ར་སྦང་ལ་ཉིན་སློབ།

[toc]

༡།    སློབ་གྲྭ་འགོ་འཛུགས།

ར་སྦང་ལ་ཀུན་ཕན་གླིང་དབུས་བོད་མིའི་སློབ་གྲྭ་ནི། འབྲས་ལྗོངས་ལྷོ་ཕྱོགས་གངས་ཅན་ལྗོངས་དགའ་རི་བོའི་མདུན་རོལ་གྱི་རི་གྲོང་ར་སྦང་ལ་ཞེས་པར་ཆགས་ཡོད། སློབ་གྲྭའི་རྒྱ་ཁྱོན་ལ་ཨེར་ཀ་༢ ཡོད་པས། སློབ་གྲྭ་འདིའི་ས་ཁྱོན་ཆེ་ཞིང་ཡུལ་ལྗོངས་མཛེས་ཤིང་བལྟ་ན་སྡུག
སློབ་གྲྭ་འདི་ཐོག་མར་འབྲས་ལྗོངས་མངའ་སྡེ་སྲིད་གཞུང་གི་མཐུན་འགྱུར་འོག་ཕྱི་ལོ་༡༩༧༢ ལོར་འགོ་འཛུགས་གནང༌། ཕྱི་ལོ་༡༩༨༤ ཟླ་༩ ཚེས་༦ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཚུད་དེ་ཀ་སྦུག་གཏན་སློབ་ཀྱི་ཡན་ལག་སློབ་གྲྭར་གྱུར། ཐོག་མའི་ཆར་སློབ་ཁང་མེད་པར་ཁང་པ་གཡར་པོ་ཞུས་ཡོད། སྐབས་དེར་སློབ་ཕྲུག་གྲངས་༣༡ དང་དགེ་རྒན་༢ ཡོད་པར་བཤད།
སློབ་གྲྭ་འདི་ཐོག་མར་གཞི་རིམ་འོག་མ་འཛིན་རིམ་ལྔ་པའི་མཐུན་རྐྱེན་ལས་མེད་ཀྱང༌། དབུས་བོད་སློབ་འཛིན་ཚོགས་ཁོངས་སུ་ཞུགས་ནས་ལོ་ཤས་སོང་རྗེས་འཛིན་རིམ་བརྒྱད་པ་བར་སྤར། སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་བོད་ཡིག་ཐོག་སློབ་ཁྲིད་གནང་བ་དང༌། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་ཨིན་ཡིག་ཐོག་གནང་བཞིན་ཡོད།
ཕྱི་ལོ་༢༠༠༨ ཟླ་༨ ཚེས་༣༡ བར་སློབ་ཕྲུག་གྲངས་༡༣༧ དང༌། གཏན་འཇགས་དགེ་རྒན་གྲངས་༡༡ དང༌། ཆོད་གན་ཐོག་དགེ་རྒན་༤ ལས་བྱེད་༣ བཅས་བསྡོམས་ལས་བྱེད་༡༩ ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཕྱི་ལོ་༡༩༩༥ ཟླ་༡ ཚེས་༢༣ ཉིན་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་དང་སྒང་ཏོག་མངའ་སྡེ་གཞུང་གི་ཤེས་རིག་དྲུང་ཆེ་གཉིས་དབར་འཛིན་ཁང་༦ ལ་ཁང་གླ་ཟླ་རེར་སྒོར་༡༠༠ རེ་སྤྲད་ནས་གླ་གཡར་ཞུ་རྒྱུའི་གན་ཡིག་བཞག་སྟེ་གླ་གཡར་ཞུས་འདུག
ཕྱི་ལོ་༡༩༩༧ ཟླ་༧ ཚེས་༡༦ ཉིན་སྒང་ཏོག་མངའ་སྡེ་གཞུང་གི་ཤེས་རིག་ངེས་སྟོན་པས་འཛིན་ཁང་༥ ཡོད་པའི་ཁང་པ་དེ་བཀའ་ཡིག་(vide L.G. No.-303/Est./Edu.dated 16/07/1997)དགོངས་དོན་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་དྲུང་ཆེའི་མཚན་ཐོག་རིན་མེད་གནང་སྦྱིན་བྱུང༌།
