སིམ་ལ་གཏན་སློབ།

[toc]

༡།    འགོ་འཛུགས།

སིམ་ལ་གཏན་སློབ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་གྲོང་ཁྱེར་ནང་ཆགས་ཤིང༌། ས་ཆའི་མཐོ་ཚད་རྒྱ་མཚོའི་ངོས་ནས་ཕི་ཊི་༧༢༣༨ ཡིན་སྟབས་གནམ་གཤིས་དྲོད་གྲང་སྙོམས་པས་རྒྱ་གར་ཕྱི་ནང་གི་ཡུལ་བསྐོར་སྤྲོ་འཆམ་པའི་འདུ་ཚོགས་མང་ས་ཞིག་ཡིན།
ཕྱི་ལོ་༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་༡༩༦༠ ལོར་མ་སུ་རིར་བོད་མིའི་སློབ་གྲྭ་ཐོག་མ་བཙུགས་པ་དང༌། ལོ་མཇུག་ཏུ་དྷ་སར་བུ་བཅོལ་ཁང་གསར་འཛུགས་ཀྱིས་ས་ཁུལ་གང་ས་ནས་བསྐྱལ་བའི་ལོ་ཆུང་བྱིས་པ་མང་དག་ཅིག་བདག་བཞེས་གནང་ནའང༌། རྒྱ་གར་ནང་གནམ་གཤིས་དང་ཟས་སྤྱོད། ས་ཆུ་མ་འཕྲོད་པ་སོགས་ཀྱི་རྐྱེན་གྱིས་བོད་མི་མི་ཉུང་བ་ཞིག་ནད་མནར་དང་འདས་གྲོངས་བྱུང་བས། དེ་དག་གི་བུ་ཕྲུག་དྷ་ས་དང་དེ་ནས་མ་སུ་རིར་བཏང་དང་གཏོང་མུས་ཀྱང༌། ཁང་ཁུངས་ཆ་རྐྱེན་དབང་གིས་ཕྲུ་གུ་ཤོང་ཚད་ལས་བརྒལ་བའི་གནས་སྟངས་འོག སློབ་གྲྭ་ཚུགས་ཡུལ་གཞན་ཞིག་འཚོལ་ཞིབ་གནང་གལ་ཆེ་བར་གཟིགས་ཏེ་གང་སར་འཚོལ་ཞིབ་གནང་རྗེས། མཐའ་མར་སིམ་ལ་གྲོང་ཁྱེར་འདབས་ཀྱི་ཆོ་ཊ་སིམ་ལ་ཞེས་པར་དེ་སྔ་ཨིན་ཇིའི་དབང་སྒྱུར་སྐབས་གསར་རྒྱག་བྱས་པའི་ཀྲོ་རིན་ཀྲམ་གཞིས་ཁང་(Torrentium Cottage)ཞེས་པའི་ཁང་རྙིང་ཞིག་བྷི་ཤོབ་ཁོ་ཊོན་སློབ་གྲྭ་(Bishop Cotton School)སྐོར་དང་བཅས་པ་ཡོད་པ་གཟིགས། ྋགོང་ས་མཆོག་གི་སྐུ་ཚབ་དང་སློབ་གྲྭ་དེའི་འགན་འཛིན་ལྷན་ཚོགས་དབར་གྲོས་མོལ་གནང་རྗེས། ཕྱི་ལོ་༡༩༦༠ ཟླ་༡༢ ཚེས་༡ ཉིན་ས་ཁང་དེ་ཐོག་མར་གླ་གཡར་གནང་རྒྱུའི་གན་རྒྱ་བཞག དེ་ལྟར་སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༦༡ ཟླ་༣ ཚེས་༡ ཉིན་གསར་འཛུགས་གནང་ཞིང༌། སློབ་གྲྭ་འདིའི་ཐོག་མའི་མིང་ལ་སྐྱབས་བཅོལ་བོད་མིའི་སློབ་གྲྭ་(Tibetan Society School)ཞེས་འབོད་ཅིང༌། ཐོག་མའི་ཆར་དྷ་ས་བུ་བཅོལ་ཁང་ནས་བོད་ཕྲུག་གྲངས་༡༥༥ ཙམ་སླེབས་པ་འགོ་འཛུགས་ཀྱིས་ཕྱི་ལོ་༡༩༦༢ ཟླ་༥ ཚེས་༥ ཉིན་སློབ་གྲྭ་འདི་རྒྱ་གར་བོད་མིའི་སློབ་གྲྭའི་ཚོགས་སྡེ་(Tibetan School Society)ཡིས་རྩིས་བཞེས་གནང༌།
