མོན་གྷོ་གཞིས་གྲོང་དྲུག་པའི་ཉིན་སློབ།

[toc]

༡།    འགོ་འཛུགས།

མོན་གྷོ་གཞིས་གྲོང་དྲུག་པའི་དབུས་བོད་མིའི་ཉིན་སློབ་ནི། ཐོག་མར་མའེ་སོར་གཞིས་ཆགས་ཡར་རྒྱས་སྡེ་ཚན་(MYRADA)ནས་གསར་འཛུགས་གནང་སྟེ། ས་གནས་གཞིས་འགོ་བདེ་དོན་ལས་ཁང་ནས་འཛིན་སྐྱོང་གནང༌། ཕྱི་ལོ་༡༩༧༨ ལོར་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་འབུལ་ཞུས།
ཕྱི་ལོ་༡༩༨༨ ལོར་འཛིན་རིམ་བརྒྱད་པའི་གནས་ཚད་དུ་གོང་སྤར་གནང༌། ཕྱི་ལོ་༡༩༧༨ ལོར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བཞེས་ཀྱིས་མོན་གྷོ་དབུས་བོད་མིའི་སློབ་གྲྭའི་ཡན་ལག་སློབ་གྲྭར་གྱུར། འོན་ཀྱང་སྐབས་དེའི་སློབ་ཕྲུག་དང་དགེ་ལས་ཀྱི་གྲངས་འབོར་སློབ་གྲྭ་དབུས་མས་ཉར་ཚགས་བྱས་སྟབས་ཡིག་ཆ་རྙེད་སོན་མ་བྱུང་ཡང༌། རོབ་ཙམ་ཞུས་ན་སློབ་ཕྲུག་༡༡༥ དང་དགེ་རྒན་༥ ཙམ་ཡོད་ཚོད་འདུག
ས་བྱི་ཕྱི་ལོ་༢༠༠༨ ལོརཁྱོན་བསྡོམས་སློབ་ཕྲུག་༢༣༤ ཡོད་པའི་ནང་སློབ་ཕྲུག་བུ་༡༣༤ དང་བུ་མོ་༡༠༠ བཅས་ཡོད། དགེ་རྒན་དང་ལས་བྱེད་ཀྱི་གྲངས་ནི། དགེ་ཆེ་༡ འབྲིང་རིམ་དགེ་རྒན་༢ གཞི་རིམ་འོག་མའི་དགེ་རྒན་༤ འཕྲལ་སེལ་གཞི་རིམ་འོག་མའི་དགེ་རྒན་༢ འཕྲལ་སེལ་གློག་ཀླད་དགེ་རྒན་༡ རི་མོའི་དགེ་རྒན་༡ ལུས་རྩལ་དགེ་རྒན་༡ ཟློས་དགེ་༡ དྲུང་ཡིག་༡ སྔོན་འགྲོའི་དགེ་རྒན་༣ ཡིག་སྐྱེལ་༡ གད་པ་དང་ཁང་སྲུང་བ་གཅིག་ལྕོགས་༡ ཆོས་དགེ་༡ བཅས་བསྡོམས་ལས་བྱེད་གྲངས་༢༡ ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭ་འདི་ཕྱི་ལོ་༡༩༧༨ སྔོན་གཞིས་ཆགས་ས་གནས་འགོ་འཛིན་ལས་ཁང་ནས་ཐད་ཀར་འཛིན་སྐྱོང་གནང་ཡོད་ཀྱང༌། ཕྱིས་སུ་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་འབུལ་ཞུས་འདུག