མོན་གྷོ་གཏན་སློབ།

[toc]

༡།    འགོ་འཛུགས།

བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་དབུས་གཞུང་གི་རོགས་རམ་དང་འབོད་སྐུལ་འོག མངའ་སྡེ་མང་པོ་ཞིག་གིས་སྐྱབས་བཅོལ་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་གཞིས་སྡོད་ས་གནས་དང་མཐུན་རྐྱེན་སྦྱོར་སྤྲོད་གནང་བ་དང༌། ལྷག་པར་གདན་ས་ཁག་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེ་ནང་ཆགས་པར་བརྟེན། ལྷོ་ཕྱོགས་ས་ཁུལ་དུ་ས་ཆ་རྒྱ་ཆེན་པོ་ཐོབ་པས་རིམ་གྱིས་བོད་མིའི་གྲངས་འབོར་འཕར་ཆ་བྱུང་བ་དང་ཆབས་ཅིག བོད་ཕྲུག་རྣམས་སློབ་འཇུག་གི་གཞི་རིམ་མཐུན་རྐྱེན་འཛུགས་སྐྲུན་ཆེད། ཕྱི་ལོ་༡༩༦༩ ཟླ་༡༠ ཚེས་༢ འཚེ་མེད་ཞི་བའི་དེད་དཔོན་ཆེན་པོ་གྷན་དྷིའི་འཁྲུངས་སྐར་ཉིན། མའེ་སོར་གཞིས་ཆགས་ཡར་རྒྱས་སྡེ་ཚན་(Mysore Resettlemet and Development Agency, MYRADA)གྱི་རོགས་རམ་འོག་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་ཇག་དི་ཤ་པྲད་(Sh. Jugdish Parad)དང༌། ཤེས་རིག་བཀའ་བློན་ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ་མཆོག གཞིས་ཆགས་གཟིགས་རྟོགས་པ་དམིགས་བསལ་སྐུ་ཚབ་སྐུ་ཞབས་ཀ་ཏཱ་པིའ་མཆོག གཞིས་འགོ་སྐུ་ངོ་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག་བཅས་གདན་འཛོམས་ཐོག་མོན་གྷོ་འདོད་དགུ་གླིང་དབུས་གཏན་སློབ་འདི་ཉིད་དབུ་འབྱེད་གནང༌།
ཐོག་མའི་ཆར་འཛིན་རིམ་ལྔ་པ་བར་ཡོད་ཅིང་དགེ་ལས་གྲངས་༢༠ དང༌། སློབ་ཕྲུག་༣༠༠ ཡས་མས་ཡོད། སློབ་ཕྲུག་ཁ་ཤས་ལོ་ན་ཆེ་བས་ཤེས་ཡོན་གནས་ཚད་ལ་གཞིགས་ཏེ་ལོ་རེར་འཛིན་རིམ་གཉིས་སྤར་བའི་ལམ་སྲོལ་ལག་བསྟར་གནང༌། སློབ་གྲྭའི་དགེ་ལས་རྣམས་ཀྱི་ཕོགས་དང༌། སློབ་ཕྲུག་ཚོའི་དེབ་ཆས་དང་ཞལ་ལག་བཅས་ཀྱི་འགྲོ་གྲོན་རྒྱ་གར་དབུས་གཞུང་ནས་ནར་གཏོང་གནང་འདུག  སྐབས་དེར་སློབ་ཁང་དང༌། དགེ་ལས་ཚོའི་ལས་ཤག འཛིན་ཆས་སོགས་ཀྱི་འགྲོ་གྲོན་མའེ་སོར་གཞིས་ཆགས་ཡར་རྒྱས་སྡེ་ཚན་ནས་ནར་གཏོང་གནང་ཡོད།
སློབ་གྲྭ་འདིར་ཡན་ལག་སློབ་གྲྭ་གཉིས་ཡོད། གཅིག་དགའ་ལྡན་ཕྱོགས་ཀྱི་ཟམ་པའི་སློབ་གྲྭ་འདི་དང༌། ཡན་ལག་སློབ་གྲྭ་ཨ་མ་གཉིས་ཡོད། གཞིས་གྲོང་དྲུག་པའི་སློབ་གྲྭ་ལོགས་སུ་ཡོད། ཐོག་མར་འཛིན་རིམ་ལྔ་པ་བར་ཡོད་ཀྱང་ཕྱིས་སུ་གཞིས་གྲོང་དྲུག་པའི་སློབ་གྲྭ་འདི་བཞིན་འཛིན་རིམ་བརྒྱད་པ་བར་བསྒྱུར་འདུག
ཕྱི་ལོ་༡༩༧༡ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་བཅུག་པ་དང་ཆབས་ཅིག་འབྲིང་རིམ་སློབ་གྲྭར་གནས་སྤར་གནང༌།