ཕྱི་ལོ་༡༩༦༩ ལོར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)སུ་དེབ་སྐྱེལ་ངོས་འཛིན་ཐོབ་པ་དང༌། ཕྱི་ལོ་༡༩༧༣ ལོར་སློབ་གྲྭ་འདི་ནས་ཐེངས་དང་པོར་འཛིན་རིམ་བཅུ་གཅིག་པ་སློབ་མཐར་ཕྱིན། ཕྱི་ལོ་༡༩༧༥ ལོར་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ཐེངས་གཉིས་པ་སློབ་མཐར་ཕྱིན། དེ་རྗེས་རྒྱ་གར་ནང་འཛིན་རིམ་བཅུ་གཉིས་བར་གྱི་ལམ་ལུགས་གསར་འཛུགས་གནང་སྟབས། སློབ་གྲྭ་འདིར་ཕྲུ་གུའི་ཤོང་ཚད་དང་ཆ་རྐྱེན་ལ་གཞིགས་ཏེ་འཛིན་རིམ་བཅུ་པ་བར་བཟོས། ལོ་དེར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནས་དེང་སྐབས་སློབ་སྦྱོང་གི་དགོས་མཁོའི་ལག་འཁྱེར་མེད་པའི་བོད་རིགས་སློབ་སྤྱི་རྣམས་རེག་ཊར་ཞེས་པའི་སློབ་སྤྱི་གཞོན་པའི་གོ་གནས་ཐོག་བསྐོ་བའི་ལམ་སྲོལ་གསར་གཏོད་གནང༌།
ཕྱི་ལོ་༡༩༨༣ ཟླ་༦ པར་སིམ་ལ་སངས་རྒྱས་ཆོས་གླིང་གི་མཁན་ཁྲི་སྦྱིན་པ་བླ་མས་གདན་ཞུས་བཞིན་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་སློབ་གྲྭ་འདིར་ཕེབས་ཏེ་དབང་ལུང་བཀའ་སློབ་ཟབ་རྒྱས་གནང༌། ཟླ་༧ པར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྟ་བོ་དགོན་པར་དུས་འཁོར་དབང་ཆེན་གནང་བར་ཕེབས་ཞོར་སློབ་གྲྭ་འདིར་ཆེད་མངགས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས། ཟླ་༡༠ ཚེས་༢༧ ཉིན་བུ་ཆུང་བ་དང་བུ་མོའི་ཉལ་ཁང་བྱས་པའི་ཀྲི་རིན་ཊོ་ཁང་བརྩེགས་ལ་གློག་སྐུད་ལས་མཆེད་པའི་མེ་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བྱུང༌།
ཕྱི་ལོ་༡༩༨༦ ལོར་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་གཟབ་རྒྱས་ངང་སྲུང་རྩི་ཞུས། སློབ་གྲྭ་འདིའི་སློབ་སྤྱི་ཐོག་མ་བཀྲས་མཐོང་བསོད་ནམས་སྟོབས་འབྱོར་ལགས་ཡིན་ཞིང༌། དེ་ནས་ད་བར་སློབ་སྤྱི་རིམ་པ་བྱུང་བའི་ཁྲོད་རྒྱ་གར་སློབ་སྤྱི་༡༤ དང༌། བོད་རིགས་སློབ་སྤྱི་༡༢ བྱུང་ཡོད།སིམ་ལ་གཏན་སློབ་ཀྱི་འདྲ་པར་རྙིང་པ།
སློབ་གྲྭའི་ས་ཁྱོན་ཨེ་ཀར་༢་༣༠ ཙམ་ཡོད་ཅིང༌། སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་སློབ་མ་རྣམས་གཏན་སློབ་དང་ཉིན་སློབ་གཉིས་ཀ་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིའི་ནང་སློབ་ཕྲུག་གྲངས་༥༢༡ ཡོད་པ་དང༌། དགེ་རྒན་གྲངས་༣༡ དང༌། དགེ་རྒན་མིན་པའི་ལས་བྱེད་གྲངས་༢༣ བཅས་བསྡོམས་དགེ་ལས་གྲངས་༥༤ ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭ་འདི་ཐོག་མར་འགོ་འཛུགས་གནང་སའི་ཁང་བརྩེགས་དེའི་ནང་འཛིན་ཁང་༦ དང་ཁྲུས་ཁང་གསང་སྤྱོད། གསོལ་ཐབ་ཁང་༡ གསོལ་ཚིགས་ཁང་༡ བཅས་ཡོད། ས་ཁང་དེ་ནི་ཁུལ་དེའི་བྷི་ཤོབ་ཁོ་ཊོན་སློབ་གྲྭ་(Bishop Cotton School)ཞེས་པའི་ལག་ནས་ལོ་རེར་ཧིན་སྒོར་༡༠༠༠༠ བྱས་ཏེ་གླ་གཡར་ཞུས་ཡོད་ནའང༌། དེ་རྗེས་ཕྱི་ལོ་༡༩༦༤ ལོར་ས་ཁང་དེ་དག་སྤུས་གཟིགས་གནང་བ་མ་ཟད། རིམ་གྱིས་ཉེ་འགྲམ་གྱི་ཝི་ལ་ཊོ་རན་སི་(Villa Torrens)དང་ཊན་ནི་སེ་སྤོ་ལོ་རྩེད་ཐང་བཅས་སྤུས་གཟིགས་གནང༌།
ཕྱི་ལོ་༡༩༧༣ ལོར་སློབ་གྲྭ་འདི་འཛིན་རིམ་བཅུ་གཅིག་བར་གནས་སྤར་བྱས་ཡོད་ནའང༌། ཕྱི་ལོ་༡༩༧༦ ལོར་རྒྱ་གར་དབུས་གཞུང་ནས་འཛིན་རིམ་བཅུ་པ་ནས་ཆེད་ལས་ཐོག་ཞུགས་པའི་ལམ་ལུགས་(10+2)གསར་སྤེལ་གནང་སྟབས། སློབ་གྲྭ་འདིར་འཛིན་རིམ་བཅུ་པའི་རྗེས་སུ་ཆེད་ལས་སློབ་སྦྱོང་སྤྲོད་པའི་མཐུན་རྐྱེན་འཛོམས་མིན་རྐྱེན་གྱིས་སླར་ཡང་འཛིན་གྲྭ་བཅུ་པར་ཕབ།
སློབ་ཁང་འདིའི་ཁང་ཁུངས་ཕལ་མོ་ཆེ་ཤིང་ཁང་ཡིན་སྟབས་མེ་སྐྱོན་གྱི་ཉེན་ཁ་ཆེ། ཕྱི་ལོ་༡༩༨༣ ལོར་སློབ་མའི་ཉལ་ཁང་གི་ཆ་ཤས་ཤིག་ལ་མེ་སྐྱོན་བྱུང་སྟེ་ཉམས་ཆག་བྱུང་ནའང༌། དགེ་སློབ་ཚོར་རྨས་སྐྱོན་བྱུང་མེད། དེ་རྗེས་བོད་སློབ་འཛིན་ཚོགས་ནས་ཉལ་ཁང་ཞིག་གསོ་བྱས་ཏེ་ད་ལྟའི་ཁང་ཁུངས་འདི་དག་བྱུང་ཡོད།
དེ་རྗེས་དབུས་བོད་སློབ་འཛིན་ཚོགས་ཀྱི་གཟིགས་སྐྱོང་འོག་རིམ་གྱིས་རྒྱ་བསྐྱེད་གནང་སྟེ། ལོ་རབས་དགུ་བཅུ་པའི་སྔོན་དུ་འཛུགས་སྐྲུན་ཟིན་པའི་གྲས་སུ། སློབ་གྲྭའི་འཛུགས་སྐྲུན་གཙོ་བོ་ཐོག་བརྩེགས་གཉིས་ཅན་གྱི་འཛིན་ཁང་༡ སྤྱོད་སྒོ་སྣ་འཛོམས་ལྡན་པའི་ཚོགས་ཁང་༡ བུ་ཆུང་བའི་ཉལ་ཁང་དང་མཉམ་སྦྲགས་ཀྱི་ལས་ཤག་དང་འཛིན་ཁང༌། བུ་མོའི་ཉལ་ཁང༌།(འདིར་མེ་སྐྱོན་ཤོར་མྱོང༌།) ཐོག་བརྩེགས་གཉིས་ཅན་གྱི་ཐབ་ཚང་དང་གཉེར་ཁང༌། བུའི་གསོལ་ཚིགས་ཁང༌། སློབ་སྤྱི་དང་རེག་ཊར་གྱི་བཞུགས་ཤག སྣ་མང་ལས་ཤག་(མ་ཚབ་དང་མ་བྱན།)ཐོག་བརྩེགས་གཉིས་ཅན་ཁང་རྙིང་༡ ཐོག་བརྩེགས་གཉིས་ཅན་གྱི་ལས་ཤག་ཁང་ཁུངས་༡ བུ་དང་བུ་མོའི་གསང་སྤྱོད་བཅས་ཡོད།
ཕྱི་ལོ་༢༠༠༤ ཟླ་༧ ཚེས་༨ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་ཌོག་ཊར་ཝར་མ་མཆོག་ཆེད་ཕེབས་ཀྱིས་སློབ་གྲྭའི་འཛིན་ཁང་༦ གསར་རྒྱག་གི་རྨང་རྡོ་བཙུགས་པ་དང༌། ལས་ཤག་༦ གསར་རྒྱག་གྲུབ་པར་དབུ་འབྱེད་མཛད་སྒོ་བསྐྱངས།