དབུས་འཛིན་ཚོགས་ཀྱི་རྩིས་བཞེས་གནང་རྗེས་དགེ་ཆེ་རིམ་པས་འཛིན་ཁང་གསར་རྒྱག་དང་ཉམས་གསོ་ཡང་ཡང་གནང་འདུག་ནའང༌། སློབ་གྲྭའི་འཛིན་ཁང་དང་འཛིན་ཆས་གནས་སྟངས་ཆེས་ཞན་པར་བརྟེན་དབུས་བོད་སློབ་འཛིན་ཚོགས་ནས་ཕྱི་ལོ་༢༠༠༤ ནས་བཟུང་མ་དངུལ་ཆེད་གཏོང་གིས་བུ་དང་བུ་མོའི་གསང་སྤྱོད་ཁང་བརྩེགས་གསར་རྒྱག་དང༌། འཛིན་ཁང་འཕར་མ་༤ གསར་རྒྱག སློབ་གྲྭའི་མཐའ་སྐོར་གྱི་ར་བ་གསར་རྒྱག རྒྱལ་གླུ་ཚོགས་ཐང་གི་ཞ་ལ་ལེགས་བཅོས། འཛིན་ཁང་ཐོག་བརྩེགས་གཉིས་ཅན་གསར་རྒྱག་དང་ཉམས་གསོ་བཅས་གནང༌། ཁང་བརྩེགས་འདིའི་ནང་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་གྱི་འཛིན་ཁང་དང་རྩེད་མོའི་ཡོ་ཆས་འཇོག་ཁང༌། ཚན་རིག་བརྟག་དཔྱད་ཁང༌། དཔེ་མཛོད་ཁང་བཅས་བེད་སྤྱོད་གཏོང་མུས་ཡིན། ལྷག་པར་དབུས་བོད་སློབ་འཛིན་ཚོགས་ནས་ད་དུང་ཡིག་ཚང་དང༌། གློག་ཀླད་སྦྱོང་བརྡར་ཁང༌། སློབ་འཁྲིད་ཡོ་ཆས་ཁང་བཅས་སྔོན་རྩིས་མ་དངུལ་བཏང་བ་བཞིན་ད་ལྟ་ལས་འཆར་དེ་དག་ལག་བསྟར་གྱིས་ལེགས་གྲུབ་བྱུང་ཡོད།
ཕྱིའི་རོགས་ཚོགས་ནས་གསར་རྒྱག་གནང་བའི་མཐུན་རྐྱེན་རིགས་ནི། སློབ་ཕྲུག་ཚོའི་རྒྱལ་གླུ་ཚོགས་ཡུལ་དང་གསོལ་ཚིགས་བཞེས་ཡུལ་ལོགས་བཀར་མེད་པར་ཐང་ཆེན་སྟེང་སྡོད་པས་དབྱར་དུས་ཉི་མའི་ཚ་གདུང་དང་ཆར་པའི་དཀའ་ངལ་འཕྲད་བཞིན་པར་སོང་ཨ་རིར་བཅའ་བཞུགས་ཐུབ་བསྟན་དར་རྒྱས་གླིང་གི་ངེས་སྟོན་པ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས་ནས་རྒྱུ་སྦྱོར་གནང་སྟེ་ཚོགས་ཐང་ཆ་ཚང་ཁེབས་པའི་ཐོག་ཕུབ་གསར་རྒྱག་ཐུབ་པ་བྱུང༌།
སློབ་གྲྭའི་གསོལ་ཐབ་ཁང་གི་གནས་སྟངས་ཧ་ཅང་ཞན་སྟབས་ས་གནས་ས་སྐྱ་གྲྭ་ཚང་བརྒྱུད་མི་མང་ལ་རོགས་རམ་གནང་མཁན་འཇར་མན་གནས་བཞུགས་ལྕམ་སྐུ་ཨན་ཇི་ལི་ཀ་(Angelika Rahim Lechl, Director of Initiative Oberland, Germany)ལ་འབོད་སྐུལ་ཞུས་དོན་བཞིན་དེང་དུས་ཀྱི་ཆ་རྐྱེན་ལྡན་པའི་གསོལ་ཐབ་ཁང་སྤུས་ལེགས་གསར་སྐྲུན་བགྱིས་པ་ཕྱི་ལོ་༢༠༠༧ ལོར་ལེགས་གྲུབ་བྱུང༌།

