སོ་ན་མདའ་གཞིས་སློབ།

[toc]

༡།     འགོ་འཛུགས།

སོ་ན་མདའ་དབུས་བོད་མིའི་སློབ་གྲྭ་ནི། རྒྱ་གར་ཤར་ཕྱོགས་ནུབ་བྷང་གལ་ཞེས་པའི་ཤི་ཝ་ལིཀ་ཞེས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་མཚོའི་ངོས་ནས་ཕི་ཁྲེ་༦༥༠༠ ཙམ་གྱི་གནས་སུ་ཆགས་ཡོད། སློབ་གྲྭ་དེར་ཤི་ལི་གུ་རི་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་༦༥ ཡས་མས་དང༌། བྱང་ཕྱོགས་རྡོ་རྗེ་གླིང་ནས་ཀི་ལོ་མི་ཊར་༢༠ ཡས་མས་ཀྱི་མཚམས་སུ་ཡོད།
སློབ་གྲྭ་དེ་ནི་ཐོག་མར་ཨ་རི་ཛ་དྲག་སྐྱོབ་གསོ་ཚོགས་པས་མཐུན་འགྱུར་འོག་བཙུགས་པའི་རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་ཞིང་ལས་ནུས་ཤུགས་དང་མཉམ་འབྲེལ་ཚོགས་པ་(རྒྱ་གར་གཞུང་གི་མཉམ་འབྲེལ་ཁྲིམས་གཞིའི་འོག་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཡིན།)ཞེས་པའི་ཁྱབ་ཁོངས་སུ་ཕྱི་ལོ་༡༩༧༥ ལོར་གསར་འཛུགས་གནང༌། ཐོག་མའི་དུས་སྐབས་སུ་འཛིན་ཁང་སོགས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་སེལ་ཤིང་ཁང་ཞིག་གསར་རྒྱག་གིས་འཛིན་གྲྭ་འཚོགས། སྐབས་དེར་སློབ་ཕྲུག་གྲངས་༢༠ དང་དགེ་རྒན་༢ ཡོད།
ཕྱིས་སུ་ཕྱི་ལོ་༡༩༧༥ ཟླ་༣ ནང་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བཞེས་གནང་ནས་ཕྱི་ལོ་༡༩༨༦ ཟླ་༥ ཚེས་༢༨ བར་ས་ཁུལ་དེ་གར་གནས། སློབ་གྲྭ་འདིའི་སློབ་སྤྱི་ཐོག་མ་སྐུ་ཞབས་ཝི་ཨེལ་གུཔ་ཏ་(V.L. Gupta)དང་དེ་ནས་སྐུ་ཞབས་པི་ཨེམ་ཐ་ཀུར།(P.M. Thakur) དེ་རྗེས་རཱ་ཝི་པྲ་ཏབ་(Ravi Pratap)བཅས་ཡིན།
སོ་ན་མདའ་ཉིན་སློབ་འདིར་འཛིན་རིམ་དང་པོ་ནས་བཅུ་པ་བར་ཡོད་ཅིང༌། ཕྱི་ལོ་༢༠༠༨ ལོར་བོད་རིགས་སློབ་ཕྲུག་གྲངས་༡༨༥ དང༌། ཡུལ་མིའི་སློབ་ཕྲུག་གྲངས་༤༧ བཅས་བསྡོམས་སློབ་ཕྲུག་༢༣༢ ཡོད་ཅིང༌། དགེ་རྒན་༡༧ ལས་བྱེད་༥ བཅས་དགེ་ལས་༢༢ བཅས་ཡོད།