ཕྱི་ལོ་༡༩༩༧ ཟླ་༩ ཚེས་༡༦ ཉིན་ས་གནས་འགོ་འཛིན་བརྒྱུད་སྒོར་༧༩༦༦༦༣ འགྲོ་གྲོན་བཏང་སྟེ་འཛིན་ཁང་༣ དང༌། དཔེ་མཛོད་ཁང་༡ ཡིག་ཚང་༡ དགེ་རྒན་ཆེན་མོའི་ཡིག་ཚང༌། ཚོགས་ཁང་འཛིན་ཆས་དང་གློག་ཆས་རང་འགྲིགས་བཅས་གསར་སྐྲུན་གྱིས་རྩིས་སྤྲོད་གནང་བ་དང་མཉམ་དུ་ཁང་གླ་སྒོར་༡༠༠ གན་ཡིག་འབྲུ་དོན་ལྟར་བཀའ་འཁྲོལ་(ཡིག་ཨང་H.Q.CTSA letter no F-8-17/97-CTSA dated-16.9.1997)དགོངས་དོན་ལྟར་རྩིས་སྤྲོད་གནང༌། བོད་སློབ་འཛིན་སྐྱོང་ཚོགས་པ་ནས་འཛིན་ཁང་༤ དང་སློབ་གྲྭའི་ཕྱི་སྐོར་ར་བ་གསར་རྒྱག་གནང་སྟེ་ཕྱི་ལོ་༢༠༠༦ ཟླ་༣ ཚེས་༩ ཉིན་བོད་སློབ་འཛིན་ཚོགས་ཀྱི་ལམ་སྟོན་ལྟར་རྩིས་སྤྲོད་གནང༌།
ཕྱི་ལོ་༡༩༨༤ ཟླ་༩ ཚེས་༦ ཉིན་སློབ་གྲྭ་འདི་དབུས་བོད་སློབ་འཛིན་ཚོགས་ཁོངས་ཚུད་སྐབས་ར་སྦང་ལ་ཀུན་འཕེལ་གླིང་གི་ས་གནས་འགོ་འཛིན་ངག་དབང་འཕེལ་རྒྱས་ལགས་ནས་(གནས་ཡིག་ཨང་ྒKTS/CTSA-16/92/228 of dated 19/10/1992དང་སྦྲགས་ས་ཆ་ཨེར་ཀ་༢ སློབ་གྲྭར་གསོལ་སྩལ་གནང༌། དེ་བཞིན་ཕྱི་ལོ་༢༠༠༧ ཟླ་༨ ཚེས་༡༢ ཉིན་ལས་ཤག་༦ གི་མ་གནས་སྒོར་༥༡༦༣༠༠༠ ཅན་ཨེཅ་ཨེས་སི་ཨ་ཡི་(HSCI)ནས་གསར་སྐྲུན་གྱིས་བོད་སློབ་འཛིན་སྐྱོང་ཚོགས་པས་ལས་ཚད་ལྟར་རྩིས་སྤྲོད་ཞུས།
ཕྱི་ལོ་༢༠༠༣།༢༠༠༤ ལོར་དབུས་བོད་སློབ་འཛིན་ཚོགས་ནས་མ་དངུལ་ཆེད་གཏོང་གིས་སློབ་གྲྭའི་ཁང་ཁུངས་འཛུགས་སྐྲུན་གཙོ་གྲས་གསུམ་པོ་ཞིག་གསོ་དང༌། འཛིན་ཁང་དང་ལས་ཤག་ལ་གློག་ཆས་བསྐྱར་འཛུགས་གནང༌།
ཕྱི་ལོ་༢༠༠༥ ལོར་འཛིན་ཁང་འཕར་མ་༤ དང༌། ནང་ཁུལ་ར་སྐོར་གསར་རྒྱག་འགོ་འཛུགས་གནང་བ་ཕྱི་ལོ་༢༠༠༦ ལོར་ལེགས་གྲུབ་བྱུང༌། ཕྱི་ལོ་༢༠༠༦ ལོར་ལས་ཤག་གསར་པ་༤ འཛུགས་སྐྲུན་འགོ་འཛུགས་གནང༌། ཕྱི་ལོ་༢༠༠༩ ལོར་སློབ་གྲྭའི་རྩེད་ཐང་ཡར་རྒྱས་དང༌། འཛིན་ཁང་འཕར་མ་༤ དང་གསང་སྤྱོད་ཟུར་དུ་གསར་སྐྲུན་བཅས་ཀྱི་ལས་འཆར་འགྲོ་མུས་ཡིན།
སློབ་གྲྭའི་དཔེ་མཛོད་ནང་ཨིན་ཇི་དང༌། ཧིན་དི། བོད་ཡིག་གསུམ་གྱི་བརྒྱུད་ལམ་ཐོག་ཚན་རིག་དང༌། སྒྲུང་གཏམ། རྩོམ་རིག