༣།     སློབ་འཇུག་དང་སློབ་ཐོན་གནས་སྟངས།

ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་སློབ་གྲྭ་འདིའི་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་གཤམ་གསལ།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༢༤༧ ཡོད་པའི་ནང་བོད་པའི་ཕྲུ་གུ་༢༣༩ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༨ ཡོད། དགེ་རྒན་༡༥ དང་ལས་བྱེད་༣ བཅས་ཁྱོན་༡༨ ཡོད།
སློབ་གྲྭ་དབུ་ཚུགས་པ་ནས་བཟུང་ཕྱི་ལོ་༢༠༠༨ བར་འཛིན་རིམ་མཐོ་ཤོས་བརྒྱད་པ་ཐོན་པའི་སློབ་ཕྲུག་གྲངས་༤༢༠ ལྷག་བྱུང་ཡོད།

༤།     ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

དགེ་རྒན་དང་ལས་བྱེད་ཀྱི་ཆེད་ལས་གནས་ཚད་གོང་མཐོར་གཏོང་ཆེད་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་དང་ཚོགས་འདུ་ཡང་ཡང་གོ་སྒྲིག་གནང་བར་འཛུལ་ཞུགས་ཀྱིས་དགེ་ལས་ཀྱི་སྤུས་ཚད་གོང་མཐོར་བཏང་སྟེ། སློབ་གསོའི་སྲིད་བྱུས་དང་ལམ་སྟོན་དགོངས་དོན་གཞིར་བཟུང་སློབ་ཕྲུག་ཚོའི་ཤེས་ཡོན་གོང་མཐོར་བཏང་དང་གཏོང་མུས་ཡིན།
སློབ་ཕྲུག་ཚོའི་རྒྱུན་ལྡན་སློབ་སྦྱོང་ཐོག་ཤུགས་སྣོན་ཐེབས་སླད། དུས་རྒྱུན་སྔ་དྲོ་ཆུ་ཚོད་༨།༠༠ ནས་༨།༤༥ བར་ཐོག་མར་ཞལ་འདོན་དང༌། དེ་རྗེས་དགེ་རྒན་རིམ་པས་རང་སྦྱོང་གཟིགས་རྟོག་གནང་མུས་ཡིན། སློབ་ཕྲུག་རིག་པ་ཞན་པ་དང་རྣོ་བ་ཚོར་དགེ་རྒན་ཚོས་སྔ་དྲོ་དང་ཕྱི་དྲོ་འཛིན་གྲྭ་འཕར་མའང་འཚོགས་མུས་ཡིན།
ཕྱི་ལོ་༢༠༠༠ ལོར་སློབ་གྲྭ་འདིར་གདོང་ལེན་རུ་ཁག་(Scouts & Guides)སྡེ་ཚན་གསར་འཛུགས་ཐུབ་པ་བྱུང་ཞིང༌། སློབ་མ་ཚོའི་མཐོང་རྒྱ་དང་ཐོས་རྒྱ་གོང་མཐོར་འཕེལ་སླད་འཛིན་གྲྭ་མཐོ་བའི་སློབ་ཕྲུག་ཚོ་ལོ་ལྟར་ཤེས་ཡོན་ལྟ་སྐོར་ལ་འགྲུལ་བཞུད་སྣེ་འཁྲིད་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༩ ཟླ་༣ ཚེས་༡༦ ནས་ཆོས་དགེ་ཞིག་གསར་བསྐོས་བྱུང་བས་སློབ་གྲྭའི་ནང་ཆོས་དང་རིག་གཞུང་ངོ་སྤྲོད་ལས་རིམ་ཐོག་ཕན་ཐོགས་བྱུང༌།
སློབ་གྲྭའི་ཁོར་ཡུག་སྔོ་ལྗང་མཛེས་སྡུག་ལྡན་ཞིང་རླུང་གཙང་ཡོང་སླད་རྩི་ཤིང་དང་མེ་ཏོག་སྣ་ཚོགས་འདབས་འཛུགས་ཀྱིས་ཡུལ་ལྗོངས་ཀྱི་བཀོད་པ་མཚོན་བྱེད་སྤང་རི་ཚད་ལྡན་ཞིག་ཀྱང་གསར་བཟོ་བྱས་པ་མ་ཟད། སློབ་མ་རྣམས་ཁོར་ཡུག་ལ་བདག་གཅེས་དང་དོ་སྣང་ཡོང་སླད་སློབ་གྲྭའི་ཉེ་འགྲམ་གྱི་གཞུང་ལམ་གཡས་གཡོན་དུ་རྩི་ཤིང་དང་ལྗོན་ཤིང་འདེབས་འཛུགས་དང༌། ས་ཆུ་བདག་གཅེས་སྐོར་སློབ་མ་ཚོར་གོ་རྟོགས་སྤེལ་ཆེད་ཆར་ཆུ་གསོག་སྒྲུབ་ཀྱིས་རྫིང་བུ་ཆུང་ངུ་ཞིག་ཀྱང་གསར་སྐྱིལ་བྱས། སློབ་མ་ཚོའི་ལུས་སེམས་ཀྱི་འཕྲོད་བསྟེན་ལེགས་པོ་ཡོང་ཆེད་སློབ་གྲྭའི་ནང་རྩེད་མོའི་ལྡུམ་རྭ་ཞིག་གསར་སྐྲུན་བྱས།