དེ་རྗེས་ཉམས་གསོ་དང་གསར་སྐྲུན་གནང་བའི་ཁང་ཁུངས་གཙོ་བོ་ནི་སློབ་སྤྱིའི་ལས་ཁུངས་དང་འཛིན་ཁང༌། དཔེ་མཛོད་ཁང་དང་མཉམ་སྦྱར་འཛིན་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། ཚན་རིག་ཚོད་ལྟ་ཁང༌། རྩིས་རིག་ཚོད་ལྟ་ཁང༌། ཉུང་མཐའི་ཤེས་ཚད་ཡོ་ཆས་ཁང༌། ཤེས་ཡོན་མཐུན་རྐྱེན་ལྟེ་གནས། བུ་དང་བུ་མོའི་ཉལ་ཁང༌། ཉིན་མོ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་གསོལ་ཚིགས་ཁང་དང་རང་སྦྱོང་ཁང༌། བུ་དང་བུ་མོའི་ཉལ་ཁང་ནང་གི་དཔེ་མཛོད། འཛིན་ཁང་གསར་པ་༦ སིལ་སྤོལ་དང་རྐང་སྤོལ་རྩེད་ཐང་བཅས་ཡོད།
ཕྱི་ལོ་༢༠༠༧།༠༨ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་སྒོར་འབུམ་༤༦ ལྷག་བཏང་སྟེ་ལས་ཤག་གསར་པ་༦ གསར་རྒྱག་དང༌། སྒོར་འབུམ་གསུམ་ལྷག་གི་ཆར་ཆུ་གསོག་སྣོད་གསར་སྐྲུན་ལས་གཞི། རྒྱང་སྐོར་ར་བ་དང༌། བུ་མོའི་ཉལ་ཁང་གཙོས་པའི་སློབ་ཁང་དང་ལས་ཤག་ཁག་ལ་གློག་ཆས་བསྐྱར་འཛུགས་དང༌། ལེགས་བཅོས་དང་ཞིག་གསོ་བཅས་ཀྱི་ལས་གཞི་འགྲོ་མུས་ཡིན།

༣།    སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

སློབ་གྲྭའི་ཐོ་འགོད་ཡིག་ཆ་ལྟར་ན། ད་བར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༦༢༧༡ འཛུལ་ཞུགས་བྱུང་ཡོད་ཅིང༌། ཕྱི་ལོ་༡༩༩༢ ནས་༢༠༠༨ བར་འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཁྱོན་བསྡོམས་༤༢༥ ལྷག་བྱུང་ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སིམ་ལ་གཏན་སློབ་ཀྱི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༥༢༥ ཡོད་པའི་ནང་བོད་པའི་ཕྲུ་གུ་༣༣༩ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༡༨༦ ཡོད། གཏན་ཉིན་སློབ་ཕྲུག་གྲངས་འབོར་ནི། གཏན་སློབ་ཕྲུ་གུ་གྲངས་༢༩༠ དང་ཉིན་སློབ་ཕྲུ་གུ་༢༣༥ བཅས་བྱུང་ཡོད།
སློབ་གྲྭ་འདིར་འཛིན་རིམ་བཅུ་པའི་རྗེས་སུ་སྒྱུ་རྩལ་སྡེ་ཚན་ཐོག་ཆེད་ལས་སློབ་གཉེར་བྱེད་པའི་མཐུན་རྐྱེན་སྤུས་ལེགས་བཀོད་སྒྲིག་བྱས་ཡོད།