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་༡༠༣༦ ཡོད་པའི་ནང༌། རྒྱ་གར་སློབ་ཕྲུག་༨༩ ཡོད། བོད་རིགས་དགེ་ལས་གྲངས་༢༣ རྒྱ་གར་དགེ་ལས་གྲངས་༦༢ བཅས་བསྡོམས་དགེ་ལས་༨༥ ཡོད། དེ་བཞིན་ཕྱི་ལོ་༢༠༠༩ ལོར་སློབ་ཕྲུག་གྲངས་༩༩༣ དང༌། རྒྱ་གར་དགེ་ལས་༤༤ བོད་རིགས་དགེ་ལས་༢༦ བཅས་བསྡོམས་དགེ་ལས་༧༠ བཅས་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཕྱི་ལོ་༡༩༩༢ ལོར་དབུས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭའི་དགེ་ལས་ཀྱི་ལས་ཤག་དང་ལྷན་གསང་སྤྱོད་དང་འཐུང་ཆུ་དང་འཕྲོད་བསྟེན་མཐུན་རྐྱེན་གསར་སྐྲུན་གནང༌། འཛིན་ཁང་གསར་པ་༥ ཁ་སྣོན་བརྒྱབ་པ་ལེགས་གྲུབ་བྱུང༌། སྒོར་འབུམ་གཉིས་ཀྱི་འགྲོ་གྲོན་བཏང་སྟེ་དཔེ་ཀློག་མཐུན་རྐྱེན་ལྡན་པའི་དཔེ་མཛོད་ཁང་གསར་རྒྱག་གནང༌།
ཕྱི་ལོ་༡༩༩༣ ལོར་སྒོར་༡༤༡༩༢༠ འགྲོ་གྲོན་ཐོག་སློབ་གྲྭའི་སིལ་སྤོལ་རྩེད་ཐང་ལ་ཨར་འདམ་བརྒྱབ་སྟེ་ཚད་ལྡན་བཟོས་པ་དང༌། ཚོགས་རའི་ཐང་ཆེན་དུ་གདེང་ཆ་གསར་བཟོ། ལས་ཤག་༡༢ ཞིག་གསོ་བཅས་གནང༌།
ཕྱི་ལོ་༢༠༠༥ ལོར་སློབ་གྲྭའི་དགེ་སློབ་ལ་གསང་སྤྱོད་ཟུར་རྒྱག་དང་ཆབས་ཅིག སྣུམ་འཁོར་དང་སྦག་སྦག་འཇོག་སར་ཐོག་ཁེབས་གསར་རྒྱག་དང༌། སློབ་གྲྭའི་ལམ་ཁ་དང་གཙང་སྦྲའི་མཐུན་རྐྱེན་གསར་སྐྲུན་གནང༌།
ཕྱི་ལོ་༢༠༠༧ ལོར་སྒོར་འབུམ་༨ འགྲོ་གྲོན་བཀའ་འཁྲོལ་བཏང་སྟེ་ཚན་རིག་ཚོད་ལྟ་ཁང་དང་སློབ་ཁང་ལ་གློག་ཁྲིད་འཛུགས་དང་ཞ་ལ་གསར་སྐྲུན། སྒོར་འབུམ་༣༥ ལྷག་བཏང་སྟེ་སློབ་གྲྭའི་ལས་ཤག་༡༦ དང་ར་སྐོར་གསར་རྒྱག་བཅས་འགོ་འཛུགས་གནང་བ་མ་ཟད། འཛིན་ཁང་གསར་པ་༡༠ དང༌། འཕར་མ་༤ བཅས་གསར་རྒྱག སློབ་གྲྭའི་ར་སྐོར་ཇེ་མཐོར་གཏོང་བའི་ལས་གཞི་ལེགས་གྲུབ་བྱུང༌།
ཕྱི་ལོ་༢༠༠༨ ལོར་ལས་ཤག་༡༦ གསར་རྒྱག་དང༌། ཉལ་ཁང་དང་ལས་ཤག་དབར་ར་སྐོར་གསར་རྒྱག་ལས་གཞི། ཚན་རིག་ཚོད་ལྟ་ཁང་སོགས་ཀྱི་ཞ་ལ་གསར་བཏིང་དང་གློག་ཆས་བསྐྱར་བསྒྲིགས། སློབ་གྲྭར་གསོལ་ཚིགས་ཁང་གསར་སྐྲུན་བཅས་ཀྱི་འགོ་འཛུགས་གནང་ཡོད།
སློབ་གྲྭ་འདིའི་དཔེ་མཛོད་ཁང་གི་རྒྱ་ཁྱོན་ཆེ་ཞིང་དཀར་ཆ་བཟང་བ་དང༌། དཔེ་མཛོད་ནང་ཨིན་བོད་ཧིན་གསུམ་གྱི་དཔེ་དེབ་སྟོང་ཕྲག་མང་པོ་ཡོད་པ་དགེ་སློབ་ཚོའི་གཞོགས་འདེགས་ཀྱི་རྒྱུ་ཆ་མཁོ་སྤྲོད་ཞུ་མུས་མ་ཟད། ད་དུང་ལོ་རེ་བཞིན་དཔེ་མཛོད་མ་དངུལ་སྤྱད་དེ་དགོས་ངེས་དཔེ་དེབ་ཁ་སྣོན་ཐོག བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་སོ་སོའི་གནས་ཚད་ལ་དམིགས་པའི་དཔེ་དེབ་གང་མང་རིན་མེད་འགྲེམས་གཏོང་གནང་བཞིན་ཡོད།