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་ཁྱད་པར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་ཚོར་བོད་ཀྱི་སྲོལ་རྒྱུན་ཚད་མ་རིག་པ་ངོ་སྤྲོད་དང་སློབ་ཁྲིད་དགོས་གལ་སྐོར་བཀའ་སློབ་ལམ་སྟོན་སྤྱི་ཕེབས་ལྟར། མོན་གྷོ་ཤེས་ཡོན་ཚོགས་ཆུང་གི་གོ་སྒྲིག་འོག ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༡༢ ནས་དབུ་འཛུགས་ཀྱིས་འབྲས་སྤུངས་བློ་གསལ་གླིང་རྒན་ཡེ་ཤེས་བརྩོན་འགྲུས་ལགས་ནས་སྤྱི་སེམས་ཆེན་པོས་དང་དུ་བླངས་ཏེ་སློབ་ཕྲུག་ཚོར་སྔ་དྲོ་ཆུ་ཚོད་རེར་རིགས་ལམ་དང་བདུན་རེར་ནང་ཆོས་ཐེངས་རེ་ངོ་སྤྲོད་གནང་མུས་ཡིན།
སློབ་ཕྲུག་ཚོ་གཙང་སྦྲ་འཕྲོད་བསྟེན་སྤྱི་དང་སྙིགས་དུས་ཀྱི་འགོས་ནད་རིགས་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད་ས་གནས་སྨན་རྩིས་ཁང་དང་ཕྱི་ལུགས་སྨན་ཁང་གཉིས་ནས་དམིགས་བསལ་ལམ་སྟོན་གསུང་བཤད་དང་འགྲེམས་སྟོན་རིགས་རྒྱུན་དུ་སྤེལ་མུས་ཡིན། ཕྱི་ལོ་༢༠༠༨ ལོའི་རྒྱ་གར་རྒྱལ་ཡོངས་ཆེས་མཐོའི་དགེ་རྒན་གྱི་གཟེངས་རྟགས་དེ་བཞིན་མོན་གྷོ་གཞིས་གྲོང་དྲུག་པའི་དགེ་རྒན་རིན་ཆེན་སྒྲོལ་མ་ལ་སྩལ་སོན་བྱུང་ཡོད། དགེ་རྒན་རིན་ཆེན་སྒྲོལ་མ་ལགས་ནས་མི་ལོ་༣༣ རིང་རང་གི་མི་རིགས་དང་སྤྱི་ཚོགས་ལ་སྲི་ཞུ་རྣམ་དག་ཞུས་པའི་ངོས་འཛིན་དུ་ཕྱི་ལོ་༢༠༠༩ ཟླ་༩ ཚེས་༥ དགེ་རྒན་གྱི་ཉིན་མོར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་མོ་ཧ་མད་ ཧ་མིད་ ཨན་ས་རི་(Hon’ble M.H Ansari)མཆོག་ནས་གསོལ་སྩལ་གནང་འདུག ལོ་ལྟར་དབུས་བོད་སློབ་འཛིན་ཚོགས་ཀྱི་ལས་བྱེད་ལ་སྐུལ་འདེད་བྱ་དགའ་གནང་སྲོལ་ཡོད་པ་བཞིན། ཕྱི་ལོ་༢༠༠༡ ལོའི་སྐུལ་འདེད་བྱ་དགའ་དགེ་རིན་ཆེན་སྒྲོལ་མ་ལགས་སུ་སྩལ་སོན་བྱུང་འདུག
དེང་སྐབས་དབུས་བོད་སློབ་འཛིན་ཚོགས་ཀྱི་གཞི་རིམ་བར་མའི་སློབ་གྲྭའི་ནང་མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭའི་ཚན་རིག་སྡེ་ཚན་གྱི་ཆ་རྐྱེན་དང་སྤུས་ཚད་དྲག་གྲས་སུ་སླེབས་ཡོད།
སློབ་གྲྭ་འདིའི་ཕྱི་ལོ་༡༩༩༧ ལོ་ནས་༢༠༠༨ བར་གྱི་འདས་པའི་ལོ་ངོ་༡༢ རིང་གཞིས་གྲོང་དྲུག་པའི་སློབ་གྲྭ་འདིའི་འཛིན་རིམ་ལྔ་པ་དང་བརྒྱད་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གཤམ་གསལ།