སློབ་གྲྭ་འདིའི་ནང་སློབ་ཕྲུག་མང་ཆེ་བ་ཉེ་ཁུལ་མངའ་སྡེ་ནས་སླེབས་པའི་ཞག་སྡོད་སློབ་མ་ཡིན་ཞིང༌། སློབ་ཕྲུག་ཉལ་ཁང་གི་འཛིན་སྐྱོང་དང་གཟིགས་རྟོག་ནི་ས་གནས་འགོ་འཛིན་གཙོས་པའི་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་པས་གནང་བཞིན་ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭའི་ས་ཆའི་རྒྱ་ཁྱོན་ནི་ཨེ་ཀར་༥་༡༧༥ ཙམ་ཡོད། ཕྱི་ལོ་༡༩༨༦ ཟླ་༥ ཚེས་༢༨ ཉིན་སློབ་གྲྭ་འདི་བཞིན་སློབ་ཁང་གསར་པར་སྤོས། དེ་ནས་བཟུང་དབུས་བོད་སློབ་ཚོགས་པ་ནས་འཛིན་ཁང་དང་ཉལ་ཁང་བཟོ་བཅོས་དང་ཞིག་གསོ་རིམ་པ་གནང་ཡོད་ཅིང༌། ཁྱད་པར་ཉེ་བའི་ལོ་ཤས་ནང་དབུས་བོད་སློབ་འཛིན་ནས་མ་དངུལ་ཆེད་གཏོང་གིས་མཐུན་རྐྱེན་རྒྱ་ཆེར་བསྐྲུན་ཡོད། དཔེར་ན་ཕྱི་ལོ་༡༩༩༣ ལོར་སློབ་གྲྭའི་ཁང་བརྩེགས་འོག་མ་གཉེར་ཚང་དུ་བཟོ་བཅོས་དང༌། གློག་སྐུད་དང་གློག་ཆས་ལ་དམིགས་བསལ་ཞིག་གསོ། ར་བསྐོར་རྩིག་རྨང་གསར་སྐྲུན་གནང༌། ཕྱི་ལོ་༢༠༠༦ ལོར་འཛིན་ཁང་གསར་པ་༥ གསར་རྒྱག་དང༌།  ཕྱི་ལོ་༢༠༠༧ ལོར་སྤྱོད་སྒོ་སྣ་མང་ཅན་གྱི་ཚོགས་ཁང་གསར་རྒྱག སློབ་གྲྭའི་ལྕགས་རི་ཞིག་གསོ་གནང༌།
སློབ་གྲྭའི་ནང་བོད་མིའི་སློབ་ཕྲུག་ཡོངས་ལ་སློབ་དེབ་དང་ཀློག་བལྟའི་དེབ་རིགས་རིན་མེད་སྤྲོད་མུས་ཡིན། གཞན་ཡང་ཚན་རིག་ཚོད་ལྟ་ཁང༌། ཤེས་ཡོན་མཐུན་རྐྱེན་ལྟེ་གནས། རྩིས་རིགས་ཚོད་ལྟ་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། རོལ་དབྱངས་དང་ཞབས་གཞས། རྩེད་མོ་དང་ལུས་རྩལ། ལག་རྩལ་ལ་སོགས་ཀྱི་ཆེད་རྒྱུན་གྲོན་དང་དམིགས་བསལ་གཉིས་ཐོག་ནས་གྲོན་དངུལ་ནར་གཏོང་གནང་བཞིན་ཡོད་པས། དེང་སློབ་གྲྭའི་ནང་ཀམ་པུ་ཊར་སྦྱོང་བརྡར་ཁང་དང༌། ཚན་རིག་ཚོད་ལྟ་ཁང༌། རྩིས་རིག་དང་ས་ཁམས་ཚོད་ལྟ་ཁང༌། དེང་དུས་ཀྱི་ཆ་རྐྱེན་ལྡན་པའི་རོལ་དབྱངས་ཁང༌། ལུས་རྩལ་དང་རྩེད་རིགས་ཁང༌། ཉུང་མཐའི་གནས་ཚད་སྦྱོང་བརྡར་ཁང༌། སྒྱུ་རྩལ་དང་ལག་ཤེས་ཁང༌། ཤེས་ཡོན་ཐོན་ཁུངས་ལྟེ་གནས་ཁང་བཅས་ཡོད་པ་མ་ཟད། སློབ་གྲྭའི་དཔེ་མཛོད་ཁང་ནང་ཨིན་བོད་ཧིན་གསུམ་གྱི་དཔེ་དེབ་སྟོང་ཕྲག་དུ་མ་དང་ཆབས་ཅིག་དེང་རབས་ཀྱི་འཕྲུལ་དཔར་དང༌། མྱུར་འཕྲིན། རྩིག་བརྙན་འཕྲུལ་ཆས།(OHP) དྲ་རྒྱ་སོགས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།
སློབ་གྲྭ་འདིའི་དགེ་རྒན་ཚང་མ་དགེ་འོས་སྦྱོང་བརྡར་ཚད་ལྡན་ཐོན་པ་ཤ་སྟག་ཡིན། ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིའི་ནང་སློབ་ཕྲུག་གྲངས་༢༢༥ ཡོད་པ་དང༌། དགེ་རྒན་གྲངས་༡༤ དང༌། དགེ་རྒན་མིན་པའི་ལས་བྱེད་གྲངས་༥ བཅས་བསྡོམས་ལས་བྱེད་གྲངས་༡༩ ཡོད།

