མེའོ་ཉིན་སློབ།

[toc]

༡།    འགོ་འཛུགས།

མེའོ་ཆོས་འཕེལ་གླིང་དབུས་བོད་མིའི་སློབ་གྲྭ་ནི། ཨ་རུ་ན་ཅལ་མངའ་སྡེའམ་དེའི་སྐབས་ནེ་ཕ་ཞེས་འབོད་པའི་ཅང་ལང་རྫོང་ཁོངས་སུ་ཆགས་ཡོད། སློབ་གྲྭ་དེ་ཐོག་མར་ཕྱི་ལོ་༡༩༦༣ ལོར་གསར་འཛུགས་གནང༌། ཕྱིས་སུ་ས་གནས་སྐྱབས་བཅོལ་བོད་མི་རྣམས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་སླད་ཕྱི་ལོ་༡༩༧༦ ཟླ་༣ ནང་ཅང་ལང་རྫོང་ཁོངས་ཀྱི་ད་ལྟའི་ཆོས་འཕེལ་གླིང་ས་གནས་མེའོ་ཞེས་པར་གནས་སྤོས་དང་འབྲེལ་སློབ་གྲྭ་འདི་ཡང་མཉམ་སྤོས་གནང༌། གཞིས་ཆགས་འདིར་བླ་མ་ཀེམ་ཞེས་ཀྱང་འབོད། སྐབས་དེར་ཁྱོན་བསྡོམས་སློབ་ཕྲུག་༡༡༧ ཡོད་ཅིང༌། དགེ་རྒན་དང་ལས་བྱེད་གྲངས་འབོར་གསལ་ཁ་མ་བྱུང༌།
ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་སྔོན་འགྲོའི་སློབ་ཕྲུག་༡༠༤ ཡོད་པ་དང༌། འཛིམ་རིམ་དང་པོ་ནས་བརྒྱད་པ་བར་སློབ་ཕྲུག་༣༠༤ ཡོད་པ་བཅས་ཁྱོན་བསྡོམས་སློབ་ཕྲུག་༤༠༨ ཡོད། དགེ་རྒན་དང་ལས་བྱེད་ཀྱི་གྲངས་འབོར་ནི། དགེ་ཆེ་༡ དང་གཏན་འཇགས་དགེ་རྒན་༡༦ འཛིན་སྐྱོང་ལས་བྱེད་༤ འཕྲལ་སེལ་དགེ་རྒན་༤ བཅས་ཁྱོན་བསྡོམས་དགེ་ལས་༢༥ ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཐོག་མར་སློབ་གྲྭ་འགོ་འཛུགས་སྐབས་ཁང་མིག་རྙིང་ཧྲུལ་༢ མ་གཏོགས། ར་སྐོར་དང་ཡིག་ཚང་སོགས་གང་ཡང་མེད་ཀྱང༌། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་གཉིས་ཀྱིས་མཐུན་སྦྱོར་རོགས་མགོན་གནང་བར་བརྟེན། དེང་གི་ཆར་སློབ་གྲྭ་འདི་དེང་རབས་ཀྱི་ཆ་རྐྱེན་མཐའ་དག་ལྡན་པ་ཞིག་ཏུ་གྱུར་ཡོད། གཞི་རིམ་མཐུན་རྐྱེན་དེ་དག་གི་བྱུང་རབས་རོབ་ཙམ་ཞུས་ན།