༥།    གཞུང་འབྲེལ་འཚམས་གཟིགས།

སློབ་གྲྭ་འདིར་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་གཙོས་པའི་གཞུང་འབྲེལ་སྡེ་ཚན་ཁག་ནས་འཆར་ཅན་དང་དུས་ཚོད་ངེས་མེད་ཐོག་གཟིགས་ཞིབ་གནང་མུས་ཐོག མོན་གྷོ་འདོད་དགུ་གླིང་ས་གནས་འགོ་འཛིན་གྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་དུས་རྒྱུན་དུ་སློབ་མའི་ཟས་བཅུད་ཀྱི་དོད་དང་བྱིས་པའི་དུས་ཆེན་ཉིན་མོར་སྤྲོ་སྐྱིད་གླིང་ཁའི་དོད་བཅས་གནང་མུས་ཐོག ལོ་ལྟར་ལོ་འཁོར་ཡིག་རྒྱུགས་སྐབས་བྱ་དགའ་གསོལ་རས་གནང་བ་དང༌། སློབ་མ་ཚོར་བཀའ་སློབ་ལམ་སྟོན་གནད་སྨིན་གནང་མུས་ཡིན།
སློབ་གྲྭ་དང་ཕ་མའི་དབར་འབྲེལ་བ་དམ་ཟབ་ཡོད་ལ། དཀའ་ངལ་རིགས་འཕྲད་ཚེ་སློབ་གྲྭའི་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་(Tehsildar)དང་ས་གནས་གཞིས་ཆགས་འགོ་འཛིན། དགེ་རྒན་ཕ་མའི་འཐུས་མི། གཞན་ཡང་སྤྱི་མི་སོགས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱིས་གདོང་ལེན་གནང་བཞིན་ཡོད།
གཞན་ཡང་རྡ་ས་དང་རྒྱ་གར་ས་ཁུལ་གཞན་སོགས་ནས་ཆེད་དུ་གདན་ཞུས་སམ་འཚམས་གཟིགས་སུ་ཕེབས་མཁན་མཁས་དབང་དང་སྐུ་མགྲོན་ཚང་མར་སྣེ་ལེན་འཐུས་ཚང་ཞུ་བ་དང་སྦྲགས་མ་འོངས་ལམ་སྟོན་ཅི་སྩལ་ལ་སློབ་གྲྭ་ནས་དང་ལེན་དང༌། དགེ་རྒན་དང་སློབ་ཕྲུག་རྣམས་ལ་ཧ་ཅང་ཕན་རླབས་ཆེན་པོ་བྱུང༌། སྐུ་མགྲོན་དང་གོང་རིམ་གྱི་བཀའ་སློབ་ལམ་སྟོན་སྙིང་བཅངས་ཀྱིས་སློབ་མ་ཚོའི་སྒྲིག་ལམ་ཀུན་སྤྱོད་དང་སློབ་སྦྱོང༌། གཙང་སྦྲ་འཕྲོད་བསྟེན་སོགས་གང་ཅིའི་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད།