རྡོར་གླིང་གཏན་སློབ།

[toc]

༡། འགོ་འཛུགས།

རྡོར་གླིང་གཏན་སློབ་བམ། རྡོ་རྗེ་གླིང་དབུས་བོད་མིའི་སློབ་གྲྭ་ནི་མ་སུ་རི་གཏན་སློབ་བཙུགས་པའི་ལོ་གཅིག་གི་རྗེས་ཏེ། ཕྱི་ལོ་༡༩༦༡ ལོར་རྒྱ་གར་གྱི་ནུབ་བྷང་གལ་མངའ་སྡེའི་ཁོངས་རྡོ་རྗེ་གླིང་ཞེས་པའི་རྫོང་ཁོངས་སུ་གསར་འཛུགས་གནང༌།
རྡོ་རྗེ་གླིང་ནི་རྒྱ་གར་བྱང་ཤར་མེ་འཁོར་ས་ཚིགས་ཤི་ལི་གུ་རི་ནས་ཀི་ལོ་མི་ཊར་༨༠ ཡས་མས་ཀྱི་མཚམས་སུ་ཧི་མ་ལ་ཡ་རི་རྒྱུད་ཀྱི་འདབས་འབྲེལ་དུ་ཆགས་ཡོད། ཡུལ་དེ་ནི་རྒྱ་མཚོའི་ངོས་ནས་ཆ་སྙོམས་མཐོ་ཚད་༢༡༤༣ ཙམ་ཡོད་པའི་རྒྱ་གར་གྱི་རི་གྲོང་མཛེས་ཤོས་ཀྱི་གྲས་ཤིག་ཡིན། བྱང་ཤར་ཕྱོགས་སུ་འཛམ་གླིང་གི་རི་བོ་མཐོ་ཤོས་གསུམ་པར་གྱུར་པའི་གངས་ཅན་མཛོད་ལྔ་ཞེས་པའི་བརྗིད་ཆགས་གངས་རི་དཀར་པོ་མཐོང་ཞིང༌། ཕྱོགས་གཞན་ནས་འཛམ་གླིང་ནང་ཆེས་མཐོ་བའི་རི་བོ་ཇོ་མོ་གླང་མ་མཐོང་ཐུབ། སློབ་གྲྭའི་གཡས་གཡོན་རི་ཁུལ་དུ་ལྗང་མདོག་ལྡན་པའི་ཇ་ཞིང་གིས་ཡོངས་སུ་ཁེབས་པས། འདིར་ཕེབས་སྐྱེ་བོ་རྣམས་ལ་རང་བྱུང་ཁམས་ཀྱི་མཛེས་སྡུག་གིས་ཡོངས་སུ་མྱོས་པར་བྱེད།
ཐོག་མའི་ཆར་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་འཕྲལ་ཕྱི་ལོ་༡༩༥༩ ཟླ་༡༠ ཚེས་༡ ཉིན་རྡོ་རྗེ་གླིང་རི་གྲོང་གི་ལེ་བྷོང་ཞེས་པའི་ས་གནས་སུ་བོད་མིའི་རང་འཚོའི་ལྟེ་གནས་ཞེས་པའི་ལག་ཤེས་བཟོ་གྲྭ་ཞིག་གསར་འཛུགས་ཀྱིས་པང་གདན་དང༌། ལྕགས་མགར། བལ་གོས། རུམ་འཐག་སོགས་ཀྱི་ལས་གཞི་འགོ་འཛུགས་བྱས། ས་གནས་བོད་མི་ཚོའི་བྱིས་པ་སློབ་འཇུག་གི་དཀའ་ངལ་སེལ་སླད་ཐོག་མའི་ཆར་ཕྱི་ལོ་༡༩༦༠ ཟླ་༦ པར་བཟོ་གྲྭའི་ནང་སྔོན་འགྲོའི་འཛིན་གྲྭ་གསར་འཛུགས་བྱས་པར། ཕྱི་ལོ་༡༩༦༣ ཡས་མས་སུ་རྒྱ་གར་དབུས་གཞུང་གིས་བསྐོ་འཛུགས་གནང་བའི་བོད་མིའི་སློབ་གྲྭའི་ཚོགས་སྡེས་སློབ་གྲྭ་འདིའི་སྔོན་འགྲོ་ཐོན་པའི་སློབ་ཕྲུག་རྣམས་རྡོར་གླིང་གཏན་སློབ་ནང་སློབ་འཇུག་དགོངས་བཞེས་ཀྱིས་བཅའ་སྡོད་སློབ་ཕྲུག་རྣམས་ལ་ཟླ་རེར་སྒོར་༥༠ འཚོ་གྲོན་རོགས་སྐྱོར་གནང་ཡོད།
ཐོག་མའི་ཆར་སློབ་གྲྭ་འདིའི་སློབ་སྤྱི་དང་པོ་སྐུ་ཞབས་ལྷ་དབང་དཔལ་འབྱོར་གྱིས་སློབ་ཕྲུག་གྲངས་༣༠ དང་དགེ་རྒན་གྲངས་༥ ཡོད་པའི་སློབ་གྲྭ་ཞིག་གསར་འཛུགས་གནང༌། རིང་པོ་མ་ཐོགས་པར་སློབ་གྲྭ་ཡར་རྒྱས་ཕྱིན་ཏེ་འཛིན་རིམ་ཡང་འཕར།
ཕྱི་ལོ་༡༩༧༡ ལོར་འབྲིང་རིམ་གོང་མའི་ཡིག་རྒྱུགས་སློབ་ཐོན་དང་པོ་སློབ་ཕྲུག་གྲངས་༡༡ གྲུབ་འབྲས་ལེགས་ཐོན་བྱུང༌། ལོ་ཤས་རིང་ནས་རིམ་བཞིན་ཡར་རྒྱས་འགྲོ་མུར་ད་ལྟའི་ཆར་ལྡི་ལི་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(NCERT)ཀྱི་ཆ་ཤས་འབྲིང་རིམ་གོང་མ་བར་སླེབས་ཡོད་ཅིང༌། སྐབས་དེར་སློབ་ཕྲུག་གི་གྲངས་འབོར་༥༠༤ ཡོད་པ་དང༌། དགེ་རྒན་དང་ལས་བྱེད་གྲངས་༤༥ ཙམ་ཡོད།