༣།     སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༢༡༩ ཡོད་པའི་ནང་བོད་པའི་ཕྲུ་གུ་༡༨༢ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༣༧ ཡོད། གཏན་ཉིན་སློབ་ཕྲུག་གྲངས་འབོར་ནི། གཏན་སློབ་ཕྲུ་གུ་གྲངས་༡༤༠ དང་ཉིན་སློབ་ཕྲུ་གུ་༧༩ བཅས་བྱུང་ཡོད།
ཕྱི་ལོ་༡༩༩༤ ནས་༢༠༠༨ བར་སློབ་གྲྭ་འདི་ནས་འཛིན་རིམ་བཅུ་པ་སློབ་མཐར་ཕྱིན་པའི་སློབ་མ་༤༥༡ བྱུང་ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སོ་ན་མདའ་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གཤམ་གསལ།

ལོ་དུས། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༡༨ ༥༠་༠༠
ཕྱི་ལོ་༡༩༩༩ ༥༧ ༣༤ ༡༡ ༡༢ ༥༩་༦༤
ཕྱི་ལོ་༢༠༠༠ ༡༦ ༡༥ ༩༣་༧༥
ཕྱི་ལོ་༢༠༠༡ ༤༢ ༢༡ ༢༠ ༥༠་༠༠
ཕྱི་ལོ་༢༠༠༢ ༣༧ ༡༡ ༢༣ ༣༠་༠༠
ཕྱི་ལོ་༢༠༠༣ ༡༠ ༦༠་༠༠
ཕྱི་ལོ་༢༠༠༤ ༡༨ ༡༥ ༧༨་༠༠
ཕྱི་ལོ་༢༠༠༥ ༡༢ ༡༡ ༨༣་༤༠
ཕྱི་ལོ་༢༠༠༦ ༢༤ ༢༡ ༨༤་༢༠
ཕྱི་ལོ་༢༠༠༧ ༣༡ ༢༩ ༧༥་༨༠
ཕྱི་ལོ་༢༠༠༨ ༢༧ ༢༤ ༨༨་༨༩
ཕྱི་ལོ་༢༠༠༩ ༢༡ ༡༩ ༩༠་༤༨

ཕྱི་ལོ་༢༠༠༧།༢༠༠༨ ལོར་སློབ་གྲྭ་འདིའི་འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་ལོ་འཁོར་རྒྱུགས་འཕྲོད་བརྒྱ་ཆ་༡༠༠ ཡིན་ཞིང༌། འཛིན་གྲྭ་དགུ་པའི་རྒྱུགས་འཕྲོད་བརྒྱ་ཆ་༩༣་༥༥ ཡིན་ལ། འཛིན་གྲྭ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་༨༨་༨༩ ལོངས་ཡོད།

༤།    ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
སློབ་གྲྭ་འདི་ཡང་དབུས་བོད་སློབ་འཛིན་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་གཞན་དང་སྤྱི་མཚུངས་བཞིན་སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་རིམ་ལྔ་པ་བར་བོད་ཡིག་བརྒྱུད་ལམ་ཐོག་སློབ་ཁྲིད་བྱེད་པ་དང༌། གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བཅུ་གཉིས་པར་ཨིན་ཡིག་བརྒྱུད་ལམ་ཐོག་ཤར་བསྐྱོད་བྱེད། རྡོར་གླིང་ཁུལ་འདིའི་སློབ་ཕྲུག་རྣམས་ལ་བལ་སྐད་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེ་བས་ན་གཞོན་རྣམས་བལྟ་ཅི། རྒན་རབས་ཁྲོད་མི་ཉུང་བ་ཞིག་བོད་སྐད་ཧ་ཅང་ཞན་པའི་དམིགས་བསལ་གནས་སྟངས་ལ་གདོང་ལེན་གྱིས་རེག་ཊར་དང་དགེ་རྒན་རྣམ་པས་དམིགས་བསལ་ཐུགས་ཁུར་བཞེས་ནས་སློབ་ཁྲིད་ཀྱི་ལས་རིམ་དང་ཆབས་ཅིག་གཙོ་བོ་བོད་སྐད་བརྡ་སྤྲོད་སྟངས་ཐོག་སློབ་སྟོན་ཤུགས་སྣོན་རྒྱག་མུས་ཡིན་ནའང༌། ཁྱིམ་ཚང་ཕ་མ་དང་སྤྱི་ཚོགས་གནས་སྟངས་ཀྱི་རླུང་ཤུགས་དྲག་པོའི་ཁྲོད་ཕན་ནུས་དམིགས་བསལ་འདོན་དཀའ་བའི་གནས་སུ་གྱུར་འདུག
སློབ་གྲྭའི་ནང་སྔ་དགོང་ཞལ་འདོན་དང་ཉལ་ཁང་ནང་རང་སྦྱོང་ཚོགས་བཞིན་ཡོད། ཞོགས་པའི་རྒྱལ་གླུའི་སྐབས་སློབ་མ་ཚོས་ཐོག་མར་བོད་ཧིན་སྐད་གཉིས་ཐོག་སྨོན་ཚིག་གྱེར་འདོན་བྱེད་པ་དང༌། དེ་རྗེས་སློབ་གྲྭའི་གླུ་གཞས་གཏོང་བ། དེ་རྗེས་སྤྱི་ཚོགས་གླུ་གཞས་གཏོང་བ། དེ་ནས་ཨིན་ཧིན་བོད་སྐད་གསུམ་ཐོག་གཏམ་བཤད་དང་སྙན་སྒྲོན། རྒྱུན་ཤེས་ངོ་སྤྲོད། དགེ་ལས་ཀྱི་གསུང་བཤད་སོགས་ནུས་རྩལ་འདོན་སྤེལ་དང་བསླབ་བྱ་ཐོས་སྒྲོག་བྱེད་པའི་ལས་རིམ་འཛིན་གྲྭ་རེས་མོས་ཀྱིས་སྤེལ་ཀྱི་ཡོད་ལ། ཉིན་གཉིས་རེའི་མཚམས་སློབ་གྲྭ་མ་ཚོགས་སྔོན་དུ་ཡོ་གའི་ལུས་སྦྱོང་ཐུན་མོང་ཐོག་ཆག་མེད་བྱེད་ཀྱི་ཡོད།
སློབ་གྲྭའི་སློབ་ཁྲིད་ཀྱི་དུས་ཡུན་རིགས་ཕུད་སློབ་གསེང་དུས་ཚོད་ནང་སློབ་གྲྭའི་ལོ་འཁོར་ལས་རིམ་འཆར་འགོད་གཞིར་བཟུང་སློབ་སྦྱོང་ལ་གཞོགས་འདེགས་ཀྱི་བྱེད་སྒོ་རྒྱུན་བསྟུད་སྤེལ་བཞིན་ཡོད། དེ་དག་ནི་ལོ་འཁོར་ལུས་རྩལ་འགྲན་ཚོགས་དང༌། ཁང་ཚན་འགྲན་བསྡུར། རིག་གཞུང་འཁྲབ་སྟོན་དང༌། རི་མོ་དང་རིག་རྩལ་འགྲན་ཚོགས། ཤེས་ཡོན་བགྲོ་གླེང༌། ཨིན་བོད་ཧིན་གསུམ་ཐོག་རྩོམ་ཡིག་འགྲན་བསྡུར་རྒྱལ་ཡོངས་དང་སློབ་ཁག་ནང་ཁུལ་ལས་འགུལ་ཁྲོད་བྱ་དགའ་དང་གཟེངས་རྟགས་མང་པོ་ཞིག་ཐོབ་ཡོད། སློབ་གྲྭའི་སློབ་མ་རྣམས་ལོ་ལྟར་ཕྱི་བསྐྱོད་ཉམས་གསོག་གི་ལས་རིམ་སྤེལ་མུས་ཁོངས། ཕྱི་ལོ་༢༠༠༦ ལོར་སློབ་ཕྲུག་རྒན་པ་རྣམས་སློབ་སྤྱི་དང་དགེ་རྒན་བཞིའི་འགོ་འཁྲིད་འོག་ས་གནས་དེའི་ཧི་མ་ལ་ཡ་རི་འཛེགས་ཞིབ་འཇུག་ཁང་(Himalaya Mountaineering Institute)དུ་བསྐྱོད་དེ་གངས་རིར་འཛེགས་པའི་ཤེས་བྱ་དང་ཉམས་མྱོང་བསགས་པ་དང༌། གཅན་གཟན་ཁང་སོགས་སུ་ལྟ་བསྐོར་བྱས་ཏེ་མཐོང་ཐོས་རྒྱ་བསྐྱེད་བྱུང༌།
སློབ་གྲྭ་འདིའི་སློབ་ཕྲུག་ཚོས་ལོ་རེར་བོད་ཨིན་ཧིན་གསུམ་སྐད་ཡིག་གསུམ་ཡོད་པའི་རྩེ་ཕུད་ཅེས་པའི་དུས་དེབ་ཞིག་འདོན་གྱི་ཡོད། དེའི་ནང་སློབ་གྲྭའི་སློབ་ཕྲུག་ཚོའི་ཤེས་ཡོན་ལ་སོགས་པའི་བྱེད་སྒོ་དང་གནས་ཚུལ་འདོན་སྤེལ་བྱེད་མུས་ཡིན། དེ་ཡང་རེས་གཟའ་ཟླ་བ་དང་མིག་དམར་ཉིན་ཨིན་སྐད་ལས་རིམ་དང༌། རེས་གཟའ་ལྷག་པ་དང་ཕུར་བུའི་ཉིན་བོད་སྐད་ལས་རིམ། རེས་གཟའ་པ་སངས་དང་སྤེན་པ་གཉིས་ལ་ཧིན་དི་ལས་རིམ་བཅས།
དེ་བཞིན་ཕུལ་བྱུང་སློབ་མ་བུམ་སྐྱོན་གསུམ་བྲལ་གྱི་སློབ་མ་ཕོ་མོ་དང༌། ཕུལ་བྱུང་ཁང་ཚན་འགན་བདག འཛིན་གྲྭ་དང་ཉལ་ཁང་ཁང་ཚན་ལ་གཙང་སྦྲ་ཕུལ་བྱུང་སོགས་འདེམས་སྒྲུག་གིས་བྱ་དགའ་སྤྲོད་པ་མ་ཟད། དུས་ཆེན་སོགས་སུ་སློབ་ཕྲུག་རྣམས་དང་བླངས་ཀྱིས་ཕྱིར་བསྐྱོད་དེ་ཁྲོམ་སྲང་དང་འབབ་ཚིགས་སོགས་ཁོར་ཡུག་གཙང་སྦྲ་ཞབས་ཞུའི་ལས་འགུལ་སྤེལ་གྱི་ཡོད།
གཞི་རིམ་འོག་མའི་ཨིན་ཇི་སློབ་དགེ་ཨེན་ཀེ་སིངྒ་(N.K Singh)ལ་ཕྱི་ལོ་༢༠༠༥ ལོའི་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་ཁོངས་སུ་འདེམས་སྒྲུག་གིས་ཕྱི་ལོ་༢༠༠༦ ཟླ་༩ ཚེས་༥ ཉིན་རྒྱ་གར་སྲིད་འཛིན་མཆོག་ནས་བྱ་དགའི་གཟེངས་རྟགས་གནང༌། གཞི་རིམ་འོག་མའི་བོད་དགེ་གཡུ་ལོ་སྒྲོལ་མ་ལགས་སུ་ཕྱི་ལོ་༢༠༠༧ ལོའི་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་ཁོངས་འདེམས་ཐོན་གྱིས་ཕྱི་ལོ་༢༠༠༨ ཟླ་༩ ཚེས་༥ ཉིན་གཟེངས་རྟགས་ཐོབ།
སོ་ན་མདའ་སློབ་གྲྭ་འདིར་ལོ་རེར་རྩིས་ཁྲར་རྩིས་ཞིབ་ནང་མ་དང་ཕྱི་མ་བཅས་ཐེངས་གཉིས་གནང་གི་ཡོད་པ་དང༌། སློབ་གྲྭའི་སློབ་སྤྱི་རིམ་བྱུང་གི་མཚན་གཞུང་དང་ལས་ཐོག་དུས་ཡུན་གཤམ་གསལ།

ཨང༌། མཚན། ཞབས་ཡུན།
༡། ར་ཝི་པྲ་ཏབ། ༡༩༨༧།༨།༥ ནས་ ༡༩༨༨།༦།༢༩
༢། ཨེས་ཨེ་ཛ་ཡེ་རྡི། ༡༩༨༨།༧།༡༦ ནས་ ༡༩༨༨།༨།༡
༣། ཨེན་སིངྒ༌། ༡༩༨༨།༨།༡ ནས་ ༡༩༨༩།༧།༡
༤། ཨེཆ་སི་ཏྲི་པ་ཋི། ༡༩༨༩།༧།༡ ནས་ ༡༩༩༠།༡༢།༡༣
༥། ཨེས་སྟོབས་རྒྱལ། ༡༩༩༡།༡།༢༥  ནས་ ༡༩༩༡།༦།༣
༦། ཨེ་ཀེ་ཅ་ཏུར་ཝེ་རྡི། ༡༩༩༡།༦།༣ ནས་ ༡༩༩༡།༧།༥
༧། ཌབ་ལུ་ལྷ་མོ། ༡༩༩༡།༧།༥ ནས་ ༡༩༩༤།༤།༢༧