ཕྱི་ལོ་༡༩༨༧ ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་བརྒྱུད་འཛིན་ཁང་༨ དང༌། ལས་ཤག་༡༠ གསར་རྒྱག་བྱས། ཕྱི་ལོ་༡༩༨༨ ལོར་འཛིན་ཁང་༤ དང༌། ཕྱི་ལོ་༡༩༨༩ ལོར་སློབ་གྲྭ་དང་ལས་ཤག་བཅས་པའི་ས་ཁྱོན་ལ་ལྕགས་དྲའི་ར་བ་བསྐོར། ལས་ཤག་བཅས་པར་འཐུང་ཆུའི་མཐུན་རྐྱེན་བསྐྲུན།
ཕྱི་ལོ་༡༩༩༤ ལོར་འཛིན་ཁང་འཕར་མ་༣ གསར་བཞེངས་གནང༌། གློག་སྐུད་རྙིང་པ་རྣམས་ཕྱིར་བཀོག་གིས་གསར་འཁྲིད་དང་སྦྲགས་སློབ་གྲྭ་ཁྱོན་ཡོངས་ཞིག་གསོ་ཡང་གནང༌། ཕྱི་ལོ་༡༩༩༥ ལོར་འཛིན་ཁང་༥ གསར་སྐྲུན་ཐོག ཕྱི་ལོ་༡༩༩༧ ལོར་ཨེས་པི་ཀྲི་གསང་སྤྱོད་གསར་རྒྱག་གནང༌། འགྱིག་གི་ཆུ་མཛོད་ལི་ཊར་༡༠༠༠ ཅན་འཇོག་ཡུལ་བཅས་གསར་བཟོ་དང༌། སློབ་ཁང་ཁག་ཅིག་ལ་དམིགས་བསལ་བཟོ་བཅོས་བརྒྱབས།
ཕྱི་ལོ་༢༠༠༠ ལོར་སློབ་ཕྲུག་ལྷན་འཛོམས་གནང་ཡུལ་ཐང་གར་ཨར་འདམ་གྱི་ཞལ་བ་བཏིངས་པ་དང༌། སློབ་ཁང་གི་ཉེ་འགྲམ་དུ་ཡོད་པའི་རྒྱ་ལམ་སྟེང་དུའང་ཨར་འདམ་བཏིང༌། ཕྱི་ལོ་༢༠༠༡ ལོར་ལྕགས་ཀྱི་ཐོག་ཁེབས་ཡོད་པའི་ལས་ཤག་༥ གསར་སྐྲུན་གནང༌། ཕྱི་ལོ་༢༠༠༢ ལོར་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་སློབ་ཕྲུག་གི་གསོལ་ཚིགས་ཁང་གསར་བཞེངས་དང༌། བོད་སློབ་འཛིན་ཚོགས་བརྒྱུད་འཛིན་ཁང་༨ དམིགས་བསལ་བཟོ་བཅོས་གནང༌།
