འདེབས་ལས་བྱུང་བའི་དཔེ་དེབ་མི་ཉུང་བ་ཞིག་སྒྲིག་གཤོམ་གྱིས་ཀློག་བལྟའི་མཐུན་རྐྱེན་བསྐྲུན་པ་དང༌། ཕ་མའི་འཐུས་ཚོགས་ཀྱིས་རོགས་སྐྱོར་འོག་སློབ་གྲྭའི་མདུན་གྱི་སིལ་སྤོལ་རྩེད་ཐང་ལ་ལྕགས་དྲྭ་བསྐོར་ཏེ་སྤོ་ལོས་ཁོར་ཡུག་ལ་གནོད་སྐྱོན་མི་ཕོག་པ་བྱས་ཡོད།
སློབ་གྲྭའི་ཁོར་ཡུག་མཛེས་སྡུག་ཡིད་དུ་འོང་བ་ཞིག་བཟོ་སླད་ཁོར་ཡུག་རྩིག་ངོས་སུ་ཚོན་ལྡན་རི་མོ་༢༠༠ ལྷག་གསར་བཞེངས་དང༌། ཁང་ཚན་བཞིའི་མེ་ཏོག་ལྡུམ་རྭ་དང༌། ཤིང་ཏོག་གི་སྡོང་པོ་སྣ་ཚོགས། སྨན་གྱི་རྩི་ཤིང་སྐྱེད་ཚལ། རྒྱ་སེ་མེ་ཏོག་གི་ལྡུམ་ར། ཕི་ཊི་༢༠༠ ཙམ་ཡོད་པའི་ཚལ་ཞིང་ནང་སློབ་ཕྲུག་ཚོས་ལོ་ལྟར་ཚལ་རིགས་འདེབས་ལས་བྱེད་མུས། ཚལ་ཞིང་དེ་དག་ལ་ལྕགས་རས་བསྐོར་བ་བཅས་སློབ་གྲྭའི་ཁོར་ཡུག་སྤྲོ་སྐྱིད་དང་གསོན་ཉམས་ལྡན་པའི་ཁྲོད་སློབ་ཕྲུག་རྣམས་རང་བྱུང་ཁམས་དང་འབྲེལ་མེད་དུ་སློབ་ཞུགས་ཀྱིས་རྩེད་འཇོར་རོལ་ཞིང༌། བོད་ཀྱི་སྐད་ཡིག་གཙོས་པའི་རིག་གཞུང་བཟང་པོ་རྣམས་དང་དེང་རབས་ཀྱི་སྔོན་ཐོན་རིག་གནས་བཅས་ལ་སྦྱང་བརྩོན་ལྷོད་མེད་བྱེད་བཞིན་ཡོད།
ཕྱི་ལོ་༢༠༠༥ ཟླ་༧ པར་དབུས་འབྲིང་སློབ་ལྷན་ཚོགས་ཀྱི་སློབ་ཚན་འཆར་འགོད་ནང་གསལ་ལྟར། སློབ་གྲྭའི་ནང་གོད་ཆག་དོ་དམ་ལྷན་ཚོགས་ཤིག་གསར་འཛུགས་ཀྱིས་སློབ་གྲྭའི་རྩིག་པ་རྣམས་སུ་རང་བྱུང་གོད་ཆག་ལ་གདོང་ལེན་དང་རང་ཉིད་སྲུང་སྐྱོབ་བྱེད་ཚུལ་སོགས་འགྲེལ་བརྗོད་དང་དཔེ་རིས་སྦྱར་འགྲེམས་བྱས་ཡོད།
སློབ་གྲྭའི་ངོས་ནས་གཞིས་ཆགས་བོད་མིའི་ས་གནས་འགོ་འཛིན་ལས་ཁང་དང༌། ཕ་མའི་འཐུས་ཚོགས། དགོན་སྡེ། ས་གནས་གྲོས་ཚོགས། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས། གྲོང་སྡེའི་འགོ་ལས་དང་བརྒྱ་དཔོན། ཡུལ་མི་སོགས་ཀྱི་དབར་ཕན་ཚུན་འབྲེལ་བ་བཟང་པོ་ཡོད་པ་མ་ཟད། སྤྱི་པའི་ཕྱག་ལས་གང་སར་ཕན་ཚུན་གཅིག་ཕན་གཅིག་རོགས་གནང་བཞིན་ཡོད།

༣།     སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ཧུན་སུར་གཞིས་སློབ་ཏུ་སློབ་ཕྲུག་བུ་༡༣༦ དང་བུ་མོ་༡༦༩ བཅས་ཁྱོན་བསྡོམས་སློབ་ཕྲུག་༣༠༥ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དེའི་ཁྲོད་སློབ་ཕྲུག་བོད་རིགས་སློབ་ཕྲུག་༢༨༩ དང་ཡུལ་མིའི་སློབ་ཕྲུག་༡༦  དགེ་རྒན་༢༡ དང་ལས་བྱེད་༧ བཅས་ཁྱོན་བསྡོམས་དགེ་ལས་༢༨ བཅས་ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་ཧུན་སུར་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་གྱི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གནས་སྟངས་གཤམ་གསལ།