སློབ་གྲྭ་ཆེ་བར་ཁྱོན་བསྡོམས་འཛིན་ཁང་༢༤ ཡོད་པ་དང༌། ཡན་ལག་གཞི་རིམ་འོག་མའི་སློབ་གྲྭར་འཛིན་ཁང་༧ སློབ་གྲྭ་ཨ་མར་བུའི་ཉལ་ཁང་༢ དང་བུ་མོའི་ཉལ་ཁང་༣ མཐུན་རྐྱེན་ཆ་ཚང་ཅན་གྱི་ཀམ་པུ་ཊར་སྦྱོང་བརྡར་ཁང་ཡོད་པ་དང༌། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་སློབ་ཚན་གཏན་འབེབས་གནང་བ་ལྟར་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚོས་ཀྱང་བེད་སྤྱོད་བྱེད་ཆོག ཀམ་པུ་ཊར་སྦྱོང་བརྡར་ཁང་ནང་དྲ་རྒྱའི་མཐུན་རྐྱེན་ཡོད་པ་མ་ཟད། རྩིག་བརྙན་འཕྲུལ་ཆས་(LCD)ཀྱི་ཆ་རྐྱེན་ཡང་བསྐྲུན་ཡོད། གཞན་ཡང་མཐུན་རྐྱེན་ཆ་ཚང་ལྡན་པའི་ཚན་རིག་ཚོད་ལྟ་ཁང་དང༌། ཤེས་ཡོན་མཐུན་རྐྱེན་ལྟེ་གནས། ས་ཁམས་ཚོད་ལྟ་ཁང༌། རྩིས་རིག་ཚོད་ལྟ་ཁང༌། ཉུང་མཐའི་ཤེས་ཡོན་གནས་ཚད།(MLL) རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ།(NSS) གདོང་ལེན་རུ་ཁག ལུས་སྦྱོང་ཚོགས་ཁང༌། གཞས་གར་སྡེ་ཚན། འཚེམ་བཟོ་སྦྱོང་བརྡར་ཁང༌། མཛུབ་གནོན་ལྕགས་པར་སྡེ་ཚན། ཁ་པར་ཡོ་ཆས་ཁང༌། སྨན་ཁང༌། མཆོད་ཁང༌། འཁྲུད་ཁང༌། རི་མོ་ཁང༌། འཁྲབ་ཆས་ཁང༌། ཤིང་བཟོའི་སྡེ་ཚན། རྩེད་མོའི་སྡེ་ཚན། ཁོར་ཡུག་ཚོགས་པ་སོགས་ཡོད།

༣།    སློབ་འཇུག་དང་ཡིག་རྒྱུགས་གྲུབ་འབྲས།

ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་མོན་གྷོ་གཏན་སློབ་ཀྱི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་ཕྱོགས་བསྡོམས་བྱས་པ་གཤམ་གསལ།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༩༤༧ ཡོད་པའི་ནང་བོད་པའི་ཕྲུ་གུ་༨༧༥ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༧༢ ཡོད། གཏན་ཉིན་སློབ་ཕྲུག་གྲངས་འབོར་ནི། གཏན་སློབ་ཕྲུ་གུ་གྲངས་༡༦༡ དང་ཉིན་སློབ་ཕྲུ་གུ་༧༨༦ བཅས་བྱུང་ཡོད།

༤།    མོན་གྷོ་གཞིས་གྲོང་དང་པོའི་ཡན་ལག་སློབ་གྲྭ།
མོན་གྷོ་དབུས་སློབ་གྲྭར་ཡན་ལག་སློབ་གྲྭ་ཞིག་ཡོད་པ་དེ་ནི་ཕྱི་ལོ་༡༩༧༣ ལོར་གཞིས་གྲོང་དང་པོའི་ནང་གསར་འཛུགས་བྱས་ཤིང༌། འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད། ཕྱི་ལོ་༢༠༠༧ ལོར་སློབ་གྲྭ་དེར་སློབ་ཕྲུག་བུ་༥༢ དང་བུ་མོ་༥༣ བཅས་ཁྱོན་སློབ་ཕྲུག་༡༠༥ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དགེ་ཆེ་༡ གཞི་རིམ་འོག་མའི་དགེ་རྒན་༥ ཟློས་དགེ་༡ བཅས་ཁྱོན་དགེ་ལས་༦ བཅས་ཡོད།
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་དེར་ཁྱོན་བསྡོམས་སློབ་ཕྲུག་༡༡༥ ཡོད་ཅིང༌། དགེ་རྒན་༦ ཡོད་པའི་ཁོངས་སུ་དགེ་རིགས་དགེ་རྒན་༢ ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་མོན་གྷོ་གཞིས་གྲོང་དང་པོའི་ཡན་སློབ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