བརྙན་དེབ། ཚགས་པར་སོགས་སློབ་མའི་གཞོགས་འདེགས་དེབ་རིགས་ཕུན་སུམ་ཚོགས་པ་དང༌། དགེ་རྒན་གྱི་སློབ་ཁྲིད་གཞོགས་འདེགས་དཔྱད་དེབ་དང་གསར་འགྱུར་སོགས་དབུས་བོད་སློབ་འཛིན་ཚོགས་ནས་མ་དངུལ་ཆེད་སྩལ་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་ལྟར་དཔེ་དེབ་བརྒྱ་ཕྲག་དུ་མ་རིན་མེད་འགྲེམས་སྤེལ་གནང་མུས་དེ་དག་བེད་སྤྱོད་གནད་སྨིན་ཞུ་མུས་ཡིན། དཔེ་མཛོད་ཀྱི་ནང་དུ་གློག་ཀླད་རྩིག་བརྙན།(LCD) རྩིག་བརྙན་འཕྲུལ་ཆས།(OHP) ཚོན་ཁྲ་ཅན་གྱི་གཟུགས་མཐོང་བརྙན་འཕྲིན། རླུང་འཕྲིན། སྒྲ་ཕབ། སྒྲ་གཏོང་སྒྲིག་ཆས། ཤེས་ཡོན་དང་འབྲེལ་བའི་འོད་སྡེར་དང་འཁོར་ཐག་སྣ་མང་བཅས་ཡོད་པ་མ་ཟད། གཞས་དང་ཞབས་བྲོ་ཁང༌། ཚོན་དང་རི་མོ། རྩིས་རིག་ཚོད་ལྟ་ཁང༌། ཀམ་པུ་ཊར་གློག་ཀླད་སྡེ་ཚན། རྩེད་མོའི་སྡེ་ཚན། སྤྱི་ཚོགས་རིག་པའི་ཚོད་ལྟ་ཁང་བཅས་ཀྱི་དེང་རབས་སློབ་ཁྲིད་ཀྱི་མཐུན་རྐྱེན་སྣ་མང་འཛོམས་ཡོད།

༣།    སློབ་འཇུག་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༡༤༣ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དེའི་ནང་བོད་པའི་ཕྲུ་གུ་༡༣༣ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༡༠ ཡོད། དགེ་རྒན་༡༥ དང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༡༨ ཡོད།
ཕྱི་ལོ་༡༩༩༣ ནས་༢༠༠༧ བར་སློབ་གྲྭ་འདི་ནས་འཛིན་རིམ་བརྒྱད་པ་མཐར་ཕྱིན་པའི་སློབ་ཕྲུག་གྲངས་༢༨༢ བྱུང་ཡོད། ཕྱི་ལོ་༡༩༩༣ ནས་ཕྱི་ལོ་༢༠༠༧ བར་སློབ་གྲྭ་འདིའི་འཛིན་གྲྭ་མཐོ་ཤོས་འཛིན་རིམ་བརྒྱད་པ་སློབ་མཐར་ཕྱིན་པའི་སློབ་ཕྲུག་གྲངས་༢༨༢ བྱུང་ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་ར་སྦང་ལ་ཉིན་སློབ་ཀྱི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

༤།    ཤེས་ཡོན་ལས་རིམ།

སློབ་གྲྭ་འདི་ཕྱི་ལོ་༡༩༨༤ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་གྱུར་པ་ནས་བཟུང་ཐོག་མར་ཀ་སྦུག་གཏན་སློབ་ཀྱི་ཡན་ལག་སློབ་གྲྭའི་ངོ་བོར་བསྡད་ནའང༌། ཕྱིས་སུ་རང་ཚུགས་ཀྱི་དབུས་བོད་སློབ་ཅིག་ཏུ་གྱུར་ཅིང༌། སློབ་གྲྭའི་སློབ་ཚན་དང་བསླབ་གཞི་གཞི་རྩའི་ཐོག་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་(NCERT)ཀྱིས་གཏན་འབེབས་ལྟར་ལག་བསྟར་ཞུ་མུས་ཡིན་ནའང༌། སྔོན་འགྲོ་ནས་གཞི་རིམ་འོག་མའི་བར་གྱི་སློབ་ཚན་བཀོད་སྒྲིག་དང༌། བསླབ་གཞི། ངེས་སྦྱོང་སློབ་ཚན་མ་ཡིན་པའི་སློབ་ཞོར་བྱེད་སྒོ་དང་སྦྱོང་བརྡར་ཁག་