ལོ་དུས། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༡༥ ༡༠ ༢༦་༦༦
ཕྱི་ལོ་༡༩༩༩ ༢༣ ༡༤ ༦༠་༨༦
ཕྱི་ལོ་༢༠༠༠ ༢༢ ༡༡ ༡༠ ༥༠་༠༠
ཕྱི་ལོ་༢༠༠༡ ༡༩ ༡༡ ༥༧་༨༩
ཕྱི་ལོ་༢༠༠༢ ༢༡ ༡༣ ༦༡་༩༠
ཕྱི་ལོ༢༠༠༣ ༢༨ ༢༣ ༨༢་༡༤
ཕྱི་ལོ་༢༠༠༤ ༢༢ ༢༠ ༩༠་༩༡
ཕྱི་ལོ་༢༠༠༥ ༢༣ ༡༩ ༨༢་༦༡
ཕྱི་ལོ་༢༠༠༦ ༢༧ ༢༧ ༡༠༠་༠༠
ཕྱི་ལོ་༢༠༠༧ ༢༤ ༢༤ ༡༠༠་༠༠
ཕྱི་ལོ་༢༠༠༨ ༢༢ ༢༢ ༡༠༠་༠༠
ཕྱི་ལོ་༢༠༠༩ ༢༩ ༢༨ ༩༦་༥༥

གོང་གསལ་རེའུ་མིག་ལས་མཐོང་གསལ་བཞིན། སློབ་གྲྭ་འདི་བཞིན་རྒྱ་གར་དབུས་རྒྱལ་ཡོངས་ཡིག་རྒྱུགས་ལྷན་ཚོགས་ཀྱི་ཁོངས་གཏོགས་སུ་ལོ་ལྟར་འཛིན་གྲྭ་བཅུ་པའི་ཡིག་ཚད་རྒྱུགས་བཞེས་གནང་བཞིན་ཡོད་པ་མ་ཟད། ཕྱི་ལོ་༢༠༠༦ དང་ཕྱི་ལོ་༢༠༠༧ ཕྱི་ལོ་༢༠༠༨ ལོ་བཅས་གསུམ་བསྟུད་མར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་༡༠༠ ཐོབ་ཡོད།

༤།     ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

སློབ་གྲྭ་འདིའི་རྒྱུན་ལྡན་ཤེས་ཡོན་གྱི་ལས་རིམ་ནི་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་ཁག་གཞན་དང་སྤྱི་མཚུངས་ཡིན་ཞིང༌། རྒྱུན་ལྡན་སློབ་ཁྲིད་ཀྱི་ལས་རིམ་ཁག་ཕུད། སྔ་དགོང་ཆུ་ཚོད་གཉིས་རིང་སློབ་སྦྱོང་ཞན་པའི་སློབ་མ་ཚོ་ཟུར་བཅད་ཀྱིས་དམིགས་བསལ་འཛིན་གྲྭ་སྐོང་ཚོགས་ཐོག་སློབ་ཚན་དགེ་རྒན་དང་ཕ་མའི་འཐུས་ཚབ་ནས་ལྟ་རྟོག་གནང་བཞིན་ཡོད། ལོ་རེར་སློབ་སྤྱི་ཡིས་སློབ་མ་ཚོའི་ལས་བྱ་འབྲི་དེབ་ལ་རྟོག་ཞིབ་ཐེངས་གཉིས་གནང་མུས། སློབ་གྲྭའི་དགེ་རྒན་དང་སློབ་མ་ཚང་མར་ངོས་སྦྱོར་ལག་ཁྱེར་སྤྲད་ཡོད་ལ། ཞོགས་པའི་རྒྱལ་གླུ་སྐབས་སྙན་ངག་གྱེར་འདོན་དང༌། གཏམ་བཤད། གསར་འགྱུར་སྙན་སྒྲོན། འཁྲབ་སྟོན་སོགས་ཀྱི་ལས་རིམ་དང༌། ཁང་ཚན་དང་འཛིན་གྲྭ་སོ་སོའི་གཙང་སྦྲ་འཕྲོད་བསྟེན་ལ་བྱ་དགའ་གསོལ་རས་སྤྲོད་པའི་ལམ་སྲོལ་ལག་བསྟར་བྱེད་མུས་ཡིན།
ཉེ་བའི་ལོ་ནས་བཟུང་སློབ་གྲྭའི་ནང་སློབ་གྲོགས་མཐུན་ཚོགས་གསར་འཛུགས་ཀྱིས་སློབ་ཐོན་སློབ་མ་ཚང་མའི་སེམས་ཤུགས་དང་ནུས་པ་ཆིག་སྒྲིལ་བྱེད་པ། སློབ་ཕྲུག་རྣམས་ལོ་རེར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ས་ཁུལ་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་དང༌། དབུས་བོད་སློབ་འཛིན་ཚོགས་ནས་གོ་སྒྲིག་གནང་བའི་ལོ་རེའི་ལྷོ་ཁུལ་དང་དབུས་ཁུལ་སློབ་གྲྭའི་རིག་གཞུང་འགྲན་ཚོགས། གཞན་ཡང་རྫོང་དང་སྤུན་ཟླ་འབྲིང་སློབ་ཕན་ཚུན་བཅས་ཀྱི་བརྗེ་ལེན་ལས་རིམ་ཁྲོད་འཛུལ་ཞུགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་དང༌། འགྲེམས་སྟོན། རྩེད་རིགས། རིག་རྩལ་སོགས་འགྲན་བསྡུར་ཁག་གི་ནང་ཨང་རིམ་རྩེར་སོན་གྱི་བྱ་དགའ་མང་པོ་ཐོབ་ཡོད། ཉེ་དུས་ཕྱི་ལོ་༢༠༠༧ ལོ་ཁོ་ནར་མཚོན་ན། དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཀྱི་རྩེད་འགྲན་དེ་ཏི་རུ་པ་ཏི་ཅི་ཏོར་(Tirupati  Chittor)ཞེས་པར་ས་ཁུལ་གྱི་ཝི་དི་ཡ་ནི་ཀི་ཏན་རྒྱལ་སྤྱིའི་སློབ་གྲྭའི་(Vidyaniketan International School)གོ་སྒྲིག་སྐབས་འཛུལ་ཞུགས་ཀྱིས་སློབ་གྲྭ་འདིའི་སློབ་མ་ཚོས་གསེར་གྱི་རྟགས་མ་༡ དང༌། དངུལ་གྱི་རྟགས་མ་༣ ཟངས་ཀྱི་རྟགས་མ་༡ བཅས་བླངས་ཡོད།
གཞན་ཡང༌། བྷེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཀར་ན་ཊ་ཀ་མངའ་སྡེ་གཞུང་ནུས་ཁུངས་བློན་ཆེན་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་ནུས་ཁུངས་ཉམས་ཞིབ་སྡེ་ཚན་གྱིས་གོ་སྒྲིག་གནང་བའི་ཕྱི་ལོ་༢༠༠༧ ལོའི་རྒྱལ་ཡོངས་ནུས་ཁུངས་གོ་རྟོགས་རི་མོའི་འགྲན་བསྡུར་ཁྲོད་འཛིན་རིམ་ལྔ་པའི་སློབ་མ་བསྟན་འཛིན་བསམ་མཆོག་ལ་མངའ་སྡེ་རིམ་པའི་གཟེངས་རྟགས་དང་བྱ་དགའ་སྒོར་༡༠༠༠ བཅས་ཐོབ།
རྒྱ་གར་བྱང་ཕྱོགས་སྲོལ་རྒྱུན་སྒྱུ་རྩལ་ཚོགས་སྡེ་ནས་གོ་སྒྲིག་གནང་བའི་རྒྱལ་ཡོངས་འགྲན་བསྡུར་ཁྲོད་སློབ་གྲྭ་འདིའི་འཛིན་རིམ་དྲུག་པའི་སློབ་མ་བསྟན་འཛིན་དཔལ་སྐྱིད་ལ་ཕུལ་བྱུང་གཟེངས་རྟགས་དང་བྱ་དགའ་སྒོར་༡༠༠༠ ཐོབ། འཛིན་རིམ་དགུ་པའི་སློབ་མ་བསྟན་འཛིན་བདེ་སྐྱིད་ལ་ལེགས་གསོལ་བྱ་དགའ་ཐོབ།
པུ་ན་གྲོང་ཁྱེར་གྱི་བདག་ཉིད་ཆེན་པོ་གྷན་དྷིའི་ཧིན་དི་སྐད་ཡིག་དར་ཁྱབ་བྱ་དགའི་སྒྲིག་འཛུགས་(Mahatma Gandhi Raj Bhasha Puraskar Sanstha, Pune)ཀྱིས་འཛིན་རིམ་དྲུག་པའི་སློབ་མ་ཡོ་གྷེ་ཤ་དང་འཛིན་རིམ་དགུ་པའི་སློབ་མ་བསྟན་འཛིན་ཀུན་དགའ་གཉིས་ལ་གསེར་གྱི་རྟགས་མ་དང་ལག་འཁྱེར་བཅས་གནང༌། གཞན་ཡང་ལོ་འདིར་རྫོང་དང་ས་གནས། མངའ་སྡེ་བཅས་ཀྱི་བྱ་དགའ་དུ་མ་ཞིག་ཐོབ་པ་རེ་རེ་བཞིན་བགྲངས་མེད།