བྱ་ར། ༡༠པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༤༠ ༧༧་༥༠ ༡༣༩ ༩༡་༣༦
ཕྱི་ལོ་༡༩༩༩ ༣༣ ༦༩་༦༩ ༡༣༠ ༨༦་༩༢
ཕྱི་ལོ་༢༠༠༠ ༣༠ ༦༣་༣༣ ༡༤༣ ༨༩་༥༡
ཕྱི་ལོ་༢༠༠༡ ༧༩ ༣༠་༣༨ ༡༥༥ ༩༣་༥༤
ཕྱི་ལོ་༢༠༠༢ ༤༤ ༣༦་༣༦ ༡༣༠ ༩༣་༨༤
ཕྱི་ལོ་༢༠༠༣ ༤༡ ༤༨་༧༨ ༡༤༡ ༨༢་༢༢
ཕྱི་ལོ་༢༠༠༤ ༦༦ ༣༧་༨༨ ༡༢༩ ༩༣་༥༥
ཕྱི་ལོ་༢༠༠༥ ༤༠ ༩༠་༠༠ ༡༡༡ ༩༥་༥༠
ཕྱི་ལོ་༢༠༠༦ ༥༢ ༧༡་༡༥ ༡༣༢ ༩༦་༩༧
ཕྱི་ལོ་༢༠༠༧ ༥༧ ༡༠༠་༠༠ ༡༢༢ ༩༩་༡༨
ཕྱི་ལོ་༢༠༠༨ ༦༨ ༩༧་༠༦ ༡༥༥ ༩༤་༡༩
ཕྱི་ལོ་༢༠༠༩ ༢༦ ༡༠༠་༠༠ ༡༤༩ ༨༩་༩༣

ཉལ་ཁང་ནང་བཅའ་སྡོད་སློབ་ཕྲུག་ཚང་མས་ཟས་གོས་གནས་མལ་དོད་འབུལ་མུས་ཡིན། སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཅིག་པར་སླེབས་སྐབས་རང་ཉིད་ཀྱི་འདོད་བློ་ལྟར་སྒྱུ་རྩལ་དང༌། ཚན་རིག ཚོང་རིག ལག་ཤེས་(Vocational)བཅས་ཀྱི་ཆེད་ལས་གང་རུང་འདེམས་གསེས་བྱ་བའི་མཐུན་རྐྱེན་སྦྱར་ཡོད།
དེ་ཡང་འཛིན་གྲྭ་བཅུ་གཅིག་པར་རྩིས་ཁྲའི་སྐོར་(Accountancy)དང༌། དངུལ་རྩིས་འཛིན་སྐྱོང་(F.M.M) འདི་ལོ་གསར་འཛུགས་གནང༌། འཛིན་གྲྭ་བཅུ་གཉིས་པར་རྩིས་ཁྲའི་སྐོར་དང༌།  བསྡུས་ཡིག་འབྲི་སྟངས།ྔ(STENO)རང་གཞུང་ཤེས་རིག་ལྷན་ཁང་རོགས་རམ་ལ་བརྟེན་ནས་ལག་ཤེས་སྦྱོང་བརྡར་ཁང་གི་སློབ་ཕྲུག་རྣམས་ལ་གདན་སའི་དགེ་བཤེས་གཉིས་གདན་འདྲེན་གྱིས་བོད་ཡིག་ཟུར་འཁྲིད་གནང་བཞིན་ཡོད།
ཕྱི་ལོ་༢༠༠༨ ཟླ་༣ པར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་སྐབས། བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་མའི་ནང་མོན་གྷོ་གཏན་སློབ་ཀྱི་སློབ་ཕྲུག་བསྟན་འཛིན་ཆོས་སྐྱིད་དང་བསྟན་འཛིན་ཚེ་བརྟན་གཉིས་ཀྱིས་ཚན་རིག་ཐོག་ཨང་གསུམ་པ་དང་བཞི་པ་བླངས་ཡོད་པ་དང༌། སློབ་ཕྲུག་བསྟན་འཛིན་ལྷག་པ་དང་བསྟན་འཛིན་ལྷ་མོ་གཉིས་ཀྱིས་ཚོང་རིག་ཐོག་ཨང་གསུམ་པ་དང་བཞི་པ་བླངས་ཡོད།

༥།    ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

སློབ་གྲྭ་འདིའི་རྒྱུན་ལྡན་ཤེས་ཡོན་སློབ་ཁྲིད་ཀྱི་ནང་དོན་དང་རྣམ་པ་གཏན་སློབ་གཞན་དང་གཅིག་མཚུངས་ཡིན། ཉལ་ཁང་ནང་སྔ་དགོང་ཞལ་འདོན་སྐབས་ཆོས་དགེ་ནས་གོ་བདེ་པོའི་སྒོ་ནས་ནང་ཆོས་ངོ་སྤྲོད་བྱེད་པ་དང༌། ཕྱོགས་མཚུངས་ནང་པའི་དུས་ཆེན་ཁག་ལ་སློབ་ཕྲུག་རྣམས་གདན་ས་ཁག་ལ་མཆོད་མཇལ་དུ་འཁྲིད་ནས་སྐུ་གསུང་ཐུགས་རྟེན་རྣམས་འགྲེལ་བཤད་ཀྱི་ལམ་ནས་ནང་ཆོས་ཀྱི་གོ་རྟོགས་གོང་མཐོར་གཏོང་ཐབས་བྱས།