ཕྱི་ལོ་༢༠༠༣ ལོར་ཚན་རིག་བརྟག་དཔྱད་ཁང་ཆུང་ཆུང་ཞོག་དང༌། དཔེ་མཛོད་དང་ཀམ་པུ་ཊར་སྦྱོང་བརྡར་ལྟེ་གནས། སློབ་གྲྭའི་ཡིག་ཚང་བཅས་ཀྱི་ཆེད་ཁང་མིག་༥ གསར་རྒྱག་ཐོག སློབ་གྲྭའི་མཐའ་འཁོར་གྱི་ར་བ་དང་རྒྱལ་སྒོ་ལེགས་བཅོས། བཤང་མཛོད་དང་ཞ་དོང་བཟོས། དེ་བཞིན་ཕྱི་ལོ་༢༠༠༥ ལོར་སློབ་གྲྭའི་བགྲོད་ལམ་ཁག་ལེགས་བཅོས་དང༌། ཕྱི་ལོ་༢༠༠༦ ལོར་སློབ་གྲྭའི་རྩེད་ཐང་ཡར་རྒྱས་བཏང༌། ཕྱི་ལོ་༢༠༠༨ ལོར་འཛིན་ཁང་༡༣ དམིགས་བསལ་བཟོ་བཅོས་དང༌། གློག་སྐུད་བཀོལ་ཟད་སོང་བ་དང༌། རླུང་འཁོར་སོགས་ཡོ་ཆས་ཞིག་གསོ་གནང༌།
དེང་གི་ཆར་ཀམ་པུ་ཊར་འཛིན་ཁང་ཚད་ལྡན་ཟུར་ཡོད་ནང་ཀམ་པུ་ཊར་གྲངས་༡༩ བཙུགས་ཡོད་པ་དང་ལྷན། གློག་གསོག་འཕྲུལ་འཁོར། མྱུར་འཕྲིན། འཕྲུལ་དཔར། དྲ་རྒྱའི་མཐུན་རྐྱེན་སོགས་ཆ་འགྲིགས་ཡོད། སློབ་གྲྭར་དཔེ་མཛོད་ཚད་ལྡན་ཞིག་ཡོད་པའི་ནང་ཨིན་ཧིན་བོད་གསུམ་གྱི་དཔེ་དེབ་སྣ་མང་འཛོམས་ཤིང་ཀློག་བལྟའི་མཐུན་རྐྱེན་ལྡན། བོད་སློབ་འཛིན་སྐྱོང་ཚོགས་པ་ནས་སློབ་གྲྭའི་དཔེ་མཛོད་ལ་དེབ་དང་འཛིན་ཆས་དགོས་མཁོ་ནམ་མཆིས་སྐབས་འགྲོ་གྲོན་ནར་གཏོང་གནང་མུས་ཐོག བོད་གཞུང་ཤེས་རིག་ལས་ཁུངས་སོགས་ཚོགས་སྡེ་གཞན་ནས་ཀྱང་དུས་དེབ་དང་དཔེ་དེབ་མང་དག་རིན་མེད་འབྱོར་གྱིན་ཡོད་ལ། ད་ལྟའི་ཆར་དཔེ་མཛོད་དུ་ཨིན་བོད་ཧིན་གསུམ་གྱི་དཔེ་དེབ་༥༠༠༠ ལྷག་ཡོད།
གཞན་ཡང་ཚན་རིག་ཚོད་ལྟ་ཁང༌། སློབ་ཁྲིད་ཡོ་ཆས་ཁང༌། སློབ་ཚན་དང་འབྲེལ་ཤེས་ཡོན་མཐུན་རྐྱེན་ལྟེ་གནས། ལས་ཁུངས་དང་དགེ་རྒན་ཆེན་མོའི་ཁང་མིག་བཅས་ཡོད་ལ། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་སློབ་ཕྲུག་ཚོར་དེབ་ཆས་དང་ཉིན་གུང་གསོལ་ཚིགས་རིན་མེད་མཁོ་སྤྲོད་གནང་བཞིན་ཡོད།

