ཧར་པ་པུར་ཉིན་སློབ།

[toc]

༡།     འགོ་འཛུགས།

ཧར་པ་པུར་དབུས་བོད་མིའི་སློབ་གྲྭ་ནི། ཕྱི་ལོ་༡༩༧༠ ལོར་གསར་འཛུགས་གནང་ཞིང༌། ཐོག་མར་དང་སློབ་(Special Frontier Force)ལས་ཁང་གིས་འཛིན་སྐྱོང་གནང༌། དང་སློབ་དམག་སྤྱི་ཟུར་པ་སྐུ་ཞབས་ཤར་དཱ་(Major General Sharda, then Inspector General, SFF)དང་དབུས་བོད་སློབ་འཛིན་ཚོགས་དྲུང་ཆེ་སྐུ་ཞབས་དཱ་ཏཱ་(S.P. Datta)གཉིས་ཀྱི་འབད་བརྩོན་ལ་བརྟེན་ནས། ཕྱི་ལོ་༡༩༩༤ ཟླ་༧ ཚེས་༢༣ ཉིན་སློབ་གྲྭ་འདི་ཉིད་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་རྩིས་བཞེས་གནང༌། སྐབས་དེར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༥༣༡ དང༌། སློབ་སྤྱི་ཚུད་པའི་དགེ་རྒན་གྲངས་༢༢ ཡོད། ཕྱིས་སུ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་སློབ་གྲྭ་གནས་སྤོས་གནང༌། སློབ་གྲྭ་འདི་ཨུཏ་རན་ཅལ་མངའ་སྡེའི་ཌོན་ལུང་གཤོངས་ཀྱི་ནུབ་རྒྱུད་དུ་ཆགས་ཤིང༌། ལྡེ་ར་ལྡུན་ནས་ཤར་དུ་ཀི་ལོ་མི་ཊར་༣༦ དང༌། སྤོན་ཊ་ཆོལ་གསུམ་གཞིས་ཆགས་ནས་ནུབ་ཏུ་ཀི་ལོ་མི་ཊར་༡༤ ཙམ་གྱི་སར་ཆགས་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༤༢༣ དང་དགེ་ལས་གྲངས་༣༢ ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

ཐོག་མའི་སྐབས་སུ་སློབ་གྲྭ་འདིའི་གཞི་རྩའི་མཐུན་རྐྱེན་ཞན་ནའང༌། དང་སློབ་ཕ་མའི་ཕྲུ་གུ་མང་པོ་བཅའ་སྡོད་ཐོག་ཐག་ཉེ་མི་མང་གི་ཕྲུ་གུ་སློབ་འཇུག་བྱས། སློབ་གྲྭ་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་སྤྲོད་བྱས་ནའང༌། སློབ་མའི་ཉལ་ཁང་ད་བར་དང་སློབ་ཚོགས་པས་འཛིན་སྐྱོང་གནང་མུས་ཡིན། ཕྱི་ལོ་༡༩༩༨ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་སྒོར་ཆིག་འབུམ་བཏང་སྟེ་སློབ་གྲྭའི་མདུན་ཐང་ར་བར་ཨར་འདམ་བཏིང༌། ཕྱི་ལོ་༡༩༩༩ ལོར་སློབ་ཁང་དང་ལས་ཤག་ཚང་མ་བཟོ་བཅོས་དང་དང༌། ཕྱི་ལོ་༢༠༠༧ ལོར་ལས་ཤག་༤ དང་འཛིན་ཁང་༡ བཅས་གསར་རྒྱག་གནང༌། དེང་སྐབས་སློབ་གྲྭ་འདིར་ལག་ཤེས་སྡེ་ཚན་དང་འདབས་འབྲེལ་གྱི་ཁང་མིག་༢ དང༌། འཛིན་ཁང་ཚད་ལྡན་༥ ཚན་རིག་དང་རྩིས་རིག ས་ཁམས་སོགས་ཚོད་ལྟ་ཁང་༤ ཨང་རིམ་གཉིས་པ་ཅན་གྱི་ལས་ཤག་༡༢ དགེ་སློབ་གཉིས་ཀྱི་དགོས་མཁོ་ལ་གཞིགས་པའི་དཔེ་དེབ་བལྟ་ཀློག་བྱ་སའི་དཔེ་མཛོད་ཁང་ཡངས་ཤིང་རྒྱ་ཆེ་བ་བསྐྲུན་པའི་ནང་ཨིན་ཧིན་བོད་གསུམ་གྱི་དཔེ་དེབ་དང༌། ཚགས་པར་སྣ་ཚོགས་ཡོད་ལ། ལོ་རེར་དབུས་བོད་སློབ་འཛིན་ཚོགས་ནས་དཔེ་མཛོད་ཡར་རྒྱས་དང་དཔེ་དེབ་གསར་ཉོའི་མ་དངུལ་ནར་གཏོང་གནང་མུས་ཐོག སྐྱབས་བཅོལ་བོད་མིའི་སློབ་ཕྲུག་ཚོར་དུས་རྒྱུན་སློབ་དེབ་དང་ཡིག་ཆས་རིན་མེད་གསོལ་རས་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་དགེ་རྒན་དང་སློབ་ཕྲུག་ཆེ་འབྲིང་ཆུང་གསུམ་སོ་སོའི་བློ་དང་འཚམས་པའི་བོད་ཡིག་ཀློག་ལྟའི་དེབ་རིགས་སྣ་མང་ཕུན་སུམ་ཚོགས་པ་རིན་མེད་མཁོ་འདོན་གནང་བཞིན་ཡོད། གཞན་ཡང་ཨང་རིམ་གསུམ་པ་ཅན་གྱི་ལས་ཤག་༤ ཨང་རིམ་དང་པོ་ཅན་གྱི་ལས་ཤག་༢ བཅས་ཀྱི་ལས་གཞི་འགྲོ་བཞིན་པའི་ཐོག  ཕྱི་ལོ་༢༠༠༩ ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་འཛིན་ཁང་འཕར་མ་༡ དང་ཡིག་ཚང༌། ས་འོག་ཆུ་འཐེན་སྒྲིག་ཆས། ལས་ཤག་༦ དང་དགོས་མཁོའི་མཐུན་རྐྱེན་ཆ་འགྲིགས། ལས་ཤག་དང་སྡོད་ཁང་གི་ཆུ་འཐེན་འཕྲུལ་འཁོར་གསར་སྐྲུན་བཅས་ཁྱོན་བསྡོམས་སྒོར་འབུམ་༡༨ ལྷག་གི་འཛུགས་སྐྲུན་ལས་འཆར་བཀའ་འཁྲོལ་གནང་ཡོད།

༣།     སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

སློབ་གྲྭ་འདིར་འཛིན་རིམ་བཅུ་པ་ཐོན་རྗེས་སྒྱུ་རྩལ་ཆེད་ལས་ཐོག་སློབ་སྦྱོང་བྱེད་སའི་སྡེ་ཚན་བཙུགས་ཡོད། ད་བར་སློབ་གྲྭ་འདི་ནས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་འོག་ཡོད་པའི་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ལྷན་ཁང་(AISSCE)ནས་ངོས་ལེན་ཡོད་པའི་འཛིན་རིམ་བཅུ་གཉིས་སློབ་ཐོན་བྱུང་བའི་སློབ་ཕྲུག་༣༠༣ བྱུང་ཡོད། འདས་པའི་ལོ་ངོ་༢༡ རིང་ཧར་པ་པུར་དབུས་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ། ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ཧར་པ་པུར་སློབ་གྲྭར་སློབ་ཕྲུག་བུ་༢༡༦ དང་བུ་མོ་༢༢༣ བཅས་ཁྱོན་སློབ་ཕྲུག་༤༣༩ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དེའི་ཁྲོད་བོད་རིགས་སློབ་ཕྲུག་༣༣༣ དང༌། བོད་རིགས་མ་ཡིན་པ་༡༠༦ བཅས་ཡོད། སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གཤམ་གསལ།

བྱ་ར། ༡༠པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༣༧ ༩༧་༢༩ ༡༩