ཕྱི་ལོ་༢༠༠༨ ཟླ་༣ པར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་སྐབས། སློབ་གྲྭ་འདིའི་སློབ་ཕྲུག་བསྟན་འཛིན་ཨོ་རྒྱན་གྱིས་བོད་སློབ་འཛིན་ཚོགས་སློབ་གྲྭའི་ཁྲོད་ཚོང་རིག་ཨང་དང་པོ་བླངས་ཡོད།   སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱ་གར་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་ཁྲོད་གྲུབ་འབྲས་ཅི་བྱུང་གནས་སྟངས་གཤམ་གསལ།

བྱ་ར། ༡༠པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༥༥ ༩༢་༧༢ ༢༠ ༩༥་༠༠
ཕྱི་ལོ་༡༩༩༩ ༥༠ ༧༤་༠༠ ༢༩ ༩༣་༡༠
ཕྱི་ལོ་༢༠༠༠ ༣༨ ༨༤་༢༡ ༢༤ ༩༥་༨༣
ཕྱི་ལོ་༢༠༠༡ ༥༦ ༣༧་༥༠ ༢༧ ༩༢་༥༩
ཕྱི་ལོ་༢༠༠༢ ༦༣ ༨༢་༥༠ ༢༥ ༡༠༠་༠༠
ཕྱི་ལོ་༢༠༠༣ ༥༢ ༢༨་༨༤ ༣༡ ༩༠་༣༢
ཕྱི་ལོ་༢༠༠༤ ༤༢ ༦༡་༩༠ ༤༠ ༩༧་༥༠
ཕྱི་ལོ་༢༠༠༥ ༥༢ ༨༢་༦༩ ༣༡ ༨༧་༡༠
ཕྱི་ལོ་༢༠༠༦ ༨༣ ༦༣་༨༦ ༢༨ ༧༨་༥༧
ཕྱི་ལོ་༢༠༠༧ ༦༤ ༨༥་༩༤ ༣༨ ༧༡་༠༥
ཕྱི་ལོ་༢༠༠༨ ༦༦ ༨༠་༣༠ ༤༦ ༦༧་༣༩
ཕྱི་ལོ་༢༠༠༩ ༦༥ ༩༢་༣༡ ༤༤ ༩༠་༩༡

༤།    ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

ཤེས་ཡོན་སློབ་གསོའི་ལས་རིམ་ཁྲོད་ལས་འགན་ཆེ་ཤོས་དགེ་རྒན་ཆགས་ཡོད་སྟབས་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་མང་རིང་དགེ་རྒན་རྣམས་ཆེད་ལས་ཅན་དུ་བསྒྱུར་ཐབས་སླད་དགེ་རྒན་འོས་སྦྱོང་ཐོག་ཤུགས་སྣོན་བརྒྱབ་འབྲས་སུ་དེང་སློབ་གྲྭ་འདིའི་སློབ་དགེ་ཚང་མ་འོས་སྦྱོང་ཐོབ་པ་ཤ་སྟག་ཡིན་པའི་ཐོག དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་སོགས་ཀྱིས་གོ་སྒྲིག་གནང་བའི་ཟབ་སྦྱོང་དང་སྦྱོར་བརྡར་ཁག་ནང་འཛུལ་ཞུགས་གནང་མུས་དང༌། ལོ་ལྟར་སློབ་སྤྱི་དགེ་རྒན་བརྗེ་རེས་ལས་རིམ་(Principal & Teacher Exchange Program)སྤེལ་ཏེ། བོད་མིའི་སློབ་གྲྭ་ཕན་ཚུར་དབར་དུས་ཡུན་བདུན་གཅིག་རིང་དགེ་རྒན་དང་སློབ་སྤྱི་བརྗེ་རེས་བྱེད་པ་བརྒྱུད། སློབ་གྲྭ་དང་སློབ་དགེ་ཕན་ཚུན་ཉམས་མྱོང་བརྗེ་ལེན་དང་གོ་རྟོགས་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད་ལ། དགེ་རྒན་རྣམས་རང་གི་ཆེད་ལས་ཐོག་ཡར་རྒྱས་འབྱུང་ཐབས་སུ་སློབ་གྲྭ་རང་ངོས་ནས་ལས་འཆར་བསྒྲིགས་ཏེ། མཐོ་རིམ་དང་འབྲིང་རིམ་དགེ་རྒན། དམའ་རིམ་དགེ་རྒན།  སྔོན་འགྲོའི་དགེ་རྒན་བཅས་ལ་སྦྱོང་བརྡར་དང་ཉམས་མྱོང་བརྗེ་རེས་ལས་འཆར། ཕོ་མོའི་གནད་དོན་སྐོར་གྱི་ལས་འཆར། བརྗོད་གཞི་འདྲ་མིན་ཐོག་ལག་དེབ་ཕྱོགས་སྒྲིག་ལས་འཆར། དགེ་རྒན་ཚོར་ཀམ་པུ་ཊར་བཀོལ་སྤྱོད་སྦྱོང་བརྡར་སོགས་ལས་རིམ་གོ་སྒྲིག་དང་ལག་བསྟར་བྱེད་མུས་ཡིན།