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྲིད་བྱུས་ལམ་སྟོན་དགོངས་དོན་བཞིན་ལག་བསྟར་འཚེམས་ལུས་མེད་པར་ཞུ་བ་སྟེ། སྔོན་འགྲོ་ནས་གཞི་རིམ་འོག་མ་བར་སློབ་ཁྲིད་ཀྱི་བརྒྱུད་ལམ་གཙོ་བོ་བོད་ཡིག་ཡིན་པ་དང༌། སློབ་དེབ་རྣམས་ཀྱང་ཨིན་ཡིག་ཙམ་ཕུད་དེ་མིན་ཆ་ཚང་བོད་གཞུང་ཤེས་རིག་ལས་ཁུངས་དང༌། དྷ་སྟེང་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་འདོན་སྤེལ་བྱས་པའི་ཚན་རིག་དང་རྩིས་རིག སྤྱི་ཚན་བཅས་ཀྱི་སློབ་དེབ་བེད་སྤྱོད་གཏོང་མུས་ཐོག དབུས་བོད་སློབ་འཛིན་ཚོགས་ཀྱི་བཀོད་ཁྱབ་བཞིན་ཤེས་ཡོན་སློབ་སྟོན་གྱི་ལྟ་གྲུབ་དང་ཐབས་ལམ་གསར་པ་ངོ་སྤྲོད་ལག་ལེན། ཀམ་པུ་ཊར་སོགས་དེང་དུས་ཀྱི་ལག་རྩལ་ཉམས་ལེན། ཁྱད་པར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཁྲོད་འཛིན་སྐྱོང་དང་ལམ་ལུགས་ཀྱི་བཀག་རྒྱར་མི་འགྱུར་བའི་གཞི་རིམ་ཤེས་ཡོན་གྱི་ངོས་འཛིན་དང༌། སློབ་སྟོན་གྱི་དམིགས་ཡུལ། དགོས་མཁོ། སློབ་ཁྲིད་ཀྱི་གཞི་རྩའི་ཐབས་རྩལ་སོགས་བོད་དགེ་རྣམས་ཀྱིས་དང་དོད་ཆེན་པོས་ཉམས་ལེན་གང་ཐུབ་ཞུ་བཞིན་ཡོད།
སློབ་གྲྭ་འདི་ཉིད་ཉིན་སློབ་ཡིན་སྟབས། སློབ་ཕྲུག་ཚོར་དུས་རྒྱུན་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་བྱེད་སྒོ་དང་གོམས་སྲོལ་ལ་དོ་སྣང་ཡོང་བའི་འབོད་སྐུལ་ཞུ་མུས་ཐོག སློབ་གྲྭའི་ནང་སྔ་དགོང་རྒྱལ་གླུ་དང་རང་སྦྱོང་གི་གོ་སྐབས་དང་བསྟུན་རང་རང་གི་མྱོང་ཚོར་དང་མཐོང་ཐོས་ཤོད་རེས་དང༌། གླུ་གཞས་དང་སྙན་ཚིག་གྱེར་འདོན་སོགས་ཆག་མེད་འགོ་འཛུགས་ཞུ་བ་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྩོམ་ཡིག་འགྲན་སྡུར་དང་ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་ནང་ལོ་ལྟར་འཛུལ་ཞུགས་དམ་དོན་ཞུ་མུས་ཡིན།
དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ལས་འཆར་ལྟར་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཚན་དང་རྒྱབ་ལྗོངས་མི་འདྲ་བའི་དགེ་རྒན་རྣམས་ལ་ཟབ་སྦྱོང་དང་ཚོགས་འདུ་གོ་སྒྲིག་གནང་མུས་མ་ཟད། བོད་གཞུང་ཤེས་རིག་ལས་ཁུངས་ནས་གཞི་རིམ་འོག་མའི་སློབ་ཚན་བོད་ཡིག་ཐོག་སློབ་ཁྲིད་གནང་སྟངས་དང༌། ཁྱད་པར་གཞི་རིམ་ཤེས་ཡོན་སྲིད་བྱུས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ལག་ལེན་བསྟར་སྟངས་སྐོར་གྱི་ཟབ་སྦྱོང་རིམ་ཅན་དུ་སྦྱོར་སྤྲོད་གནང་བའི་འབྲས་བུར། སློབ་གྲྭ་འདིའི་སློབ་དགེ་ཚོའི་གཞི་རིམ་ཤེས་ཡོན་གྱི་གོ་རྟོགས་གོང་མཐོར་སོང་ཡོད།