ཕྱི་ལོ་༡༩༩༩ ༢༧ ༩༦་༢༩ ༡༣༠ ༨༩་༤༧
ཕྱི་ལོ་༢༠༠༠ ༢༨ ༧༥་༠༠ ༡༤༣ ༡༠༠་༠༠
ཕྱི་ལོ་༢༠༠༡ ༤༨ ༧༥་༠༠ ༡༥༥ ༡༠༠་༠༠
ཕྱི་ལོ་༢༠༠༢ ༥༤ ༤༠་༧༤ ༡༣༠ ༩༤་༧༣
ཕྱི་ལོ་༢༠༠༣ ༣༡ ༧༤་༡༩ ༡༤༡ ༧༦་༠༠
ཕྱི་ལོ་༢༠༠༤ ༣༥ ༧༡་༤༣ ༡༢༩ ༡༠༠་༠༠
ཕྱི་ལོ་༢༠༠༥ ༣༦ ༧༢་༢༢ ༡༡༡ ༨༨་༨༨
ཕྱི་ལོ་༢༠༠༦ ༤༥ ༧༡་༡༡ ༡༣༢ ༡༠༠་༠༠
ཕྱི་ལོ་༢༠༠༧ ༤༧ ༧༨་༧༢ ༡༢༢ ༦༦་༦༠
ཕྱི་ལོ་༢༠༠༨ ༣༨ ༨༩་༤༧ ༡༥༥ ༧༤་༥༠
ཕྱི་ལོ་༢༠༠༩ ༤༧ ༩༧་༨༧ ༡༤༩ ༨༩་༢༨

༤།     ཤེས་ཡོན་ལས་རིམ་དང་གྲུབ་འབྲས། སློབ་གྲྭ་འདིའི་སློབ་ཚན་བཀོད་སྒྲིག་དང་སློབ་ཞོར་ཤེས་ཡོན་དང་རིག་གཞུང་བྱེད་སྒོ་བཅས་དབུས་བོད་སློབ་འཛིན་ཚོགས་སློབ་གྲྭ་བྱིངས་དང་སྤྱི་མཚུངས་ཡིན། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་དགེ་རྒན་དང་ལས་བྱེད་ཚོར་སོ་སོའི་ཆེད་ལས་ཡར་རྒྱས་ཡོང་ཆེད་ཆེད་ལས་སྦྱོང་བརྡར་ཚད་ལྡན་སྦྱོར་སྤྲོད་གནང་བའི་ཁར། ལས་རིགས་འདྲ་མིན་གྱི་དགོས་མཁོ་ལ་གཞིགས་པའི་རྒྱ་གར་གཞུང་འཛུགས་སློབ་གྲྭ་(Public Schools)དང༌། ཨཡི་ཨཡི་ཨེམ་(IIM)དང་ཚོགས་སྡེ་གཞན་བཅས་མཉམ་འབྲེལ་ཐོག་སྦྱོང་བརྡར་དང་ཟབ་སྦྱོང་གནད་སྨིན་གོ་སྒྲིག་གནང་མུས་ཡིན། སློབ་གྲྭའི་སྦྱོང་བརྡར་སྡེ་ཚན་ནས་དགེ་རྒན་ནང་ཁུལ་ཉམས་གསོག་སླད་ཕྱི་རྒྱལ་ཁག་ལ་འབྲེལ་ལམ་གྱིས་དགེ་རྒན་དང་སློབ་སྤྱི་བརྗེ་ལེན་གྱི་དམིགས་བསལ་ལས་རིམ་ཡང་སྤེལ་གྱི་ཡོད་པའི་ནང༌། དེང་སྐབས་ཨིན་ཡུལ་དང་ཉི་ཧོང་གི་སློབ་གྲྭ་གཉིས་ལའང་བརྗེ་ལེན་གྱི་ལས་རིམ་འགྲོ་མུས་ཡིན། དགེ་རྒན་གྱི་གནས་ཚད་མུ་མཐུད་ཡར་རྒྱས་གཏོང་སླད། ལོ་ལྟར་དགེ་རྒན་སོ་སོས་སློབ་ཁྲིད་བྱེད་སྟངས་མིག་སྟོན་གསལ་བཤད་ཀྱི་ལས་རིམ་སྤེལ་བར་བརྟག་ཞིབ་དང་སྦྲགས། སློབ་སྤྱི་དང་དགེ་རྒན་གཞན་ཚོས་གདེང་འཇོག་དང་བཅས་བགྲོ་གླེང་གི་སྒོ་ནས་ཉམས་མྱོང་དང་གོ་རྟོགས་སྤེལ་ཐབས་གནང་མུས་ཐོག དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་རིམ་ཁྲོད་སློབ་གྲྭ་ཕྱི་ནང་གི་ཁོར་ཡུག་མཛེས་སྡུག་ལྡན་པར་བཟོ་སྐྲུན་དང༌། ཉེ་འཁོར་ཉམས་གསོ་དང་བདག་སྐྱོང་རྒྱུན་གནས་ཡོང་ཐབས། འཛིན་གྲྭ་སོ་སོའི་སྐྱེད་ཚལ་ནང་ཤིང་སྣ་དང་མེ་ཏོག་འདེབས་འཛུགས་དང་གཅེས་ཉེ་ལས་གཞི་སོགས་སྤེལ་ཞིང༌། འཕྲོད་བསྟེན་གྱི་ལས་རིམ་ཁྲོད་སློབ་སྤྱི་མཆོག་གི་སྣེ་འཁྲིད་འོག་སྔ་དྲོ་དབུགས་སྦྱོང་བྱེད་པ་དང༌། འཕྲོད་བསྟེན་ལ་དོ་སྣང་དང་འབྲེལ་བའི་ཟུར་གསོག་ཁང་གསར་འཛུགས། རེག་དུག་གི་ནད་གཞིའི་ཐོག་གོ་རྟོགས་སྤེལ་ཆེད་འགྲེམས་སྟོན་གོ་སྒྲིག་སོགས་སྤེལ་བ། དམའ་རིམ་སློབ་ཕྲུག་བློ་གསལ་བ་རྣམས་ཀྱི་རི་མོའི་ནུས་རྩལ་ཡར་བསྐྱེད་སླད་སློབ་གྲྭའི་ཁོར་ཡུག་ཏུ་རི་མོའི་ལྡེབས་བྲིས་འབྲི་བཞེངས། ལོ་རེར་སློབ་གྲྭའི་ལོ་འཁོར་རྩེད་འགྲན་ཆག་མེད་གོ་སྒྲིག་ཞུ་མུས་ཐོག ཁང་ཚན་ནང་ཁུལ་བོད་ཡིག་སློབ་ཚན་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོ་དང་བྱེད་ནུས་མཚོན་སྟོན་ཆེད་གཏམ་བརྗོད་འཁྲབ་སྟོན། ཧིན་དི་སློབ་ཚན་ཚོགས་ཆུང་ནས་གཏམ་བཤད་དང་སྙན་ངག་གྱེར་འདོན་སོགས་ཀྱི་ལས་རིམ་གོ་སྒྲིག ཚན་རིག་སློབ་ཚན་ཚོགས་ཆུང་ནས་འཛམ་གླིང་ཚན་རིག་མཁས་དབང་སྐོར་དང་དེ་དག་གི་མཛད་རྗེས་ངོ་སྤྲོད། སྐྱེ་ཁམས་ཚན་རིག་ཚོགས་ཆུང་ནས་སྨན་རྫས་འཚོལ་བསྡུ་དང་ཤིང་སྣ་འདེབས་འཛུགས། སྤྱི་ཚོགས་ཚན་རིག་ཚོགས་ཆུང་ནས་ཕོ་བྲང་པོ་ཏཱ་ལ་སོགས་འདྲ་གཟུགས་བཞེངས་སྐྲུན། གཞན་ཡང་མདུན་ལམ་སློབ་སྟོན་དང་འབྲེལ་བའི་བགྲོ་གླེང་དང་འགྲེམས་སྟོན། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་པའི་སློབ་ཕྲུག་རྣམས་ལྡི་ལི་དང༌། འཛིན་རིམ་བརྒྱད་པ་དང༌། དགུ་པ། བཅུ་པའི་སློབ་ཕྲུག་རྣམས་ཅན་དྷི་སྒར། གཞི་རིམ་འོག་མའི་སློབ་ཕྲུག་རྣམས་དོན་གྲུབ་གླིང་དང་ར་ཇི་པུར་བཅས་སུ་ཤེས་ཡོན་བལྟ་སྐོར་གྱི་ལས་རིམ། སློབ་གྲྭའི་ཨིན་བོད་ཧིན་སྐད་གསུམ་དུས་དེབ་ཐབས་ཤེས་(Prayas)ཞེས་པ་ཞིག་ཀྱང་ལོ་རེར་འདོན་སྤེལ་བྱེད་མུས་ཡིན། ཕྱི་ལོ་༢༠༠༧ ཟླ་༩ ཚེས་༥ ཉིན་རྒྱ་གར་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་གཟེངས་རྟགས་དེ་ཧར་པ་པུར་སློབ་གྲྭའི་ཤིང་བཟོའི་དགེ་རྒན་བྷི་ཤིཏ་(D.S.Bisht)ལགས་སུ་ཐོབ་ཅིང༌། ལོ་དེའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ལེགས་གསོལ་གཟེངས་རྟགས་དེ་སློབ་གྲྭ་འདིའི་སློབ་སྤྱི་ཌོག་ཊར་ཨེ་ཀེ་གུབ་ཏ་(Dr.A.K.Gupta)ལགས་སུ་ཕུལ་ཡོད། ཕྱི་ལོ་༢༠༠༨ ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་སྐབས་མ་སུ་རི་བོད་ཁྱིམ་དང་ཨེས་ཨོ་ཨེས་བོད་ཁྱིམ་ཁག སམ་བྷོ་ཊའི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ཚུད་པའི་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་༥ ཡི་ནང་༣ ཧར་པ་པུར་དབུས་སློབ་ཀྱི་སློབ་ཕྲུག་ཡིན། ལོ་འདིར་ཧར་པ་པུར་སློབ་གྲྭར་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ལྷན་ཁང་(AISSCE)ནང་བོད་མིའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་གྲུབ་འབྲས་ནང་ནས་ཚན་རིག་སྡེ་ཚན་ཐོག་སློབ་ཕྲུག་གཉིས་ལ་ཨང་རིམ་རྩེ་ཕུད་ཐོབ། དེ་བཞིན་ཕྱི་ལོ་༢༠༠༩ ལོར་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ལྷན་ཁང་(AISSCE)ནང་བོད་མིའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་གྲུབ་འབྲས་ནང༌། ཧར་པ་པུར་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་ཕྲུག་གཉིས་དང༌། འཛིན་རིམ་བཅུ་གཉིས་པའི་ཚན་རིག་སྡེ་ཚན་གྱི་སློབ་ཕྲུག་གཅིག་བཅས་ནས་གྲུབ་འབྲས་རྩེ་ཕུད་བླངས་ཡོད།

༥།     གཞུང་འབྲེལ་འཚམས་གཟིགས།

དབུས་བོད་སློབ་འཛིན་ཚོགས་དང་རང་གཞུང་ཤེས་ལས། དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས(CBSE)ཀྱི་བཅས་འབྲེལ་ཡོད་འགོ་ལས་དང༌། ཆེད་ལས་མཁས་དབང་སོགས་ནས་འཚམས་གཟིགས་གནང་ཡོད་པ་ལས་ཉེ་བའི་ལོ་ཤས་འཚམས་གཟིགས་འགའ་དཔེ་མཚོན་དུ་བཀོད་ན། ཕྱི་ལོ་༢༠༠༣ ཟླ་༡༡ ནང་ཤེས་རིག་ལས་ཁུངས་ཀྱི་མཐོ་སློབ་མདུན་ལམ་སློབ་སྟོན་པ་སྐལ་བཟང་ཚེ་དབང་ལགས་ཆེད་ཕེབས་ཀྱིས་མདུན་ལམ་སློབ་སྟོན་གནང༌། ཕྱི་ལོ་ཕྱི་ལོ་༢༠༠༤ ཟླ་༩ ཚེས་འགོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལས་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌། ཕྱི་ལོ་༢༠༠༤ ཟླ་༡༠ ཟླ་དཀྱིལ་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་མཁས་དབང་པི་སི་བྷོ་སི་ང་(P.C. Bose)དང༌། ཨཡེ་སི་ཨཱ་ཧུ་ཇཱ་(I.C. Ahuja)གཉིས་ཆེད་དུ་གདན་ཞུས་ཀྱིས་ཚན་རིག་དང་ཨང་རྩིས་སློབ་སྦྱོང་དང་སློབ་ཁྲིད་ཐོག་བཀའ་སློབ་གསུང་བཤད་གནང༌། ཕྱི་ལོ་༢༠༠༥ ཟླ་༨ པའི་ནང་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་ཧ་པུར་གཏན་སློབ་འདིར་ཆེད་ཕེབས་ཀྱིས་གཞི་རིམ་གོང་མའི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནད་སྨིན་གནང༌། ཕྱི་ལོ་༢༠༠༥ ཟླ་༡༠ ཟླ་མཇུག་ཏུ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་དང་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་གཉིས་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་དང་སྤྱི་ཁྱབ་གནས་སྟངས་གཟིགས་རྟོག་གནང༌། ཕྱི་ལོ་༢༠༠༦ ཟླ་༡༡ པའི་ཟླ་དཀྱིལ་དུ་ཤེས་རིག་མཐོ་སློབ་ཚན་པའི་འགན་འཛིན་ཟུང་དྲུང་བཀྲ་ཤིས་སྒྲོལ་མ་དང་ཕྱག་རོགས་བཅས་ཆེད་ཕེབས་འཚམས་གཟིགས་ཀྱིས་མཐོ་སློབ་སློབ་ཡོན་ཞུ་སྟངས་སོགས་ངོ་སྤྲོད་གསུང་བཤད་གནང༌། ཕྱི་ལོ་༢༠༠༧ དང་༢༠༠༨ ནང་དབུས་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པ་སྐུ་ཞབས་ཝི་ནིཏ་ཇོ་ཤི་(Vineet Joshi)དང༌། ཤེས་ཡོན་འགན་འཛིན་ཨེས་པི་རན་ན་(S.P.Raina)གཉིས་ནས་འཚམས་གཟིགས་དང་འབྲེལ་ཤེས་ཡོན་རྟོག་ཞིབ་དང་སྤྱི་ཁྱབ་གནས་སྟངས་གཟིགས་རྟོག་བཅས་གནང༌། ཤེས་ཡོན་འགན་འཛིན་རཱ་ཝཏ་དང་ཨེས་པི་རན་ན་སྔ་ཕྱི་ཐེངས་གཉིས་ཙམ་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞི་དང་ལྷག་པར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ལེགས་ཐོན་ཡོང་བའི་ཐབས་ལམ་སློབ་སྟོན། སྤྱི་ཁྱབ་གནས་སྟངས་གོང་མཐོར་ཡོང་བའི་ལམ་སྟོན་བཀའ་སློབ་གསུང་བཤད་གནང༌། ཨུཏ་རན་ཁན་ཌི་མངའ་སྡེའི་སོ་ནམ་བློན་ཆེན་ཊི་ཨེས་ར་ཝཏ་(T.S.Rawat)དང་མངའ་སྡེའི་གྲོས་ཚོགས་འཐུས་མི་རཱ་ཇི་ཀུ་མར་(Raj Kumar)དང༌། ཨེམ་ཨེས་ཅོ་ཧན་(M.S.Chauhan)བཅས་སློབ་གྲྭའི་ལོ་འཁོར་དུས་ཆེན་དང་ལོ་འཁོར་རྩེད་འགྲན་སོགས་ཀྱི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་ཤེས་སྤྱོད་གཙང་གསུམ་གཙོས་མི་རིགས་ཀྱི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་དགོས་གལ་ཆེ་བའི་སྐུལ་ལྕག་དང་སྦྲགས་གསུང་བཤད་ཟབ་རྒྱས་གནང༌། བོད་མི་མང་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཆེད་ཕེབས་ཀྱིས་ཤེས་ཡོན་དང་རིག་གཞུང་གཅེས་འཛིན་བྱེད་ཕྱོགས་ཐད་གསུང་བཤད་གནང༌། དབུས་བོད་སློབ་འཛིན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་མཁས་དབང་སྐུ་ཞབས་ཤར་མ་(P.B.Sharma)དང༌། ཨཡེ་སི་ཨཱ་ཧུ་ཇཱ་(I.C. Ahuja)རྣམ་གཉིས་ཆེད་དུ་གདན་ཞུས་ཀྱིས་ཚན་རིག་དང་ཨང་རྩིས་སློབ་སྦྱོང་དང་སློབ་ཁྲིད་གཙོས་ཡིག་རྒྱུགས་སྐབས་བརྒྱ་ཆ་མཐོན་པོ་ལོན་ཐབས་མན་ངག་བཅས་སློབ་སྟོན་གནང༌། དེ་བཞིན་རྒྱ་གར་དབུས་འབྲིང་སློབ་ཡིག་རྒྱུགས་ཚོགས་པའི་འགན་འཛིན་སྐུ་ཞབས་ཤར་མ་(P.B.Sharma)དང༌། ས་ད་ན་པཱ་ར་ཤར་(Sadhana