བོད་པའི་སློབ་ཕྲུག་ཚོས་སྤྱིར་བཏང་ཉེར་མཁོའི་རྒྱུན་ཤེས་སྤྱི་དང་ལྷག་པར་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ནང་ཆོས་བོད་ཀྱི་སྐད་དང་ཡི་གེ། ཡ་རབས་གོམས་གཤིས་སྤྱི་དང༌། ཁྱད་པར་སློབ་ཕྲུག་ཆུང་བ་རྣམས་ནས་བཟུང་ཡ་རབས་སྤྱོད་བཟང་ཡོང་སླད་ཞེ་སའི་ཐོག་བཀའ་མོལ་གནང་སྟངས། རྒན་བཀུར་གཞོན་སྐྱོང་བྱེད་སྟངས་སྐོར་སློབ་གསོ་དང་མིག་དཔེ་སྟོན་བཞིན་ཡོད། དུས་རྒྱུན་བོད་ཡིག་སྦྱོང་སྐབས་སློབ་ཕྲུག་ཆུང་བ་རྣམས་ལ་སྲོལ་རྒྱུན་ལྟར། སྦྱང་ཤིང་སྟེང༌། སིལ་སྨྱུག་དང་ཚིགས་ནག་གིས་ཡིག་གཟུགས་འབྲི་སྦྱོང་གི་ལམ་སྲོལ་གསར་གཏོད་གནང༌།
དེ་དག་གི་རྨང་གཞིའི་ཐོག དེང་རབས་ཀྱི་ཚན་རིག་དང་རྒྱུན་ཤེས། ལག་རྩལ་སོགས་འཛམ་གླིང་སྤྱི་འགྲོས་དང་མཐུན་པའི་ཤེས་ཡོན་སྦྱོར་སྤྲོད་བྱེད་མུས་ཡིན།
འཛིན་གྲྭ་སོ་སོར་ལོ་རེའི་དུས་ཚོད་ཆ་བགོས་ཀྱིས་ཟུར་སྦྱོང་རིག་གནས་འདྲ་མིན་སློབ་སྤེལ་བྱེད་པ་དཔེར་ན། སྐད་ཡིག་འདྲ་མིན་ནང་ཡིག་རྒྱུགས་སྣ་ཚོགས་དང་ཡིག་གཟུགས་འགྲན་བསྡུར། སྙན་ཚིག་གྱེར་འདོན། གཏམ་བཤད་འགྲན་བསྡུར། ལྟ་བསྐོར་དང་ཕྱི་བསྐྱོད་ཉམས་གསོག དམག་སྦྱོང་ཉམས་གསོག རིག་རྩལ་འགྲན་བསྡུར། རིག་གཞུང་བགྲོ་གླེང༌། གཞས་དང་ཞབས་བྲོ་འགྲན་བསྡུར། རྩེད་མོའི་འགྲན་བསྡུར། ཁོར་ཡུག་སྲུང་སྐྱོང་ལས་གཞི། ཤིང་སྣ་འདེབས་འཛུགས། དེ་བཞིན་བོད་སྐད། ཨིན་ཇི། ཧིན་དི་གསུམ་གྱི་སྐད་ཡར་རྒྱས་གཏོང་ཆེད་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན།
སློབ་གྲྭའི་འཛིན་སྐྱོང་ནས་དམིགས་བསལ་གཟིགས་སྐྱོང་དང་ཉིན་སློབ་ཕ་མ་ཚོས་ཐུགས་སྣང་ཆེན་པོས་དང་བླངས་འགན་ཁུར་འོག འཛིན་རིམ་དགུ་པ་དང༌། བཅུ་པའི་སློབ་ཕྲུག་རྣམས་ཆུ་ཚོད་༤ པ་ནས་༨ བར་དང༌། དེ་བཞིན་༡༡ ནས་༡༢  བར་དང༌། ཉལ་ཁང་བཞུགས་མཁན་སློབ་ཕྲུག་རྣམས་ལ་མཚན་གྱི་ཆུ་ཚོད་ ༧ པ་ནས་༨།༣༠ བར་བཅས་ཉིན་ལྟར་རང་སྦྱོང་ཚུགས་བཞིན་ཡོད།
ཕྱི་ལོ་༢༠༠༥ ལོར་ྋགོང་ས་མཆོག་ནས་ཕྲུ་གུའི་ཤེས་ཡོན་དང༌། འཕྲོད་བསྟེན་ཐད་གཟིགས་རྟོག་ནན་པོ་གྱིས་ཞེས་བཀའ་སློབ་སྤྱི་སྩལ་བཞིན། སློབ་མ་ཚོའི་ལུས་སེམས་གཉིས་ལས་ལུས་ཀྱི་འཚར་ལོངས་ཐད་རྒྱུན་སྤྱོད་ཟས་བཅུད་འདང་ངེས་དགོས་གལ་ལ་བརྟེན། ད་བར་རྒྱ་གར་གཞུང་ནས་རོགས་རམ་གནང་བཞིན་པ་དེས་འགྲོ་གྲོན་འདང་ངེས་མེད་སྟབས། སི་ཝི་ཌན་ཨཡེ་ཨེམ་(IM)རོགས་ཚོགས་ནས་ལོ་མང་སྔོན་ནས་ད་བར་ཟས་བཅུད་ཆེད་རོགས་རམ་གནང་མུས་ཡིན་ཐོག སློབ་ཕྲུག་ཚོར་གཟུགས་པོ་འཕྲོད་བསྟེན་གནང་ཕྱོགས་ལམ་སྟོན་ཆེད་ཨེམ་རྗེ་དང༌། སྨན་ཞབས། ཐུགས་མྱོང་ཅན་གྱི་མི་སྣ་གདན་ཞུས་ཀྱིས་གོ་རྟོགས་སློབ་གསོ་སྤེལ་མུས་ཡིན།