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིའི་ནང་ཁྱོན་བསྡོམས་སློབ་ཕྲུག་གྲངས་༥༡༡ ཡོད་པའི་ནང་ཉིན་སློབ་ཕྲུ་གུ་༢༤༦ དང༌། གཏན་སྡོད་ཕྲུ་གུ་༢༦༥། དགེ་རྒན་གྲངས་༣༢ དང༌། དགེ་རྒན་མིན་པའི་ལས་བྱེད་གྲངས་༡༧ བཅས་ཁྱོན་བསྡོམས་དགེ་ལས་གྲངས་༤༩ ཡོད།

༢། མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭའི་ས་ཁང་དེ་ཐོག་མར་རྒྱ་གར་སྲུང་སྐྱོབ་ལྷན་ཁང་གི་མངའ་འོག་ནུབ་བྷང་གལ་དམག་སྒར་(N.B.M.R)གྱི་བདག་དབང་འོག་ཡོད་ཅིང༌། ས་ཆ་གཞན་ཌིག་པ་ཊི་ཡ་རེ་ཝི་ལ་(‘Dig patia’, Ray Villa)དང་ཀེ་ལ་ཤ་(Kailash)གཉིས་ཀྱི་ལག་ནས་གླ་གཡར་ཞུས་ཡོད། སློབ་གྲྭ་ཆགས་ཡུལ་དེ་སྔོ་ལྗང་ལྗོན་ཤིང་གིས་ཁེབས་པའི་སྐོར་ལམ་གྱི་འོག་ཏུ་ཡོད།
ཕྱི་ལོ་༡༩༦༡ ལོར་གོང་གསལ་ས་ཁང་རྣམས་བོད་མིའི་སློབ་གྲྭའི་ཚོགས་སྡེས་སྤུས་གཟིགས་ཀྱིས་འཛུགས་སྐྲུན་ལས་འཆར་ཁག་རིམ་གྱིས་འགོ་འཛུགས་གནང༌། ཕྱི་ལོ་༡༩༦༦ ལོར་ནུབ་བྷང་གལ་དམག་སྒར་གྱི་ཁང་པ་དེ་བཤིག་ནས་འཛིན་ཁང་ཁང་མིག་༡༠ ཞིག་དང༌། སྤྱོད་སྒོ་སྣ་མང་ཅན་གྱི་ཚོགས་ཁང་༡ དང་ལྷན་དེའི་འོག་ཏུ་བུའི་ཉལ་ཁང་བཅས་ཡོད་པའི་ཁང་སྡེ་གསར་སྐྲུན་གནང༌། ཕྱིས་སུ་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་ཁང་པ་ཐོག་བརྩེགས་གསུམ་ཅན་ཞིག་གསར་སྐྲུན་གནང་བ་དེ་དེང་སང་བུ་མོའི་ཉལ་ཁང་ཡིན་པ་དང༌། སློབ་ཕྲུག་རྒན་པ་ཚོའི་འཛིན་ཁང༌། ཚན་རིག་ཚོད་ལྟ་ཁང༌། སྨན་བཅོས་ཁང༌། གཞས་དང་ཞབས་བྲོ་སྦྱང་སའི་ཟློས་གར་ཁང་བཅས་ཡོད།
ཉེ་ཆར་ཕྱི་ལོ་༢༠༠༧ ལོར་དམའ་རིམ་དང་འབྲིང་རིམ་འཛིན་ཁང་གསར་རྒྱག ལས་ཤག་༥ དང༌། རྒྱལ་སྒོའི་འགྲམ་གྱི་སློབ་གྲྭའི་སྤྱི་ལམ་རྒྱ་བསྐྱེད། བུ་མོའི་ཉལ་ཁང་གི་ཐོག་ཁེབས་བཟོ་བཅོས། འཛིན་ཁང་ཞ་ལ་བསྐྱར་འདིང་བཅས་རྒྱ་བསྐྱེད་དང་ཞིག་གསོ་རྒྱ་ཆེར་གནང་བ་མ་ཟད། རེག་ཊར་ལས་ཁུངས་ནས་རེ་འདུན་ཞུས་པ་བཞིན་ཤེས་རིག་ལས་ཁུངས་བརྒྱུད་ཨ་ཨེམ་(IM-Rajpur)རོགས་ཚོགས་ཀྱིས་རོགས་སྐྱོར་གནང་སྟེ་སྔར་ཡོད་སིལ་སྤོལ་རྩེད་ཐང་དེ་ཚད་ལྡན་ཅན་དུ་བསྒྱུར་བཅོས་དང་སྦྲགས་ལྟད་མོ་ལྟ་མཁན་སྡོད་ས་རྒྱང་སྐོར་ལྕགས་དྲ་ཡང་གསར་དུ་བཙུགས། བུ་དང་བུ་མོའི་ཉལ་ཁང་གི་སྒེའུ་ཁུང་ལྕགས་ཁྲ་བོད་ལུགས་རི་མོར་གསར་བཟོ་བྱས། སྔར་ཡོད་རྒྱལ་བ་བྱམས་པའི་སྐུ་བརྙན་དང་བཞུགས་ཁྲི་ཉམས་གསོ་བཅས་གནང༌། དེ་རྗེས་ནང་སྲིད་ལས་ཁུངས་བརྒྱུད་ཕ་རན་སིའི་(Le Toit Du Monde)རོགས་ཚོགས་ནས་རོགས་སྐྱོར་གྱིས་བུའི་ཉལ་ཁང་གི་རྒྱབ་དང་གཡོན་ནས་གཞུང་ལམ་བར་ཨར་འདམ་གྱི་ཆུ་རྐ་གསར་བཟོ་དང༌། སུད་སི་(ETRE-Tibet Association)རོགས་ཚོགས་ཀྱི་རོགས་རམ་འོག་སློབ་གྲྭའི་ཆུ་མཛོད་སྡེ་ཁག་དྲུག་ཡོད་པ་རྣམས་ལ་སྤྲེའུས་གནོད་པ་འགོག་ཐབས་སུ་ལྕགས་ར་བསྐོར།