སློབ་ཕྲུག་ཚོ་དུས་རྒྱུན་འཛིན་གྲྭ་ཚོགས་པ་དང༌། རིག་གཞུང་གི་བྱེད་སྒོ་སྣ་མང་ནང་ཞུགས་དགོས་སྟབས། སློབ་གསེང་དུ་དཔེ་དེབ་ཀློག་བལྟ་བྱ་རྒྱུར་འགོག་རྐྱེན་དུ་འགྱུར་མུས་ལ་གཞིགས་ཏེ། སློབ་གྲྭའི་བུ་དང་བུ་མོའི་ཉལ་ཁང་སོ་སོའི་ནང་དཔེ་མཛོད་ཆུང་ཆུང་རེའི་མཐུན་རྐྱེན་སྒྲིག་སྦྱོར་གྱིས། སློབ་ཕྲུག་རྣམས་དུས་རྒྱུན་དེབ་རིགས་འདྲ་མིན་ལ་བལྟ་ཀློག་བྱ་རྒྱུར་བསྐུལ་འདེད་གཏོང་བཞིན་ཡོད།
སློབ་གྲྭ་འདི་བཞིན་ཆགས་ཡུལ་དབུས་སུ་ཡོད་ཅིང་རྙིང་ཤོས་གྲས་ཤིག་ཀྱང་ཡིན། ཤེས་ཡོན་དང་རྩེད་མོའི་ཐད་སློབ་གྲྭ་འདི་ལྟེ་བ་ཞིག་ཆགས་ཡོད། སློབ་ཕྲུག་ཚོས་སློབ་གྲྭ་ནང་ཁུལ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་གནང་བའི་ཤེས་ཡོན་དང་རྩེད་རིགས་སོགས་འགྲན་བསྡུར་དང་བྱེད་སྒོ་ཁག་ནང་འཛུལ་ཞུགས་བྱེད་པ་དང༌། ནུས་ཤུགས་སྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱི་རྩེད་འགྲན་དང་རིག་གཞུང་འགྲན་ཚོགས། གཞན་ཡང་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་དང་དྲི་བརྩད་སོགས་ཀྱི་ཐོག་རྒྱལ་ཁའི་གཟེངས་བསྟོད་མང་དག་བླངས་ཡོད།
བོད་གཞུང་ཤེས་རིག་ལས་ཁུངས་ནས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་ནང་བོད་རིགས་སློབ་སྤྱི་རེ་བསྐོ་འཛུགས་ཀྱིས་བོད་མིར་འབྲེལ་བའི་ཤེས་ཡོན་དང་འཛིན་སྐྱོང་གནད་དོན་ཐོག་ཐུགས་འགན་བཞེས་བཞིན་ཡོད་པ་བཞིན། སིམ་ལ་གཏན་སློབ་ཏུའང་བོད་རིགས་སློབ་སྤྱིའམ་རེག་ཊར་རིམ་པར་བསྐོས་ཏེ་བོད་ཀྱི་སྐད་ཡིག་དང་བཅས་པའི་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་ལ་དམིགས་བསལ་ཐུགས་འཁུར་བཞེས་བཞིན་ཡོད། གཏན་སློབ་གཞན་དང་སྤྱི་མཚུངས་སློབ་གྲྭ་འདིས་ཀྱང་ཨིན་བོད་ཧིན་གསུམ་ཐོག་ལོ་རེར་དུས་དེབ་འདོན་ཐེངས་རེ་འདོན་སྤེལ་གནང་དང་གནང་མུས་ཡིན།
བོད་མིའི་སློབ་ཁག་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིགས་ལམ་སློབ་ཁྲིད་དར་སྤེལ་གནང་གལ་ཆེ་བ་སྤྱི་སྒེར་ཚང་མས་ཐུགས་སྣང་གནང་མུས་ལྟར། སིམ་ལ་སློབ་གྲྭ་འདིར་ཡང་དེ་སྔ་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་རྣམས་ལ་རིགས་ལམ་འགོ་འཛུགས་གནང་ཡོད་མོད། རིགས་ལམ་སློབ་ཁྲིད་གནང་མཁན་བོད་ཡིག་དགེ་རྒན་རྣམས་ཡིན་སྟབས་སློབ་ཁྲིད་གནད་དུ་མ་སོང་བས་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་མ་བྱུང་བར་བརྟེན། དུས་ཕྱིས་རིགས་ལམ་སློབ་ཁྲིད་ཀྱི་ཐུགས་འགན་ཆོས་དགེས་བཞེས་པས་རིམ་གྱིས་ཡར་རྒྱས་འགྲོ་འགོ་ཚུགས། ལྷག་པར་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༩ ཉིན་བོད་གཞུང་དམངས་གཉིས་ཀྱིས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་བའི་མཛད་སྒོའི་ཐོག་སིམ་ལ་གཏན་སློབ་ཀྱི་སློབ་མ་གཉིས་དྷ་སྟེང་བོད་ཁྱིམ་དང༌། མ་སུ་རི་བོད་ཁྱིམ། ཅོང་ཏ་ར་གཏན་སློབ་བཅས་དང་ལྷན་ྋགོང་ས་མཆོག་གི་དྲུང་དུ་རིགས་ལམ་རྩོད་པ་སྤྱན་འབུལ་ཞུས་པར། ྋགོང་ས་མཆོག་ནས་ཐུགས་དགྱེས་མཉེས་ཆེན་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་སྐུ་པར་བསྒྲོན་པ་སོགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར།
སློབ་གྲྭ་འདི་བཞིན་རྒྱ་གར་གྱི་ས་བོན་(SEEDS INDIA)ཞེས་པའི་སྤྱི་ཚོགས་ཞབས་ཞུ་ཚོགས་པས་གོ་སྒྲིག་གནང་བའི་བྱུས་ཉེས་སྟངས་འཛིན་བྱེད་མཁན་གྱི་ཚོགས་མིའི་གྲས་སུའང་ཡོད། བོད་མིའི་སློབ་གྲྭ་ཞིག་ཡིན་པའི་ཆ་ནས་ནང་པའི་དུས་ཆེན་ཁག་དང༌། གཞུང་འབྲེལ་དུས་དྲན། གཞས་དང་ཞབས་བྲོའི་བྱེད་སྒོ། སྐད་ཡིག་སྦྱོང་བརྡར། སྦྱང་ཤིང་སྟེང་ཡིག་གཟུགས་སྦྱང་རྒྱུ་སོགས་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སྣ་མང་ཞིག་སྤེལ་བ་དང༌། གཞན་ཡང་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་སློབ་ཁག་དང༌། མངའ་སྡེ་གཞུང་དང་ཚོགས་པའི་འགྲན་བསྡུར་དང་བྱེད་སྒོ་མང་པོའི་ནང་ཞུགས་ཏེ་སློབ་ཕྲུག་མང་པོ་ཞིག་ལ་ཕུལ་བྱུང་བྱ་དགའ་གཟེངས་བསྟོད་ཐོབ་ཡོད།
ཕྱི་ལོ་༢༠༠༨ ཟླ་༥ ཚེས་༢༨ ཉིན་སིམ་ལ་གཏན་སློབ་ཀྱི་འབྲིང་རིམ་དགེ་རྒན་པདྨ་རྒྱལ་མཚན་ལགས་སུ་ཕྱི་ལོ་༢༠༠༧ ལོའི་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་ལག་ཁྱེར་དང་བྱ་དགའ་སྒོར་༢༥༠༠༠ བཅས་སྲིད་འཛིན་ལྕམ་སྐུ་པྲཏི་བྷ་པཱ་ཊིལ་(Mrs. Pratibha Patil)ནས་གསོལ་རས་སྩལ།

༥།    གཞུང་འབྲེལ་འཚམས་གཟིགས།

སིམ་ལ་གཏན་སློབ་འདིར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཐོག་མ་ཉིད་ནས་ཐུགས་ཁུར་ཚད་མེད་ཀྱིས་ཕྱི་ལོ་༡༩༦༧ ལོ་ནས་ད་བར་སློབ་གྲྭ་འདིར་ཆིབས་བསྒྱུར་སྔ་ཕྱིའི་སྐབས་སུ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད། གཞན་ཡང་བོད་ཀྱི་བླ་ཆེན་ཁག་དང༌། ཕྱི་རྒྱལ་གྱི་སྐུ་མགྲོན་དང་ཆེད་མཁས་གནད་ཡོད་མི་སྣ། རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་དཔོན་རིགས་དང༌། ཧི་མ་ཅལ་བློན་ཆེན་ཁག དབུས་བོད་སློབ་འཛིན་ཚོགས་ཀྱི་འགོ་ལས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དང་དྲུང་ཆེ། ཤེས་ཡོན་འགན་འཛིན་སོགས་ལོ་ལྟར་ཆེད་ཕེབས་ཀྱིས་གཟིགས་ཞིབ་དང་བཀའ་སློབ་ལམ་སྟོན་འཆར་ཅན་དུ་གནང་མུས་ཡིན། ཉེ་ལམ་ཕྱི་ལོ་༢༠༠༤ ཟླ་༧ ཚེས་༣ ཉིན་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སིམ་ལ་སློབ་གྲྭར་འཚམས་གཟིགས་ཀྱིས་གལ་ཆའི་ལམ་སྟོན་གསུང་བཤད་གནང༌། བཀའ་ཁྲི་མཆོག་གིས་ཐོག་མར་ཁོང་སློབ་གྲྭ་འདིར་ཆོས་དགེའི་ཐུགས་འགན་བཞེས་སྐབས་ཀྱི་གནས་སྟངས་ནས་འགོ་བཙུགས་ཏེ། སློབ་ཕྲུག་ཚོར་བདག་ཉིད་ཆེན་པོ་གྷན་དྷྷི་མཆོག་གི་ལམ་སྟོན་རྗེས་འབྲངས་བྱ་གལ་ཆེ་ཚུལ་སོགས་བཀའ་སློབ་ཞིབ་རྒྱས་སྩལ།
ཕྱི་ལོ་༢༠༠༤ ཟླ་༡༠ ཟླ་དཀྱིལ་དུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་གཉིས་ཀྱིས་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༥ ཟླ་༧ ཟླ་དཀྱིལ་ནང་ཤེས་རིག་མདུན་ལམ་སློབ་སྟོན་པ་སྐུ་ཞབས་འཇམ་དབྱངས་དབང་རྒྱལ་ལགས་ཆེད་ཕེབས་ཀྱི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང༌།
ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༢༢ ཉིན་བོད་སློབ་འཛིན་ཚོགས་དབུ་བརྙེས་པའི་དུས་དྲན་མཛད་སྒོ་དང་བསྟུན་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་དང་ཤེས་ཡོན་འགན་འཛིན་སོགས་དང༌། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་རྣམས་གཉིས་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་བ་མ་ཟད། ས་གནས་མི་མང་ལ་རང་གཞུང་གི་སྲིད་བྱུས་དང་བོད་རྒྱའི་གནས་སྟངས་སོགས་བཀའ་སློབ་ཟབ་རྒྱས་གནང༌།
ཕྱི་ལོ་༢༠༠༦ ཟླ་༩ ཚེས་༦ ཉིན་ཤེས་རིག་མཐོ་སློབ་ཚན་པའི་འགན་འཛིན་དྲུང་གཞོན་བསྟན་འཛིན་ཡེ་ཤེས་ལགས་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་མཐོ་སློབ་སློབ་ཡོན་ཞུ་ལེན་སྐོར་ངོ་སྤྲོད་དང་ལམ་སྟོན་ཞིབ་གསལ་གནང༌།