ལོ་རེའི་ཕྱི་ཟླ་༩ ཚེས་༥ ཉིན་རྒྱ་གར་གྱི་སྲིད་འཛིན་གཞོན་པ་རཱ་ད་ཀིར་ཤི་ཎ་ྔ(S Ratha Krishnan, Vice President of India)མཆོག་གི་འཁྲུངས་སྐར་ཏེ་རྒྱལ་ཡོངས་དགེ་རྒན་ཉིན་མོ་དང༌། ཕྱི་ཟླ་༨ ཚེས་༡༥ རྒྱ་གར་རང་བཙན་ཉིན་མོ། དེ་བཞིན་མང་གཙོའི་ཉིན་མོ་དང༌། བྱིས་པའི་ཉིན་མོ་སོགས་རྒྱ་གར་གྱི་དུས་ཆེན་ཁག་དང༌། འཛམ་གླིང་འཕྲོད་བསྟེན་ཉིན་མོ། ཐ་མ་ཁ་འགོག་རྒོལ་ཉིན་མོ། ཨེ་ཙི་ན་ཚའི་ཉིན་མོ། ཁོར་ཡུག་ཉིན་མོ་སོགས་རྒྱལ་སྤྱིའི་དུས་ཆེན་ཁག ཁྱད་པར་བོད་ཀྱི་རྒྱུན་སྲོལ་དུས་ཆེན་ཁག་བཅས་སྲུང་བརྩི་སླད་སློབ་གྲྭའི་འགན་བདག་དང་སློབ་ཕྲུག་རྒན་པ་ཚོའི་གཞོགས་འདེགས་འོག་སློབ་མ་རྣམས་ལ་ཁོར་ཡུག་སྤྱི་ཚོགས་ཀྱི་རྒྱུན་ཤེས་གོ་རྟོགས་སྤྱི་དང༌། ཁྱད་པར་ཕན་བདེའི་རང་བཞིན་ཅན་གྱི་བོད་ཀྱི་རྩ་ཆེའི་སྲོལ་རྒྱུན་གོམས་སྲོལ་རྒྱུད་འཇགས་རྒྱུན་ཁྱབ་འབྱུང་བར་ཤུགས་སྣོན་རྒྱག་བཞིན་ཡོད།
སློབ་ལོ་རེའི་འཛིན་རིམ་བཅུ་གཉིས་པའི་ལོ་འཁོར་ཡིག་རྒྱུགས་ཁྲོད་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དགའ་ལྡན་ཕོ་བྲང་ཕུལ་བྱུང་སློབ་མའི་བྱ་དགའ་གནང་ལམ་གསར་གཏོད་བྱུང་བ་ལྟར། ཕྱི་ལོ་༢༠༠༣ ཟླ་༡༢ ཚེས་༡༠ ཉིན་སློབ་གྲྭ་འདིའི་སློབ་ཕྲུག་བསྟན་འཛིན་དབང་འདུས་ཚན་(རིག་སྡེ་ཚན་)ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༠༣ ལོའི་དགའ་ལྡན་ཕོ་བྲང་ཕུལ་བྱུང་སློབ་མའི་བྱ་དགའ་ལག་འཁྱེར་དང་ཧིན་སྒོར་༥༠༠༠ རེ་བཅས་ཀྱི་གསོལ་རས་ཐོབ།
ལོ་རེར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭའི་རྩོམ་ཡིག་འགྲན་བསྡུར་ལས་རིམ་སྤེལ་མུས་ཁྲོད། ཕྱི་ལོ་༢༠༠༢ ལོར་འཛིན་རིམ་བཅུ་གཉིས་པའི་སློབ་མ་བསྟན་འཛིན་དབྱངས་གྲོལ་ལ་ཨང་དང་པོ་དང༌། འཛིན་རིམ་བཅུ་གཅིག་པའི་སློབ་མ་བསྟན་འཛིན་སྒྲོལ་དཀར་ལ་ཨང་གཉིས་པ། ཕྱི་ལོ་༢༠༠༣ ལོར་འཛིན་རིམ་བཅུ་གཉིས་པའི་སློབ་མ་བསྟན་འཛིན་སྒྲོལ་དཀར་ཨང་གཉིས་པ། ཕྱི་ལོ་༢༠༠༨ ལོར་འཛིན་རིམ་བཅུ་གཉིས་པའི་སློབ་མ་བསྟན་འཛིན་གསལ་སྒྲོན་ལ་ཨང་གསུམ་པ་བཅས་ཀྱི་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའི་ལག་དངུལ་གནང༌།
ཕྱི་ལོ་༢༠༠༥ ཟླ་༩ ཚེས་༥ དགེ་རྒན་གྱི་ཉིན་མོར། སློབ་གྲྭ་འདིའི་ཚན་རིག་དགེ་རྒན་རྫོང་པ་བཀྲ་ཤིས་ཚེ་རིང་ལགས་སུ་ཕྱི་ལོ་༢༠༠༤ རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་ཡོད། དེ་ཡང་རྒྱ་གར་གཞུང་ཤེས་རིག་ལས་ཁུངས་ནས་རྒྱབ་གཉེར་ཕུལ་བ་བཞིན་རྒྱ་གར་གྱི་སྲིད་འཛིན་ཌོག་ཊར་ཨེ་པི་ཇེ་ཨབ་ཌུ་ཀ་ལམ་(A.P.J.Abdul Kalam)མཆོག་ནས་རྒྱལ་ས་ལྡི་ལིར་བྱ་དགའི་མཛད་སྒོའི་ཐོག་གནང་ཡོད།
ཕྱི་ལོ་༢༠༠༨ ཟླ་༧ ཚེས་༦ ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐོར་ཉིན་དང་སྟབས་བསྟུན་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་སློབ་གྲྭ་ནས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་གོ་སྒྲིག་གནང་བ་བཞིན། སློབ་གྲྭའི་ཞག་སྡོད་སློབ་མ་ཕོ་མོ་གྲངས་༡༥༠ ཙམ་མཉམ་ཞུགས་ཀྱིས་ཆོས་ཞུ་དང་དོགས་སེལ་འདྲི་བ་གཏོང་བའི་གོ་སྐབས་བྱུང༌།