དེང་སྐབས་འཛུགས་སྐྲུན་བྱེད་བཞིན་པའི་ལས་འཆར་ནང་སློབ་གྲྭའི་ས་མཚམས་ཡོངས་ལ་ར་སྐོར་དང༌། གསོལ་ཐབ་དང་གསོལ་ཚིགས་ཁང༌། ལས་ཤག་གསུམ་བཅས་གསར་རྒྱག འཛིན་རིམ་དགུ་པ་དང་བཅུ་པའི་འཛིན་ཁང་ལ་ཞ་ལར་པང་ལེབ་གསར་འདིང༌། སློབ་གྲྭའི་རྒྱལ་སྒོ་རྒྱ་བསྐྱེད། བུ་མོའི་ཉལ་ཁང་གི་ཆུའི་མཐུན་རྐྱེན་ཡར་རྒྱས། བུའི་ཉལ་ཁང་ལ་ཨར་འདམ་གྱི་ཞ་ལ་དང་པང་གཅལ་གསར་འདིང་བཅས་ཀྱི་ལས་འཆར་འགོ་འཛུགས་གནང་བཞིན་ཡོད།
ད་ལྟའི་སློབ་སྤྱི་སྐུ་ཞབས་བཀྲ་ཤིས་དོན་གྲུབ་ལགས་དང་རེག་ཀྲར་སྐུ་ཞབས་བཟང་པོ་རིག་འཛིན་ལགས་གཉིས་ཡིན་པའི་ཐོག མཐོ་རིམ་དགེ་རྒན་༧ དང༌། འབྲིང་རིམ་དགེ་རྒན་༩ དམའ་རིམ་དགེ་རྒན་༥ དགེ་རྒན་ཆེན་མོ་༡ སྔོན་འགྲོའི་དགེ་རྒན་༡  ཆོས་དགེ་༡ རྩེད་རིགས་དང་ལུས་རྩལ་དགེ་རྒན་༡ ཟློས་གར་དགེ་རྒན་༢ ཤིང་བཟོའི་དགེ་རྒན་༡ རི་མོའི་དགེ་རྒན་༡ འཚེམས་བཟོའི་དགེ་རྒན་༡ བཅས་དགེ་རྒན་༣༢ ཡོད། ཡིག་ཚང་ལས་བྱེད་འགན་འཛིན་༡ དཔེ་མཛོད་དོ་དམ་པ་༡ སྨན་ཞབས་མ་༡ གནས་འོག་མའི་རྩིས་དྲུང་༢ སློབ་ཡོན་སྡེ་ཚན་གྱི་རྩིས་དྲུང་༡ ཚན་རིག་ཚོད་ལྟ་ཁང་དོ་དམ་པ་༡ ཁ་ལོ་པ་༡ ཉལ་ཁང་དོ་དམ་པ་༢ ཡིག་སྐྱེལ་༢ མ་ཚབ་༢  མ་བྱན་༣ སྡེ་ཚན་གཞན་གྱི་ལས་བྱེད་༤ བཅས་འཛིན་སྐྱོང་ལས་བྱེད་༢༡ བཅས་ཁྱོན་བསྡོམས་དགེ་ལས་༥༣ ཡོད།
ཕྱི་ལོ་༢༠༠༨ བར་སློབ་གྲྭ་འདི་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་གྲངས་༢༠༠༠ ལྷག་བྱུང་ཡོད། སློབ་གྲྭ་འདི་ནས་ཐོན་པ་རྣམས་འཛམ་བུ་གླིང་གང་སར་གདན་ཐོབ་འདྲ་མིན་ཐོག་སོ་སོའི་འཚོ་རྟེན་ཆེད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེའི་ནང་ཕྱག་ལས་གནང་བཞིན་ཡོད། དཔེར་ན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང༌། བོད་གཞུང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། བལ་ཡུལ་གངས་ཅན་བདེ་རྩའི་དྲུང་ཆེ་ཟུར་པ་མདའ་དཔོན་ཀུན་དགའ་རྡོ་རྗེ། བོད་མི་མང་སྤྱི་འཐུས་དང་དྷ་ས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན། བོད་གཞུང་འཆར་འགོད་ལྷན་ཁང་འགན་འཛིན་ཌོག་ཊར་དཀོན་མཆོག་བརྩོན་འགྲུས་ལྟ་བུའི་བོད་གཞུང་དང་སྒྲིག་སྡེ། རྒྱ་བལ་འབྲུག་གསུམ་ཕྱི་རྒྱལ་དང་བཅས་པའི་ཡུལ་གྲུ་ཀུན་ཏུ་སྤྱི་དོན་ཞབས་འདེགས་རླབས་པོ་ཆེ་སྒྲུབ་མཁན་མང་དག་ཅིག་བསྐྱེད་བསྲིང་བྱས་ཡོད།
ཕྱི་ལོ་༢༠༠༧ ལོར་བོད་གཞུང་གཏན་སློབ་ཁག་ནས་ཐོན་པའི་སློབ་ཟུར་མཐུན་ཚོགས་བཙུགས་ཏེ། སློབ་ཕྲུག་ཚོས་རང་ཉིད་ཐོན་སའི་སློབ་གྲྭ་དེར་ཞབས་འདེགས་སྣ་མང་ཞུ་བའི་བརྒྱུད་ལམ་གསར་གཏོད་གནང༌།
སློབ་གྲྭའི་ནང་དུས་ཚོད་དང་བསྟུན་ནས་དེང་དུས་ཤེས་ཡོན་ལ་མཁོ་བའི་མཐུན་རྐྱེན་ཆ་ཚང་ལྡན་ཡོད། དེར་སྡེ་ཚན་མང་དག་ཡོད་པ་སྟེ། ཤེས་ཡོན་ཐོན་ཁུངས་ལྟེ་གནས། དམའ་མཐའི་ཤེས་ཡོན་གནས་ཚད་ཁང༌། ཚོམས་ཆེན་ནང་བརྙན་འཕྲིན་དང་སྒྲ་གཏོང་ཆ་རྐྱེན་འཐུས་ཚང༌། ཚན་རིག་ཚོད་ལྟ་ཁང༌། རྩིས་རིག་ཚོད་ལྟ་ཁང༌། ལག་ཤེས་སློབ་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། སྐད་ཡིག་སྦྱོང་བརྡར་ཚོད་ལྟ་ཁང༌། སློབ་ཁྲིད་ཡོ་ཆས་སྣ་མང་འཛོམས་པའི་རྩིས་རིག་དང༌། སྤྱི་ཚོགས་ཚན་རིག་སྦྱོང་བརྡར་ཁང༌། མདུན་ལམ་སློབ་སྟོན་ཁང༌། གཞན་ཡང་སློབ་ཚན་འདྲ་མིན་སྐོར་གྱི་སྒྲ་ཕབ་དང༌། འོད་སྡེར། བརྙན་པར། གློག་ཀླད་རྩིག་བརྙན།(LCD) རྩིག་བརྙན་འཕྲུལ་ཆས། འོད་སྡེར་བཤུ་ཆས། སློབ་ཚན་སོ་སོའི་མིང་ཚིག་དང་ཐ་སྙད་ཀྱི་གོ་དོན་འཚོལ་ཞིབ་སླད་ཀམ་པུ་ཊར་དང་དྲ་རྒྱ་སོགས་སློབ་ཁྲིད་ཡོ་ཆས་སྣ་མང་ལྡན་ཡོད།
སློབ་གྲྭའི་དཔེ་མཛོད་ནི་ཁང་ཁོངས་རྒྱ་ཆེ་ཞིང་དེབ་འཇོག་དཔེ་སྒྲོམ་འདང་ངེས་དང་དཀར་ཆ་བཟང་བ་སོགས་མཐུན་རྐྱེན་གང་ལེགས་ཡོད་ཅིང༌། དཔེ་མཛོད་ནང་བོད་ཨིན་ཧིན་གསུམ་གྱི་སྐད་ཡིག་ཐོག་ཚགས་པར་དང་གསར་དེབ། སྙན་ངག བྱིས་སྒྲུང༌། རྩོམ་རིག ཚོན་ལྡན་བརྙན་དེབ། ཤེས་བྱ་ཀུན་འདུས། ཚིག་མཛོད། སློབ་ཚན་སོ་སོའི་དཔྱད་གཞིའི་དེབ། སློབ་དེབ་སོགས་ཁྱོན་བསྡོམས་དཔེ་དེབ་གྲངས་༨༢༠༠ ཙམ་ཡོད་པའི་ཐོག་བདུན་རེ་དང་ཟླ་རེའི་གསར་ཤོག་དང་དུས་དེབ་མངགས་ཉོ་གནང་སྟེ་བལྟ་ཀློག་གནང་མུས་དང༌། བུ་དང་བུ་མོའི་ཉལ་ཁང་ཁག་གི་ནང་ལའང་ཚགས་དེབ་འདྲ་མིན་གྲངས་༡༠༠༠ ཡས་མས་ཙམ་ཡོད་པའི་དཔེ་མཛོད་ཆུང་ངུ་རེ་གསར་བསྐྲུན་བགྱིས་པས། སློབ་ཕྲུག་ཚོས་དུས་ཚོད་ངེས་མེད་ནང་དཔེ་རིགས་འདྲ་མིན་ལྟ་ཀློག་བྱ་བའི་མཐུན་རྐྱེན་འཛོམས་ཡོད། ཕྱི་ལོ་༢༠༠༡ ནས་བཟུང་སློབ་གྲྭའི་སྔོན་རྩིས་ནང་ལོ་ལྟར་དཔེ་དེབ་༢༠༠ བརྒལ་བ་བླུ་ཡོན་ཞུ་མུས་ཐོག བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་རེར་བོད་ཡིག་ཚགས་དེབ་སྣ་མང་གྲངས་ཀ་འདང་ངེས་རིན་མེད་མཁོ་འདོན་གནང་བཞིན་ཡོད།

༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། རྡོར་གླིང་གཏན་སློབ་ཏུ་སློབ་ཕྲུག་བུ་༢༧༤ དང་བུ་མོ་༢༤༢ བཅས་ཁྱོན་བསྡོམས་༥༡༦ ཡོད་པའི་ནང་བོད་རིགས་སློབ་ཕྲུག་༤༥༠ ཡོད་པ་དང༌། བོད་རིགས་མ་ཡིན་པ་༦༦ ཡོད། གཏན་སྡོད་སློབ་མ་གྲངས་༢༦༥ དང་ཉིན་སློབ་ཕྲུ་གུ་༢༥༡ བཅས་བྱུང་ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདིར་འཛིན་རིམ་བཅུ་པའི་རྗེས་སུ་ཚོང་རིག་དང་སྒྱུ་རྩལ་བཅས་ཆེད་ལས་སྡེ་ཚན་གཉིས་ཀྱི་སློབ་གཉེར་མཐུན་རྐྱེན་འཛོམས་ཡོད།
ཕྱི་ལོ་༢༠༠༨ ཟླ་༣ པར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་སྐབས། སློབ་གྲྭ་འདིའི་སློབ་ཕྲུག་སངས་རྒྱས་དབྱངས་ཅན་གྱིས་བོད་སློབ་འཛིན་ཚོགས་སློབ་གྲྭའི་ཁྲོད་ཚོང་རིག་ཨང་དང་པོ་བླངས་ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱ་གར་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་ཁྲོད་གྲུབ་འབྲས་ཅི་ཐོབ་ཀྱི་གནས་སྟངས་གཤམ་གསལ།

བྱ་ར། ༡༠པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༣༩ ༤༨་༧༡ ༣༣ ༨༧་༨༧
ཕྱི་ལོ་༡༩༩༩ ༢༩ ༣༤་༦༡ ༣༡ ༨༠་༦༤
ཕྱི་ལོ་༢༠༠༠ ༤༣ ༨༨་༣༧ ༤༨ ༡༠༠
ཕྱི་ལོ་༢༠༠༡ ༥༧ ༨༩་༤༧ ༤༩ ༡༠༠
ཕྱི་ལོ་༢༠༠༢ ༥༠ ༤༤་༠༠ ༥༠ ༥༨་༠༠
ཕྱི་ལོ་༢༠༠༣ ༣༨ ༡༥་༧༨ ༤༨ ༨༣་༣༣
ཕྱི་ལོ་༢༠༠༤ ༤༤ ༧༥་༠༠ ༣༠ ༨༣་༣༣
ཕྱི་ལོ་༢༠༠༥ ༣༤ ༩༤་༡༢ ༣༢ ༨༧་༥༠
ཕྱི་ལོ་༢༠༠༦ ༤༨ ༩༥་༨༣ ༥༠ ༩༠་༠༠
ཕྱི་ལོ་༢༠༠༧ ༥༢ ༩༤་༢༣ ༥༨ ༨༧་༩༣
ཕྱི་ལོ་༢༠༠༨ ༦༡ ༧༥་༤༡ ༥༣ ༩༠་༥༧
ཕྱི་ལོ་༢༠༠༩ ༤༩ ༩༡་༨༤ ༩༦ ༩༥་༨༣

༤། ཤེས་ཡོན་ལས་རིམ།

འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་བསླབ་གཞི་རྒྱ་གར་དབུས་རྒྱལ་ཡོངས་ཤེས་ཡོན་གྱི་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCER)ནས་གཏན་འབེབས་བྱས་པའི་བསླབ་གཞི་ཁྲིད་སྤེལ་བྱས་ཡོད་ཀྱང༌། བར་ལམ་འཛིན་རིམ་ལྔ་པ་བར་དབྱིན་ཡིག་ཙམ་ཕུད་དེ་མིན་སློབ་ཚན་ཚང་མ་བོད་ཡིག་ཐོག་སློབ་ཁྲིད་ལག་བསྟར་བྱས་པར་བརྟེན། གཞི་རིམ་འོག་མའི་སློབ་ཚན་ཁྲོད་ཨིན་ཇི་ཙམ་ཕུད་དེ་བྱིངས་བོད་གཞུང་ཤེས་རིག་ལས་ཁུངས་དང༌། དྷ་ས་བོད་ཁྱིམ་ནས་བཏོན་པའི་སློབ་ཚན་ཁྲིད་སྤེལ་བྱེད་ཅིང༌། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་བོད་ཡིག་སློབ་ཚན་ཙམ་ཕུད་དེ་བྱིངས་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གི་བསླབ་གཞི་ཁྲིད་སྤེལ་བྱེད་ལ། འཛིན་རིམ་དགུ་པ་ཡན་ལ་དབུས་འབྲིང་སློབ་ལྷན་ཚོགས་ཀྱིས་གཏན་འབེབས་བསླབ་གཞི་གཞིར་བཞག་ཐོག་སློབ་ཁྲིད་བྱེད་མུས་ཡིན།
སློབ་མའི་ཤེས་ཡོན་གྱི་ཆ་ཤས་འཐུས་ཚང་དང་གནས་ཚད་གོང་མཐོར་གཏོང་སླད། དུས་རྒྱུན་སློབ་ཁྲིད་དང་མཉམ་དུ་རིག་གཞུང་དང་བརྗོད་གཞི་འདྲ་མིན་ཐོག་ས་གནས་སློབ་གྲྭ་ཁག་དབར་རམ། སློབ་གྲྭའི་ཁང་ཚན་དང་འཛིན་གྲྭ། ཉལ་ཁང་བཅུ་ཤོག་བཅས་ནང་ཁུལ་བགྲོ་གླེང་དང༌། རིགས་ལམ་དང་ངག་རྩལ་འགྲན་བསྡུར། སྙན་ངག་གྱེར་འདོན། སྒྱུ་རྩལ་འཁྲབ་སྟོན། རྩོམ་འགྲན། ཟློས་གར་དང་ཞབས་བྲོ། དབྱིན་བོད་ཧིན་གསུམ་ཐོག་སློབ་གྲྭའི་ལོ་འཁོར་དུས་དེབ་རེ་འདོན་སྤེལ་བྱེད་མུས་སོགས་སྲོལ་རྒྱུན་དང་དེང་རབས་ཀྱི་བྱེད་སྒོ་མང་དག་ཅིག་སྤེལ་བཞིན་ཡོད་པའི་ནང༌། སློབ་གྲྭའི་ངོས་ནས་དམིགས་བསལ་ཤུགས་གནོན་རྒྱག་རྒྱུ་གཙོ་བོ་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང་འགྲོ་བ་སྤྱི་དང་ཁྱད་པར་བོད་མིའི་རྩ་དོན་ཐོག་བྱས་རྗེས་འཇོག་ཐུབ་པའི་མི་རབས་གསར་པ་བསྐྱེད་བསྲིང་བྱ་རྒྱུ་བཅས་ཡིན།
ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་ཁྱབ་དགོངས་དོན་གཞིར་བཟུང་སློབ་གྲྭ་འདིའི་དགེ་རྒན་ཚོས་དུས་རྒྱུན་ཡིག་རྒྱུགས་གྲུབ་འབྲས་ཙམ་མ་ཡིན་པར། སློབ་ཕྲུག་ཚོའི་ཕྱོགས་ཡོངས་ཀྱི་འཚར་ལོངས་དང་འཕེལ་རྒྱས་གཙིགས་ཆེར་བཟུང་སྟེ། ཤེས་ཡོན་དང་གཤིས་སྤྱོད་ཅིག་ཅར་གོང་མཐོར་གཏོང་སླད་རྒྱུན་གཏན་སློབ་ཚན་ཙམ་གྱིས་མ་ཚིམ་པར་སློབ་མའི་དངོས་ཡོད་གནས་སྟངས་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་དཔག་པའི་ལས་རིམ་དང་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། སློབ་ཕྲུག་ཚོར་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཟུང་ལྡན་གྱི་བོད་མི་བཟང་པོ་ཞིག་ཡོང་བར་འབད་རྩོལ་ཞུ་བཞིན་ཡོད།
བོད་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་ལས་རིགས་དང་མཐོ་སློབ་འདེམས་གསེས་བྱ་རྒྱུར་དཀའ་ངལ་འཕྲད་མུས་དང༌། ཁྱད་པར་གཞི་རིམ་ནས་བཟུང་སློབ་ཕྲུག་ཚོའི་མ་འོངས་མདུན་ལམ་དམིགས་ཏེ་ཆེད་ལས་དང་རིགས་གཅིག་རྐང་འཛིན་ནང་འཇུག་ཚུལ་ལམ་སྟོན་གནང་གལ་ཆེ་བར་བརྟེན། ཉེ་བའི་ལོ་ཤས་སྔོན་བོད་གཞུང་ཤེས་རིག་ལས་ཁུངས་ནང་མདུན་ལམ་སློབ་སྟོན་པ་བསྐོ་འཛུགས་གནང་སྟེ། གཏན་སློབ་ཁག་ལ་བསྐོར་བསྐྱོད་དང་སློབ་གྲྭ་སོ་སོའི་སློབ་དགེ་རྣམས་ལ་མདུན་ལམ་སློབ་སྟོན་སྐོར་གྱི་ཟབ་སྦྱོང་མཁོ་སྤྲོད། སློབ་གྲྭ་ཆེ་ཁག་ནང་མདུན་ལམ་སློབ་སྟོན་དགེ་རྒན་སྦྱོང་བརྡར་སོགས་ཀྱི་ལས་རིམ་ལག་བསྟར་གནང་མུས་ཡིན་ནའང༌། སློབ་གྲྭ་མང་ཞིང་ས་ཐག་རིང་བའི་དབང་གིས་གནད་སྨིན་ཞིག་འབྱུང་མིན་ལ་བརྟེན། ཕྱི་ལོ་༢༠༠༧ ལོ་རྡོར་གླིང་ཁུལ་དུ་མདུན་ལམ་སློབ་སྟོན་ལས་ཁང་ཞིག་ཆེད་འཛུགས་ཀྱིས་རྒྱ་གར་བྱང་ཤར་སློབ་ཁག་ལ་ལམ་སྟོན་ཡང་ནས་ཡང་དུ་གནང་བས། དགེ་སློབ་ཕ་མ་བཅས་ལ་ཕྲུ་གུའི་མདུན་ལམ་ཐོག་དོགས་སེལ་ལན་འདེབས་དང༌། གྲོས་འདོན། བརྡ་འཕྲིན་མཁོ་སྤྲོད། རོགས་རམ་སློབ་སྟོན་སོགས་ཀྱི་ཞབས་འདེགས་ཞུས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་སློབ་གྲྭ་འདིའི་ལས་བྱེད་བཅུ་ཙམ་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཞབས་ལོ་༢༥ འཁོར་བའི་གཟེངས་བསྟོད་ཕྱག་ཁྱེར་དང་ཐོན་མི་སམ་བྷོ་ཊའི་སྐུ་ཐང་བཅས་གསོལ་རས་གནང་སྟེ། བོད་དགེ་དེ་རྣམས་ཀྱིས་མི་ཚེ་ཧྲིལ་པོར་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་ཞབས་འདེགས་ཞུས་པར་ཡི་རང་བསྔགས་བརྗོད་གནང་ཡོད།
གཞན་ཡང༌། འབྲིང་རིམ་དགེ་རྒན་ཨར་ཀེ་བྷ་ར་ཏི་དང༌། མཐོ་རིམ་དགེ་རྒན་བསོད་ནམས་ཆོས་སྒྲོན་གཉིས་ལ་ཕྱི་ལོ་༢༠༠༤ དང་༢༠༠༦ སོ་སོར་རྒྱ་གར་གྱི་སྲིད་འཛིན་གྱིས་རྒྱ་གར་རྒྱལ་ཡོངས་དགེ་རྒན་ཕུལ་བྱུང་བྱ་དགའ་གནང་ཡོད་པ་དང༌། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་ལོ་ལྟར་ཁྱབ་ཁོངས་ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་གནང་སྲོལ་ཡོད་པའི་ཁོངས། ཕྱི་ལོ་༡༩༩༤ ལོར་དམའ་རིམ་དགེ་རྒན་གཡང་མོ་ཚེ་རིང་དང༌། ཕྱི་ལོ་༢༠༠༣ ལོར་ལུས་རྩལ་དགེ་རྒན་པདྨ་ཚེ་དབང༌། ཕྱི་ལོ་༢༠༠༥ ལོར་འབྲིང་རིམ་དགེ་རྒན་འཇིགས་མེད་ཨོ་རྒྱན་དང་དམའ་རིམ་དགེ་རྒན་པདྨ་དབང་མོ། ཕྱི་ལོ་༢༠༠༨ ལོར་མཐོ་རིམ་དགེ་རྒན་དབང་ཕྱུག་བཅས་ལ་བྱ་དགའ་ལེགས་གསོལ་གནང་ཐོག འདི་ལོར་སློབ་ཕྲུག་རྒན་པ་ཚོས་འབྲས་ལྗོངས་མངའ་སྡེའི་སིལ་སྤོལ་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་པ་དང་རན་ཅི་གྲོང་ཁྱེར་ནང་སིལ་སྤོལ་འགྲན་བསྡུར་སྐབས་རྩེད་ཕུད་བཞིའི་ཁོངས་སུ་སླེབས།
སློབ་གྲྭ་འདི་བཙུགས་པ་ནས་བཟུང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་དགེ་རྒན་གྱི་ཆེད་ལས་ནུས་རྩལ་ཡར་རྒྱས་ཡོང་བ་དང༌། གནས་དུས་དང་མཐུན་པའི་སློབ་ཁྲིད་བྱེད་ཐབས་ལ་ལེགས་བཅོས་ཀྱིས་གོང་འཕེལ་འབྱུང་ཐབས་བཅས་ལ་ཆེད་དམིགས་ཀྱིས། དཔེར་ན་ཀམ་པུ་ཊར་གཞི་རིམ་སྦྱོང་བརྡར། གཞས་དང་ཞབས་བྲོ། སློབ་ཚན་དང་འབྲེལ་བ། མདུན་ལམ་རིག་རྩལ། གནས་ཚུལ་མཁོ་སྤྲོད་བརྡ་ཆད་རིག་པ། ཡིག་རྒྱུགས་དྲི་ཤོག་བཟོ་སྟངས། བསམ་བློ་བེད་སྤྱོད་བྱེད་སྟངས། བོད་པའི་ལེགས་བྱང་དང་མང་གཙོ། གཞི་རིམ་ཤེས་ཡོན་སྲིད་བྱུས། གདོང་ལེན་རུ་ཁག་སྦྱོང་བརྡར། རྒྱལ་ཁབ་ཀྱི་གདོང་ལེན་ལས་གཞི།(National Adventure Programme) བྱུས་ཉེས་དང་གནོད་འཚེ་གདོང་ལེན། དྲི་ཤོག་ཞུ་དག་སྦྱོང་བརྡར། བྱེད་སྒོའི་ལམ་ནས་སློབ་ཁྲིད། ཨིན་ཇིའི་སྐད་ཡིག་སྦྱོང་བརྡར། གདོང་ལེན་རུ་ཁག་སྦྱོང་བརྡར། སློབ་སྦྱོང་རྒྱུ་ཆ་མཁོ་སྒྲུབ་སྦྱོང་བརྡར། ཡིག་རྒྱུགས་གཏོང་ཕྱོགས་(Grading System)སྦྱོང་བརྡར། དགོས་མཁོ་དང་བརྗོད་གཞི་ལ་གཞིགས་པའི་རྩིས་རིག་སྦྱོང་བརྡར། རིགས་ལམ་སློབ་ཁྲིད་བྱེད་ཕྱོགས་ཀྱི་སྦྱོང་བརྡར། འགན་འཁུར་ཚད་གཞིའི་ལས་རིམ། གནས་ཡུལ་སྤོ་བཤུད་སློབ་སྦྱོང་ལས་གཞི་སོགས་སྦྱོང་བརྡར་དང་ཟབ་སྦྱོང་ཇི་སྙེད་ཅིག་གོ་སྒྲིག་གནང་བར་འཛུལ་ཞུགས་བྱས་ཡོད་པས། སྦྱོང་བརྡར་དེ་དག་བརྒྱུད་དགེ་རྒན་ཚོའི་བསམ་བློའི་གོ་རྟོགས་དང་སློབ་ཁྲིད་ཀྱི་ནུས་རྩལ་གོང་མཐོར་བྱུང་ཡོད་ལ། སློབ་ཕྲུག་ཚོའི་ངོས་ནས་ཀྱང་སྦྱོང་བརྡར་གསར་པ་བྱེད་ཕྱོགས་ལ་གདོང་ལེན་བྱ་ཐུབ་ཡོད། སློབ་གྲྭའི་དགེ་རྒན་ཚང་མ་ཆེད་ལས་འོས་སྦྱོང་ཐོན་པ་ཤ་སྟག་ཡིན།

༥། གཞུང་འབྲེལ་འཚམས་གཟིགས།

འདས་པའི་ཆར་རྡོར་གླིང་གཏན་སློབ་འདིར་རྒྱ་གར་དབུས་སའི་དཔོན་རིགས་དང༌། བོད་གཞུང་ཤེས་རིག་ལས་ཁུངས། གཞུང་སྒེར་ཚོགས་སྡེ་ཁག་གི་མཁས་དབང་དང༌། སྦྱིན་བདག བླ་སྤྲུལ་སོགས་མི་སྣ་གལ་གནད་ཅན་མང་དག་ཅིག་གིས་འཚམས་གཟིགས་གནང་ཡོད། ཁྱད་པར་ཕྱི་ལོ་༢༠༠༣ ཟླ་༡༢ ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་འདིར་ཞབས་སོར་འཁོད་ནས་དགེ་སློབ་ཡོངས་ལ་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ་བ་དང་ཆབས་ཅིག ཐུགས་སྨོན་སྐྱབས་འཇུག་ཀྱང་གནང་བའི་བྱིན་མཐུས་སློབ་གྲྭའི་ལས་དོན་ཆེ་ཕྲ་གང་ཅིར་ལམ་ལྷོང་བྱུང༌། འདིར་ཉེ་བའི་ལོ་འགའ་ཤས་རིང་གལ་ཆེའི་འཚམས་གཟིགས་ཁག་ཅིག་ཟུར་འདོན་ཞུས་པ་གཤམ་གསལ།
ཕྱི་ལོ་༢༠༠༥ ཟླ་༩ པར་ནུབ་བྷང་གལ་མངའ་སྡེའི་སྤྱི་ཁྱབ་སྲིད་སྐྱོང་པ་གྷོ་པཱལ་ཀྲིཤི་ཎ་གྷན་དྷི་(Governor Gopal Krishna Gandhi)མཆོག་ནས་སློབ་གྲྭ་འདིར་གློ་བུར་འཚམས་གཟིགས་གནང་སྟེ། སློབ་གྲྭའི་ཁོར་ཡུག་གཙང་སྦྲ་དང༌། འཛིན་སྐྱོང༌། སློབ་ཁྲིད་དང་སློབ་མའི་གཤིས་སྤྱོད་བཅས་ལ་བསྟོད་བསྔགས་ཆེན་པོ་གནང་བ་མ་ཟད། ཁོང་གི་གཟིགས་སྣང་དང་རྒྱབ་སྐྱོར་མཚོན་ཆེད་རྒྱ་གར་དབུས་ཤེས་རིག་བློན་ཆེན་ཨར་ཇུན་སིང་ལ་རྒྱབ་གཉེར་ཕྱག་བྲིས་ཤིག་ཀྱང་ཕུལ་ཡོད།