Parashar)རྣམ་གཉིས་ཆེད་དུ་གདན་ཞུས་ཀྱིས་ཤེས་ཡོན་རྟོག་ཞིབ་དང་སློབ་ཁྲིད་ཐབས་ལམ་གྱི་སྦྱོང་བརྡར་གོ་སྒྲིག་བྱས་ཏེ། དགེ་སློབ་གཉིས་སྤྱི་ཡོངས་ཀྱི་གནས་ཚད་གོང་མཐོར་བཏང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཆེད་ཕེབས་ཀྱིས་སྤྱིར་མདུན་ལམ་འདེམས་ཕྱོགས་དང་ལྷག་པར་སྒེར་གྱི་མདུན་ལམ་དང་དཀའ་ངལ་རིགས་སེལ་ཐབས་སྐོར་གྱི་ལམ་སྟོན་དང་གྲོས་བསྡུར་ཞིབ་རྒྱས་གནང༌། ཕྱི་ལོ་༢༠༠༩ ནང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་ད་རུ་མན་(C.Dharuman)དང་O.N.G.C.སློབ་གྲྭའི་སློབ་སྤྱི་བྷི་ཨེན་སིང་ཧ།(B.N.Sinha) ཇོན་སོན་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་མེ་གྷ་(Megha)བཅས་འཚམས་གཟིགས་སུ་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་དང་སྤྱི་ཡོངས་གནས་སྟངས་གཟིགས་ཞིབ་གནང་བའི་རིང༌། སློབ་ཁྲིད་ཐབས་ལམ་དང༌། ཤེས་ཡོན་གྱི་ངོས་འཛིན། ཡིག་རྒྱུགས་གཏོང་ཕྱོགས། ཡ་རབས་གཤིས་སྤྱོད་སོགས་ཀྱི་ཐད་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང༌། ས་གནས་འཐུས་ཚབ་(Nagar Panchayal)ཀྱི་འགོ་འཛིན་དན་དེ་ཤ་ཡུ་ནི་ཡལ་དང༌། སན་ཊི་མེ་རི་དགེ་རྩའི་སློབ་གྲྭ་(St.Mary Convent School)ཡི་སློབ་སྤྱི་རི་ཛི་ན་(Sis.Rezina)རྣམ་གཉིས་ཆེད་དུ་གདན་ཞུས་ཀྱིས་སློབ་གྲྭའི་ལོ་འཁོར་རྩེད་འགྲན་གྱི་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང༌། དང་སློབ་དམག་དཔོན་བྷ་ར་ཏ་(S.F.F.Commondant Brigade Bharat Bhu)མཆོག་སློབ་གྲྭའི་ལོ་འཁོར་དུས་སྟོན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་ཤེས་ཡོན་དང་བྱེད་སྒོ་སྣ་ཚོགས་ཐོག་གྲུབ་འབྲས་རྩེ་ཕུད་སློབ་མར་ལེགས་གསོལ་དང་བསྔགས་བརྗོད། དགེ་སློབ་ཡོངས་ལ་ལམ་སྟོན་གསུང་བཤད་བཅས་གནང༌། བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་འཚམས་གཟིགས་སུ་ཆེད་ཕེབས་ཀྱིས་ཤེས་ཡོན་སྤྱི་དང་ཁྱད་པར་འཛིན་སྐྱོང་དང་རིགས་གཅིག་རྐང་འཛིན་གསོ་སྐྱོང་སྐོར་དམིགས་བསལ་གསུང་བཤད་གནང༌། རྟོག་ཞིབ་དང་སློབ་སྟོན། འཚམས་གཟིགས་དེ་དག་བརྒྱུད་དགེ་སློབ་ཚོའི་ལྷག་བསམ་དང་གོ་རྟོགས་གོང་མཐོར་འགྲོ་བར་ཕན་ནུས་གང་ལེགས་ཐོན།