ཕྱི་ལོ་༢༠༠༨ ཟླ་༧ ཚེས་༡༤ ཉིན་ས་གནས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ནས་བཀའ་བསྐུལ་གནང་དོན་བཞིན་སློབ་གྲྭ་འདིའི་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ཕོ་མོ་དྲུག་ནས་རང་རང་གི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་བྱས་པ་ཚོགས་འདུས་སེར་སྐྱ་མི་མང་ཀུན་གྱིས་དགའ་བསུ་ཐོབ།

༦།    གཞུང་འབྲེལ་འཚམས་གཟིགས།

མོན་གྷོ་གཏན་སློབ་འདིར་དབུས་བོད་སློབ་འཛིན་ཚོགས་ལས་བྱེད་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དབུ་ལས། གཞན་ཡང་བླ་སྤྲུལ་དང་མཁས་དབང༌། ཕྱི་ནང་ཚོགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་བཅས་གདན་ཞུས་སམ་ཆེད་ཕེབས་ཀྱི་སྒོ་ནས་འཚམས་གཟིགས་གནང་མུས་ཁྲོད། ཉེ་བའི་ལོ་གཅིག་ཁོ་ནར་མཚོན་ནའང་ཕྱི་ལོ་༢༠༠༨ ཟླ་༡ ཚེས་༡༠ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་གདན་ས་ཁག་ཏུ་གསུང་ཆོས་སྩོལ་སྐབས་གཏན་སློབ་འདིར་ཆེད་ཕེབས་ཀྱིས། སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ།
ཕྱི་ལོ་༢༠༠༨ ཟླ་༡ ཚེས་༣༠ ནས་ཟླ་༢ ཚེས་༡ བར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་ད་རུ་མན་(C. Dharuman)གཏན་སློབ་འདིར་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༡ ཉིན་གྷ་ཡ་དྲི་ཀུན་ཇི་མཐོ་སློབ་དང༌། ཧ་རིཏ་ཝར་མཐོ་སློབ་བཅས་ཀྱི་ཆེད་ལས་པ་གཉིས་གཏན་སློབ་འདིར་གདན་ཞུས་ཀྱིས་དགེ་སློབ་རྣམས་ལ་གནོན་ཤུགས་དོ་དམ་བྱེད་ཐབས་(Stress Management) སྐོར་གྱི་གསུང་བཤད་གནང༌།
ཕྱི་ལོ་༢༠༠༨ ཟླ་༣ ཚེས་༣༡ ཉིན་རང་གཞུང་བཀའ་ཤག་གི་བཀའ་འབྲེལ་ས་གནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་དེ་བཞིན་སློབ་གྲྭའི་རྒྱ་གར་དགེ་ལས་བསྡོམས་སྐུ་མགྲོན་བརྒྱ་ལ་ཉེ་བ་གདན་ཞུས་ཐོག་བོད་རིགས་སློབ་སྤྱི་ནས་གསུང་བཤད་གནང་ཐོག རྒྱ་གར་ནང་མི་ལོ་༥༠ འདས་པའི་སྐྱིད་སྡུག་གི་དྲན་གསོ་ཞུ་བ་དང་ཆབས་ཅིག་རྒྱ་གར་གཞུང་མང་གཉིས་ཀར་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུས་ཏེ་སྐུ་མགྲོན་རྣམས་ལ་ཞལ་ལག་དང་ཕྱག་རྟགས་བཅས་ཕུལ་ཡོད།
རང་གཞུང་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་གོ་སྒྲིག་འོག་ཕྱི་ལོ་༢༠༠༨ ཟླ་༩ ཚེས་༣ ནས་༨ བར་འཕྲོད་བསྟེན་ཐོག་ཆེད་མཁས་མི་སྣ་སློབ་གྲྭར་གདན་ཞུས་ཀྱིས་རེག་དུག་ན་ཚ་ཨེ་ཙི་སྐོར་ངོ་སྤྲོད་གསུང་བཤད་གནང་ཞིང༌། དེ་བཞིན་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཆེད་རྣལ་འབྱོར་གྱི་དབུགས་སྦྱོང་དང༌། རྩ་རླུང་སྒོམ་སྟངས་བཅས་སློབ་ཁྲིད་གནང་སྟེ་དགེ་སློབ་གཉིས་ལ་ཕན་ཐོགས་ཆེན་པོ་བྱུང༌། དེ་བཞིན་ཕྱི་ལོ་༢༠༠༨ ཟླ་༧ ཚེས་༢༥ ཉིན་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་མོན་གྷོ་གཏན་སློབ་འདིར་ཆེད་ཕེབས་ཀྱིས་བཀའ་སློབ་ལམ་སྟོན་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༦ ཉིན་ས་གནས་རྫོང་དཔོན་ལས་རོགས་(Assistant Commissioner)དང་ཏེ་སིལ་དྷར་(Tehsildhar)བཅས་ཆེད་ཕེབས་ཀྱིས་སློབ་གྲྭའི་ལོ་འཁོར་དངུལ་རྩིས་བཀའ་འཁྲོལ་དང་དེ་བཞིན་འཛིན་སྐྱོང་སྐོར་ལ་གསུང་བཤད་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༢༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ལོ་རེའི་འཛིན་སྐྱོང་དང་ཤེས་ཡོན་ཐད་དགེ་རྒན་ལས་བྱེད་ཕན་ཚུན་བརྗེ་རེས་ཀྱིས་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་བརྗེ་རེས་བྱས། ལོ་དེར་བྷེལ་ཀོབ་བོད་ཁྱིམ་ཀརྨ་སྲི་ཐར་ལགས་དང༌། དགེ་བློ་བཟང་སྒྲོལ་མ་ལགས་རྣམ་གཉིས་ཕེབས་ཏེ་སྔ་དྲོ་སློབ་གྲྭའི་འདུ་འཛོམས་ནས་འགོ་བཙུགས་ཏེ་འཛིན་གྲྭ་ཆེ་ཆུང་སྣ་ཚོགས་ནང་སློབ་ཁྲིད་གནང་སྟངས་དང༌། སློབ་ཕྲུག་ཚོའི་སློབ་སྦྱོང་བྱེད་སྟངས་སོགས་ལ་བརྟག་ཞིབ་མཐིལ་ཕྱིན་པ་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ ཚེས་༢༤ ནས་༢༨ བར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་ད་རུ་མན་(C. Dharuman)མོན་གྷོ་ཉེ་འགྲམ་དབུས་གཞུང་སློབ་གྲྭའི་སློབ་སྤྱི་རྣམ་པ་དང་བོད་དགེ་ཟུར་པ་བྱམས་པ་ཆོས་གྲགས་བཅས་ཕེབས་ཏེ། སློབ་གྲྭའི་ཤེས་ཡོན་སློབ་ཁྲིད་གནང་སྟངས་དང༌། འཛིན་སྐྱོང༌། དེ་བཞིན་སྒྲིག་འཛུགས་བཅས་ལ་ཞིབ་འཇུག་དང་སྦྲགས་བསྔགས་བརྗོད་གནང༌།
ཕྱི་ལོ་༢༠༠༨ ཟླ་༩ པར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལྷོ་ཕྱོགས་ཁུལ་དུ་ཕེབས་སྐབས་སློབ་གྲྭའི་གདན་འདྲེན་ཞུས་པ་ཞལ་བཞེས་བཀའ་དྲིན་ཐོབ་སྟེ། ཚེས་༢༧ ཉིན་སློབ་གྲྭར་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་ལ་བླང་དོར་བཀའ་སློབ་སྨིན་སྩལ་བྱུང༌།
དེ་བཞིན་ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༡ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་རན་ནཱ་དང༌། བོད་གཞུང་ལྷོ་གཞིས་སྤྱི་ཁྱབ་ཀུན་དགའ་རྡོ་རྗེ། ས་གནས་གཞིས་འགོ་བཅས་སློབ་གྲྭར་ཆེད་ཕེབས་ཀྱིས་གཟིགས་ཞིབ་དང་སྦྲགས་དགེ་སློབ་རྣམས་ལ་བླང་དོར་བཀའ་སློབ་གནང༌།