ཕྱི་ལོ་༢༠༠༦ ཟླ་༦ ཟླ་མཇུག་ཏུ་ཤེས་རིག་ལས་ཁུངས་ཀྱི་ལྷོ་ཁུལ་མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་རྡོར་གླིང་གཏན་སློབ་འདིར་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་ལ་མདུན་ལམ་སློབ་སྟོན་གནང་བ་དང༌། ཕྱི་ལོ་༢༠༠༧ ཟླ་༡ པོར་ཤེས་རིག་ཟུང་དྲུང་བཀྲ་ཤིས་སྒྲོལ་མ་དང་ཚེ་དབང་སྒྲོལ་མ་གཉིས་འཚམས་གཟིགས་སུ་ཕེབས་ཏེ་སློབ་འཇུག་དང༌། སློབ་དོད་བསྡུ་བཞེས། མཐོ་སློབ་སློབ་ཡོན་བགོད་འགྲེམས་དང་འཚང་སྙན་འབུལ་སྟངས་སོགས་གཞི་རིམ་གནད་དོན་ཐོག་ལམ་སྟོན་ཞིབ་རྒྱས་གནང༌། དེ་བཞིན་ཕྱི་ལོ་༢༠༠༧ ཟླ་༤ པར་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་བྱང་ཤར་སློབ་ཁག་ལ་ཆེད་དུ་དམིགས་པའི་མདུན་ལམ་སློབ་སྟོན་ཁང་གསར་འཛུགས་གནང་བའི་ནང༌། མདུན་ལམ་སློབ་སྟོན་ཆེད་ལས་པ་ཆོས་སྐྱིད་ལྷ་མོ་ལགས་བསྐོ་འཛུགས་ཀྱིས་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་གནང་བ་དང༌། དེ་འབྲེལ་ས་གནས་མི་མང་དང་དགེ་སློབ་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་ཞིབ་རྒྱས་གནང༌།
ཕྱི་ལོ་༢༠༠༧ ལོར་སློབ་གྲྭར་གཟིགས་སྐོར་དང་རྟོག་ཞིབ་གནང་བར་ཕེབས་མཁན་གྲས་སུ་བོད་སློབ་འཛིན་སྐྱོང་ཚོགས་པའི་ཤེས་ཡོན་འགན་འཛིན་ཨེས་པི་རཱ་ན་(S.P.Rana)དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་གཉིས་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༨ ཟླ་༢ ཟླ་སྨད་དུ་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་འཚམས་གཟིགས་དང་འབྲེལ་རང་གཞུང་གི་ཤེས་ཡོན་སྲིད་བྱུས་དང་སྒྲིག་སྲོལ་ཁག དགེ་སློབ་མི་མང་བཅས་ཀྱི་བྱེད་སྒོ་དང་ལས་འགན་སྐོར་སོགས་ལམ་སྟོན་གསུང་བཤད་ཞིབ་རྒྱས་གནང་ཞིང༌། སློབ་གྲྭའི་ལས་རིམ་ཁག་ལ་རྟོག་ཞིབ་ནན་མོ་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༧ ཉིན་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་ལས་འཛིན་སི་དྷ་རུ་མན་(C.Dharuman)དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལས་འཛིན་ཚེ་རིང་བསམ་གྲུབ་གཉིས་ནས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།
གོང་གསལ་མི་སྣ་ཁག་གིས་སློབ་གྲྭ་འདིར་གཟིགས་ཞིབ་དང་སྦྲགས་བོད་གཞུང་གི་སྲིད་བྱུས་དང་སྒྲིག་སྲོལ། བོད་དོན་གནས་སྟངས། མ་འོངས་ལམ་ཕྱོགས་སོགས་གལ་གནད་ཆེ་བའི་ལམ་སྟོན་དང༌། སློབ་གྲྭའི་ད་ལྟའི་གནས་སྟངས་ལ་རྟོག་ཞིབ་ཀྱིས་དགེ་འདོན་སྐྱོན་བསྲང་གི་ལམ་སྟོན་འོག སློབ་གྲྭའི་འགོ་ལས་ཡོངས་ཀྱིས་ལྷག་བསམ་རྣམ་དག་གི་འབད་རྩོལ་བཅས་ལ་བརྟེན་ནས་སློབ་གྲྭ་འདི་ཉིད་ཀྱི་ཕྱི་ནང་གི་མཐུན་རྐྱེན་དང་སྤུས་ཚད་གོང་འཕེལ་འགྲོ་བཞིན་ཡོད།