སློབ་གྲྭ་སྤྱི་ཡོངས་ལ་མཚོན་ན། ཕྱི་ལོ་༢༠༠༧ ལོར་མངའ་སྡེ་གཞུང་གིས་ཕུལ་བྱུང་སློབ་གྲྭར་འདེམས་ཐོན་བྱུང་སྟེ་གསེར་གྱི་རྟགས་མ་དང་ལག་འཁྱེར་གནང༌།
སློབ་གྲྭ་འདིས་སློབ་མ་ཚོས་ལོ་རེར་དུས་དེབ་སྤུས་ལེགས་རེ་འདོན་པའི་ལས་རིམ་ཞུགས་མཁན་བོད་ཨིན་ཧིན་སྐད་ཡིག་གསུམ་གྱི་སློབ་ཕྲུག་རྩོམ་སྒྲིག་ཚོགས་ཆུང་དང་སློབ་སྟོན་པ་དགེ་རྒན་བཅས་ཡོད།
སློབ་མ་རྣམས་འཛིན་ཁང་ནང་གི་སློབ་ཁྲིད་དང་ལྷན་ལག་ལེན་དང་ཉམས་གསོག་ཆེད་སློབ་གྲྭའི་ར་བའི་ནང་ལྗོན་ཤིང་འདེབས་འཛུགས་དང༌། སྐྱེད་ཚལ་ནང་རྩི་ཤིང་སྣ་འཛོམས་འཛུགས་གཉེར། ཕྱི་བསྐྱོད་ལྟ་བསྐོར། རིག་གཞུང་དང་ཁོར་ཡུག་གོ་རྟོགས་སླད་རི་མོ་འགྲེམས་སྟོན། འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཡོངས་ལ་བདུན་རེར་ཀམ་པུ་ཊར་སྦྱོང་བརྡར་གྱི་ཚོགས་ཐུན་གཉིས་རེ་བཀོད་སྒྲིག་བྱས་ཏེ། ཀམ་པུ་ཊར་གྱི་གཞི་རྩའི་ལག་རྩལ་སློབ་ཕྲུག་ཚང་མས་མ་ཤེས་པ་མེད་པར་བྱེད་མུས་ཡིན།
སློབ་མ་ཚོས་སློབ་གྲྭ་སྤྱི་མཚུངས་བཞིན་སྔ་དགོང་ཞལ་འདོན་ཆག་མེད་ཐོག བོད་ཀྱི་སྲོལ་རྒྱུན་དུས་ཆེན་སོ་སོའི་ནང་དོན་དང་འབྲེལ་བའི་གཏམ་བཤད་དང༌། བགྲོ་གླེང༌། མཆོད་འབུལ། གཟུངས་སྔགས་སྒྲུབ་གསོག་བཅས་བྱེད་པ་དང༌། རྒྱ་གར་གྱི་དུས་ཆེན་གལ་ཆེན་ཁག་བརྩི་སྲུང་སླད་སློབ་གྲྭ་ནང་ཁུལ་དང༌། རྫོང་རིམ་པའི་སྤྱི་ཚོགས་མཛད་སྒོར་མཉམ་ཞུགས། སློབ་ཕྲུག་གདོང་ལེན་རུ་ཁག་རྣམས་སློབ་གྲྭ་ཕྱི་ནང་ཀུན་ཏུ་ཞབས་ཞུའི་ལས་རིམ་ལ་སྤྲོ་སྣང་ཆེན་པོས་མཉམ་ཞུགས་སོགས་ཀྱི་ལས་རིམ་འདི་དག་ལ་བརྟེན་ནས། སློབ་མ་ཚོའི་ཤེས་ཡོན་སྦྱོང་བའི་ཀུན་སློང་ཡར་རྒྱས་དང༌། གསར་གཏོད་དང་ལག་ལེན་ལ་དོ་སྣང༌། མཉམ་འབྲེལ་དང་སྤྱི་སེམས་གོང་འཕེལ་བཅས་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།

༥།     གཞུང་འབྲེལ་འཚམས་གཟིགས།

དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འབྲེལ་ཡོད་དབུ་ལས་རྣམ་པ་དང༌། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་སློབ་གྲྭ་འདིར་ཐེངས་མང་ཕེབས་པ་ཁག་ལས་འདས་པའི་ལོ་གཉིས་ནང་ཕེབས་པའི་དཔེ་མཚོན་ཙམ་ཞུས་ན། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་དང༌། དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་བློ་བཟང་བདེ་ལེགས་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཝི་ནེཏ་ཇོ་ཤི(Sh.Vineet Joshi) ཤེས་ཡོན་འགན་འཛིན་སྐུ་ཞབས་རཱ་ཝཱཏ་(A.S.Rawat)དང་རཱན་ན། འཕྲུལ་རིག་འགན་འཛིན་ཨ་གར་ཝལ་(Sh.A.S.Agarwal)སོགས་དང༌། ཧུན་སུར་རྫོང་སྤྱི་ཁྱབ་གཞོན་པ་ས་གནས་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་རཱ་ཝི་(M.R.Ravi, Assistant Commissioner) སུ་བྷ་ར་ཡ་ཀ་མ་ཐི་(Sh.Subaraya Kamath) ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ། འཇམ་དབྱངས་དབང་རྒྱལ། ཕན་བདེ་སྨན་ཁང་གི་སྨན་པ་ཐུབ་བསྟན་རྒྱལ་མཚན། རབ་རྒྱས་གླིང་ས་གནས་འགོ་འཛིན་བསམ་གཏན་ཕུན་ཚོགས་སོགས་ཆེད་ཕེབས་ཀྱིས་སློབ་གྲྭར་འཚམས་གཟིགས་དང་སྦྲགས་བླང་དོར་བཀའ་སློབ་ལམ་སྟོན་ལྷུག་སྩོལ་གནང་བས་དགེ་ལས་སློབ་ཕྲུག་ཡོངས་ལ་སྐུལ་འདེབས་ཆེན་པོ་ཐེབས་ཡོད།
ལྷག་པར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་འདིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་བཀའ་སློབ་ཕེབས་དོན།
“ང་ཚོ་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད་ལ། བསམ་བློ་ཞིག་དང༌། ལུས་པོ་ཞིག་ཡོད། ལུས་པོ་དེ་ལ་བདེ་བ་ཞིག་ཡོང་ཆེད་ཕྱིའི་མཐུན་རྐྱེན་དང༌། བསམ་བློ་དེ་ལ་བདེ་བ་ཡོང་ཆེད་སེམས་ཀྱི་བདེ་སྐྱིད་དགོས། དེ་གཉིས་སྒྲུབ་ཐབས་སུ་དེང་དུས་ཀྱི་ཤེས་ཡོན་དང༌། བོད་ཀྱི་གནའ་རབས་ཀྱི་ཤེས་ཡོན་གཉིས་པོ་ཟུང་འབྲེལ་ཐུབ་ན་ལུས་སེམས་གཉིས་ཀར་བདེ་སྐྱིད་དང༌། མི་ཚེ་ཚད་ལྡན་ཞིག་ཡོང་རྒྱུ་སྨོས་མི་དགོས་ལ། དེ་ནི་ང་ཚོ་བོད་མི་རིགས་ཀྱི་ཁྱད་ཆོས་ཤིག་ཀྱང་ཆགས་ཡོད། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ནི་མིའི་སེམས་ཤུགས་ལ་བརྟེན་ནས་ཡོང་གི་ཡོད། དེ་འདྲ་ཡིན་དུས་ཁྱེད་རྣམས་ཀྱི་སེམས་ལ་བཅངས་ནས་དེང་དུས་ཀྱི་ཤེས་ཡོན་དང༌། བོད་རང་གི་ཤེས་ཡོན་ཟུང་དུ་འབྲེལ་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན། སློབ་ཕྲུག་འགའ་ཤས་འཛིན་གྲྭ་བརྒྱད་པ། དགུ་པ། བཅུ་པ་ཙམ་ནས་ནང་མིའི་དཀའ་སེལ་ཆེད་ནང་ལས་བྱས་ནས་སྡོད་མཁན་ཡོད་པ་གོ་ཐོས་བྱུང༌། དེ་ཚོ་ནོར་བ་རེད་ཅེས་བཤད་ཀྱི་མེད་ཀྱང༌། ག་ཚོད་ཐུབ་ཐུབ་ཀྱིས་མཐོ་རིམ་སློབ་གྲྭར་འགྲོ་ཐུབ་པ་བྱེད་དགོས། ལྷག་པར་དུ་ཆེད་ལས་པའམ། ཡང་ན་རིགས་གཅིག་རྐང་འཛིན་གྱི་ཐོག་ནས་སློབ་སྦྱོང་མཐར་འཁྱོལ་ཡོང་ཐབས་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། སློབ་སྦྱོང་ནི་ཁྱིམ་ཚང་གཅིག་གི་དོན་མ་ཡིན་པར་ང་ཚོའི་མི་རིགས་ཤིག་གི་དོན་གནད་ལ་ཐུག་ཡོད། དཔེར་ན། བོད་ནང་གི་བོད་མིར་ཆ་མཚོན་ན། རྒྱ་མིའི་སློབ་སྦྱོང་གི་ཚད་གཞི་གང་ཞིག་ལ་སླེབས་པ་ལྟར་བོད་ཀྱི་རིག་གནས་དེ་ཡང་དེ་བཞིན་གནས་ཐུབ་པ་བྱ་དགོས། ང་ཚོས་བོད་ལ་རང་སྐྱོང་རྩོད་ལེན་བྱེད་ཀྱི་ཡོད་པ་དང༌། རང་སྐྱོང་ཡོང་བར་རང་འཚོ་རང་གནས་ཐུབ་པ་བྱེད་དགོས། དེ་ལྟར་ཡོང་བར་མི་རིགས་རང་ཉིད་ཀྱི་འཛུགས་སྐྲུན་བྱེད་ཐུབ་པའི་ལས་དོན་དང༌། སྤྱི་ཚོགས་ཀྱི་ལས་འགན་ཁག་དཀའ་བ་ཁྱད་དུ་བསད་ནས་བྱ་ཐུབ་པ་ཞིག་དགོས་ཀྱི་རེད།
ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རང་དབང་ལུང་པའི་གོ་སྐབས་བཟུང་ནས་སློབ་སྦྱོང་ཚད་ལྡན་ཞིག་གམ། ཚད་མཐོན་པོར་སླེབས་པ་ཞིག་བྱུང་བ་ཡིན་ན། བཙན་བྱོལ་དུ་ཡོད་པའི་རིང་རྒྱ་གར་སྤྱི་ཚོགས་ནང་ཞབས་འདེགས་ཏན་ཏན་ཞུ་ཐུབ་པ་མ་ཟད། ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་བོད་ནང་ལ་ཡང་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཞབས་འདེགས་ཀྱི་ནུས་པ་ཐོན་པ་ཞིག་ཡོང་ཐུབ་རྒྱུར་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན། ཁྱེད་རང་ཚོས་ལོ་བཅོ་ལྔ་ཉི་ཤུའི་རིང་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱེད་དགོས་བསམ་པ་ནང་བཞིན་ད་དུང་ཡང་སེམས་ཤུགས་བརྟན་པོར་གནས་དགོས་པ་རེད།
རྒྱ་གར་གཞུང་གིས་གནས་ཚུལ་མང་པོ་ཞིག་ལ་དགོངས་པ་བཞེས་ནས་གཙོ་ཆེ་ཤོས་ཤིག་ལ་འཕགས་བོད་དབར་དམིགས་བསལ་འབྲེལ་བ་ཞིག་ཡོད་པ་དང༌། གཉིས་ནས་རྒྱ་དཀར་ནག་གི་འབྲེལ་བ་མང་པོ་ཞིག་གི་ཆ་ནས་བོད་མིའི་སློབ་གྲྭ་གལ་ཆེན་པོར་གཟིགས་ནས། དབུས་གཞུང་ནས་དམིགས་བསལ་གྱི་ཐུགས་འཁུར་བཞེས་ནས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་གནང་ཡོད། འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་ལ་སློབ་གྲྭ་ཁག་བརྒྱུད་ནས་རིམ་པས་སློབ་ཐོན་མི་རབས་དེ་ཚོ་ད་ལྟ་བཙན་བྱོལ་གྱི་སྤྱི་ཚོགས་ནང་མི་རབས་གཙོ་བོ་ཞིག་ཆགས་ཡོད། དེ་ཕན་ཆད་བཙན་བྱོལ་བོད་མི་མང་ཆེ་བ་སློབ་གྲྭ་འགྲིམས་ནས་སློབ་གྲྭ་ཐོན་མཁན་ཤ་སྟག་ཆགས་ཀྱི་འདུག དེང་སང་རྒྱ་གར་ནང་གི་བོད་པ་ཚོའི་ཤེས་ཡོན་གྱི་གནས་ཚད་དང༌། བོད་ནང་གི་ཤེས་ཡོན་གྱི་གནས་ཚད་གཉིས་བསྡུར་བ་ཡིན་ན། རྒྱ་གར་ནང་ལེགས་པ་ཆགས་ཡོད། དེ་རིང་གོ་སྐབས་འདིའི་ཐོག་རྒྱ་གར་གྱི་སྲིད་བློན་ཟུར་པ་ནེཧུ་རུས་གཙོས་པའི་རྒྱ་གར་གཞུང་དབུས་ཀྱི་གཞུང་ཞབས་ཡིན་ནའང་འདྲ། མངའ་སྡེའི་འབྲེལ་ཡོད་ཚོས་འགན་འཁུར་ཆེན་པོ་ཞིག་བླངས་ནས་རེ་བ་ཆེན་པོ་ཞིག་བརྒྱབ་ཡོད། དེ་འདྲའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། ད་ལྟ་འདིར་དངོས་སུ་སློབ་གྲྭའི་ནང་ལ་ཡོད་པའི་ཕྲུ་གུ་ཚོ་ལ་སློབ་སྦྱོང་སྤྲད་ནས་བོད་མི་བཙན་བྱོལ་བའི་ཁྲོད་ཀྱི་རྒྱ་གར་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག གཞིས་ཆགས་ནང་མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་ཏན་ཏན་ཡོང་གི་ཡོད་ཀྱང་ཚང་མས་འབད་བརྩོན་ཧུར་ཐག་བྱས་ཡོད། འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་ལ་དཀའ་ངལ་ལ་གདོང་ལེན་གནང་མཁན་རྒྱ་གར་དགེ་རྒན་རྣམས་ཀྱིས་བྱས་རྗེས་ཆེན་པོ་བཞག་གནང་ཡོད་པ་ནི་བཀའ་དྲིན་ཆེན་པོ་རེད། དེ་དག་ལ་དྲན་གསོ་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དུ་ང་ཚོ་བོད་རིགས་དགེ་རྒན་ཚོར་མཚོན་ན། སོ་སོའི་འགན་རེད་ལ། སོ་སོའི་མི་རིགས་ཀྱི་ཞབས་འདེགས་ཆགས་ཡོད། ལྟོ་གོས་ཙམ་གྱི་ཆེད་དུ་མ་ཡིན་པར་མི་རིགས་ལ་ཞབས་འདེགས་ཞུ་མཁན་ཆགས་པ་ཡིན་དུས། ཁྱེད་རང་ཚོས་ཧུར་ཐག་བྱེད་ཀྱི་ཡོད་རེད་ལ། ད་དུང་ཡིན་ན་ཡང་དགེ་རྒན་ཚང་མས་སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱེད་རོགས་གནང་ཞུ་རྒྱུ་ཡིན།
བོད་པའི་ཕྲུ་གུ་ཚོས་སློབ་སྦྱོང་བྱེད་རྒྱུ་དེ་རྒྱ་གར་ཡུལ་མི་ཚོ་དང་རྩ་བ་ནས་གཅིག་པ་མིན། མི་ཚེ་སྐྱེལ་རྒྱུར་ཤེས་བྱ་ཡོན་ཏན་དགོས་རྒྱུ་ཚང་མར་གཅིག་པ་རེད། ང་ཚོར་དེའི་སྒང་ལ་ཁ་སྣོན་གང་དགོས་རེད་ཟེར་ན། ང་ཚོར་སོ་སོའི་ལུང་པར་དཀའ་ངལ་དང༌། ཞེད་སྣང་ཞིག་གི་འོག་གནས་ཡོད། བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་ཚོས་རང་དབང་མེད་ཀྱང་སོ་སོའི་བོད་པའི་ཆོས་དང༌། རིག་གཞུང༌། མི་རིགས་བཅས་ལ་ཞེན་ཁོག་བྱས་པར་ཧ་ལམ་ཆབ་སྲིད་ཐོག་ངན་ཁག་གཡོགས་ཏེ། ནག་ཐིག་རྒྱག་རྒྱུ་ཞིག་ཆགས་ཀྱི་ཡོད།  