༨། ཝི་ཀེ་སིངྒ༌། ༡༩༩༤།༤།༢༧ ནས་ ༡༩༩༨།༤།༢
༩། ཨར་ཅན་དྲ། ༡༩༩༨།༩།༡༩ ནས་ ༢༠༠༤།༨།༡
༡༠། ཨར་ཀེ་ཤྲི་བསྟབ། ༢༠༠༤།༨།༢

༥།     གཞུང་འབྲེལ་འཚམས་གཟིགས།

དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འབྲེལ་ཡོད་དབུ་ལས་རྣམ་པ་དང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་དང་དྲུང་ཆེ། བོད་མི་མང་སྤྱི་འཐུས། ཤེས་ཡོན་འགན་འཛིན་རྣམ་པ། ཚོགས་སྡེ་ཁག་གི་ལས་དོན་སྤེལ་མཁན་སོགས་སློབ་གྲྭ་འདིར་འཚམས་གཟིགས་ཆད་མེད་གནང་བའི་གནས་ཚུལ་ལས་ཉེ་དུས་སྐོར་མདོ་ཙམ་བཀོད་ན།
ཕྱི་ལོ་༢༠༠༥ ཟླ་༥ པའི་ནང་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་དང༌། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་སློབ་གྲྭ་འདིར་འཚམས་གཟིགས་ཀྱིས་ཤེས་ཡོན་དང་འཛིན་སྐྱོང་གང་ཅིར་རྟོག་ཞིབ་དོ་ནན་གནང་ཞིང༌། འབྲེལ་ཡོད་རང་གཞུང་གི་ཁྲིམས་སྒྲིག་དང་ཁྱད་པར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འགྲེལ་བརྗོད་གནང་བར་ས་གནས་མི་མང་དང་དགེ་སློབ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང༌།
ཕྱི་ལོ་༢༠༠༦ ཟླ་༦ པར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་སྐུ་ཞབས་འཇམ་དབྱངས་དབང་རྒྱལ་ལགས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་ལ་མ་འོངས་མདུན་ལམ་འདེམས་སྒྲུག་དང་རིགས་གཅིག་རྐང་འཛིན་སློབ་སྦྱོང་གནང་ཕྱོགས་ཐད་ལམ་སྟོན་ཟབ་སྦྱོང་སྤྲད།
དེ་བཞིན་ཕྱི་ལོ་༢༠༠༧ ཟླ་༧ པའི་ནང་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཆེད་ལས་པ་ཆོས་སྐྱིད་ལྷ་མོ་ལགས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་འཛིན་གྲྭ་གོང་མའི་སློབ་མ་རྣམས་ལ་དམིགས་བཀར་མདུན་ལམ་སློབ་སྟོན་གནང༌།
ཕྱི་ལོ་༢༠༠༧ ཟླ་༡༡ པའི་ཚེས་འགོར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་རྡ་རུ་མན་(Sh.C.Dharuman)དང༌། ཤེས་ཡོན་འགན་འཛིན་སྐུ་ཞབས་ཚེ་རིང་ཕུན་ཚོགས་བཅས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་དང་འབྲེལ། དགེ་སློབ་ཕ་མ་བཅས་པར་དགོས་ངེས་བླང་དོར་ལམ་སྟོན་གནང་ཡོད།