བོད་མིའི་སློབ་གྲྭ་ཟུར་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་བོད་མི་རིགས་ཀྱི་ངོས་འཛིན་སྐད་དང་རིག་གཞུང་བཟང་པོ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་སྟབས། སློབ་གྲྭའི་ནང་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་ཡར་རྒྱས་དང་ནང་པའི་ཆོས་ཀྱི་དོན་སྙིང་བརྒྱུད་སྤེལ་བྱ་བའི་ལས་རིམ་རྣམ་པ་འདྲ་མིན་གོ་སྒྲིག་ཞུས་ཡོད། དཔེར་ན། གཞིས་གྲོང་ནང་བླ་ཆེན་དང་མི་སྣ་གལ་ཆེན་ཕེབས་པའམ། སྤྱི་ཚོགས་ཀྱི་མཛད་སྒོ་དང་འདུ་ཚོགས། ལས་འགུལ། ཚོགས་འདུ་སོགས་ལ་མཉམ་ཞུགས་ཅི་ཐུབ། བོད་མི་རྒན་རབས་དང༌། ཆབ་སྲིད་བཙོན་པ། སྤྱི་འཐུས་སོགས་གནད་ཡོད་མི་སྣའི་གསུང་བཤད་གོ་སྒྲིག བོད་ཀྱི་ཐུན་མིན་གོམས་གཤིས་ངོ་སྤྲོད་དང༌། སྲོལ་རྒྱུན་གཞས་དང་ཞབས་བྲོ། ཟློས་གར་སོགས་ཀྱི་གནའ་རབས་སྲོལ་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་གྱི་ལས་རིམ་གོ་སྒྲིག་བྱས་ཏེ། སློབ་གྲྭའི་ནང་རིག་གནས་སློབ་སྦྱོང་དང༌། བོད་ཀྱི་རིག་གཞུང་གི་ཁོར་ཡུག་རྣལ་མ་ཞིག་སྐྲུན་པའི་འབད་རྩོལ་ལྷོད་མེད་ཞུ་བཞིན་ཡོད།

༥།    གཞུང་འབྲེལ་འཚམས་གཟིགས།

ལོ་བསྟར་ཆགས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་པ་གཉིས་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན། འབྲིང་རིམ་སློབ་གྲྭའི་སློབ་སྤྱི་གཅིག་བཅས་ཡོད་པའི་ཞིབ་དཔྱོད་ལྷན་ཚོགས་ཀྱིས་རྟོག་ཞིབ་དཔྱིས་ཕྱིན་པར་བྱས་པའི་དགོངས་འཆར་ཁག་སློབ་གྲྭ་འདི་ཡར་རྒྱས་དང་ལེགས་བཅོས་གཏོང་བའི་སླད་རྒྱུན་དུ་ཉམས་ལེན་ཞུ་བཞིན་ཡོད།
ཕྱི་ལོ་༢༠༠༣ ཟླ་༩ པའི་ཟླ་མཇུག་ཏུ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཤེས་ཡོན་འགན་འཛིན་ཇི་ཨེས་སེ་ཎི་(G.S. Saini)དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་གཉིས་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།