ཁ་ནས་བཤད་མ་ཕོད་པའི་གནས་ཚུལ་འོག་གནས་ཡོད། དེ་འདྲ་ཡིན་དུས་རང་ཤུགས་ཀྱིས་བོད་པའི་ཤེས་ཚད་ཉམས་ཆག་འགྲོ་བའི་གནོན་ཤུགས་མུ་མཐུད་ཡོང་གི་ཡོད། ལྷག་པར་དུ་བོད་ཀྱི་ས་ཁུལ་ཆེ་ས་ལ་རྒྱ་མི་ཕོན་ཆེན་པོ་ཡོང་གི་ཡོད། དཔེར་ན་ལྷ་ས་གྲོང་ཁྱེར་ལ་མི་འབུམ་གསུམ་ཙམ་ཡོད་པ་རེད། དེའི་ནང་ནས་མི་འབུམ་གཉིས་ཙམ་རྒྱ་མི་དང༌། འབུམ་གཅིག་བོད་མི་ཡིན་པ་རེད། ལྷ་སའི་ཁྲོམ་གཞུང་གིས་མཚོན། ཚོང་ཁང་དང༌། ཟ་ཁང༌། ཇ་ཁང་སོགས་མང་ཆེ་བ་རྒྱ་མིས་བཟུང་ཡོད་པ་དང༌། ལྷ་ས་གྲོང་ཁྱེར་ནང་ཡོད་པའི་བོད་པ་ཚོས་ཉོ་ཆ་རྒྱག་སྐབས་རྒྱ་སྐད་རྒྱག་དགོས་ཀྱི་ཡོད་པ་དང༌། ཇ་ཞིག་འཐུང་དགོས་ཀྱང་རྒྱ་སྐད་རྒྱག་དགོས། ཟ་ཁང་སོགས་ཀྱི་ནང་འགྲོ་སྐབས་ཀྱང་རྒྱ་སྐད་རྒྱག་དགོས་པ་ཆགས་ཡོད། དེར་བརྟེན་བོད་པའི་སྐད་ཡིག་གིས་མཚོན་པའི་ཆོས་དང༌། རིག་གཞུང་ཐོག་རང་བཞིན་གྱིས་ཉམས་ཆག་ཆེ་རུ་འགྲོ་གི་ཡོད། ང་ཚོ་རང་དབང་ལུང་པར་གནས་པའི་བོད་རོགས་ཚོས་རང་དབང་གི་གོ་སྐབས་བཟུང་སྟེ། ནེ་ཧུ་རུས་གསུངས་པ་བཞིན་བོད་ཀྱི་རྩ་དོན་བསྒྲུབ་ཆེད་དེང་དུས་དང་གནའ་རབས་ཀྱི་ཤེས་ཡོན་ལ་འབད་བརྩོན་བྱེད་དགོས་རྒྱུ་གནད་འགག་ཏུ་ཐུག་ཡོད་པས། ཁྱེད་ཚོས་ཧུར་ཐག་བྱེད་རོགས་ཞེས་བརྗོད་རྒྱུ་ཡིན།” ཞེས་བཀའ་སློབ་ལམ་སྟོན་ཞིབ་གསལ་གནང་ཡོད།ཧུན་སུར་སློབ་སྤྱི་ཨར་ཨན་ཏི་ཝ་རི་ལགས་ནས་གསུང་བཤད་གནང་བཞིན་པ།(༢༠༠༩།༨།༢༢)
ཕྱི་ལོ་༢༠༠༩ ཟླ་༨ ཚེས་༢༢ ཉིན་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་གཉིས་ཟུང་འབྲེལ་གྱིས་སློབ་གྲྭ་འདིར་ཤེས་ཡོན་རྟོག་ཞིབ་གནང༌།
སློབ་གྲྭ་འཛིན་སྐྱོང་གི་ལས་དོན་དབུས་བོད་སློབ་འཛིན་ཚོགས་ནས་སློབ་སྤྱི་བསྐོ་འཛུགས་ཀྱིས་གནང་མུས་ཀྱང༌། རྒྱ་གར་གཞུང་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་ལམ་སྲོལ་ལྟར་སློབ་གྲྭའི་འཛིན་སྐྱོང་གི་ལས་དོན་ཆ་བགོས་སམ་སློབ་གྲྭར་རོགས་འདེགས་ཀྱི་ཚོགས་ཆུང་དུ་མ་ཞིག་ཡོད་པ་དཔེར་ན། བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་དང༌། ས་གནས་རྫོང་དཔོན་ཡོད་པའི་ས་གནས་སློབ་སྟོན་ཚོགས་ཆུང་དང༌། དགེ་རྒན་ཕ་མའི་འཐུས་ཚོགས། སློབ་གྲྭའི་སྒྲིག་དམ་ལྷན་ཚོགས། རིག་གཞུང་ལྷན་ཚོགས་སོགས་ལྟ་བུའོ། །