༣།    སློབ་འཇུག་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༤༡༢ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དེའི་ནང་བོད་པའི་ཕྲུ་གུ་༤༠༥ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༧ ཡོད།
འདས་པའི་ལོ་ངོ་༢༡ རིང་ཉིན་སློབ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

ཆོས་འཕེལ་གླིང་སློབ་གྲྭ་ཐོག་མར་བཙུགས་པ་ནས་ཕྱི་ལོ་༢༠༠༧ ཟླ་༡༢ བར་འཛིན་རིམ་མཐོ་ཤོས་འཛིན་རིམ་བརྒྱད་པ་ཐོན་པའི་སློབ་ཕྲུག་གྲངས་༥༠༠ ཙམ་བྱུང་ཡོད། སློབ་ལོ་༢༠༠༨ ལོར་འཛིན་རིམ་བརྒྱད་པའི་ནང་སློབ་ཕྲུག་གྲངས་༥༡ ཡོད་པ་དེ་ནི་ད་བར་འཛིན་རིམ་བརྒྱད་པའི་སློབ་ཕྲུག་གྲངས་འབོར་མང་ཤོས་ཆགས་ཡོད།

༤།    ཤེས་ཡོན་ལས་རིམ།

སློབ་གྲྭ་འདིའི་རྒྱུན་ལྡན་དགེ་རྒན་ཚང་མ་འོས་སྦྱོང་ཐོན་པ་ཤ་སྟག་ཡིན། བོད་སློབ་འཛིན་སྐྱོང་ཚོགས་པ་ནས་དགེ་རྒན་ལས་གནས་འདྲ་མིན་ལ་ཤེས་ཡོན་དང་རིག་རྩལ་གོང་མཐོར་སྤེལ་སླད་དུས་ནས་དུས་སུ་སྦྱོང་བརྡར་སྤྲོད་ཅིང༌། དེ་ཚོའི་ནང་ལུས་རྩལ་དགེ་རྒན་དང༌། གདོང་ལེན་རུ་ཁག་དགེ་རྒན་བཅས་ཀྱང་ཚུད་ཡོད། ཚོགས་པ་གཞན་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)དང༌། རྒྱལ་ཡོངས་ཤེས་ཡོན་གྱི་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT) ཝི་པོ་རོ་(WIPRO)སོགས་ཀྱི་མཉམ་དུའང་སྦྱོང་བརྡར་ལས་རིམ་གོ་སྒྲིག་གནང་བཞིན་ཡོད། བོད་གཞུང་ཤེས་རིག་ལས་ཁུངས་ནས་ཀྱང་བོད་པའི་ལེགས་བྱང་དང་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་རྣམས་མི་ཉམས་གོང་སྤེལ་སླད་སྔོན་འགྲོའི་དགེ་རྒན་དང༌། ཟློས་གར་དགེ་རྒན། དམའ་རིམ་དགེ་རྒན། མདུན་ལམ་སློབ་སྟོན་དགེ་རྒན་བཅས་ལ་སྦྱོང་བརྡར་གོ་སྒྲིག་རིམ་བྱས་ནང་འཛུལ་ཞུགས་ཞུ་མུས་ཡིན། སྦྱོང་བརྡར་དེ་དག་གིས་ཤེས་བྱ་ཡོན་ཏན་དང་རིག་རྩལ་སོགས་གོང་འཕེལ་ཕྱིན་སྟབས་དགེ་རྒན་ཚོས་འཛིན་གྲྭར་སློབ་འཁྲིད་དང་སློབ་གྲྭའི་བྱ་གཞག་གཞན་གོ་སྒྲིག་གནང་རྒྱུ་བཅས་པར་ཕན་ནུས་ལྡན་པ་བྱུང་དང་འབྱུང་བཞིན་ཡོད།
སློབ་གྲྭ་ཆགས་ཡུལ་ཕྱོགས་མཐའི་ལུང་ཁུག་ཡིན་པ་དང་གནམ་གཤིས་འགྱུར་ལྡོག་ཆེ་ནའང༌། སློབ་ཕྲུག་ཚོའི་གྲུབ་འབྲས་ནི་གང་ཅིའི་ཐད་ནས་མུ་མཐུད་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད། སློབ་གྲྭའི་ནང་དུས་རྒྱུན་གྱི་འཆར་གསལ་སློབ་ཁྲིད་ཀྱི་དུས་ཡུན་རིགས་ཕུད། སློབ་སྦྱོང་དང་བོད་ཀྱི་རིག་གཞུང་རྒྱུད་འཛིན་ལ་གཞོགས་འདེགས་ཆེད་རིག་གཞུང་དང་ཤེས་ཡོན་གཞོགས་འདེགས་ཀྱི་བྱེད་སྒོ་དང་ལས་རིམ་སྣ་མང་ཞིག་སྤེལ་བཞིན་ཡོད། དཔེར་ན། བོད་ཀྱི་སྲོལ་རྒྱུན་གླུ་གཞས་ཞབས་བྲོ་འགྲན་ཚོགས། ཚན་རིག་ཤེས་བྱ་འགྲན་བསྡུར། རྩིས་རིག་དྲི་བརྩད་འགྲན་བསྡུར། ཁང་ཚན་ནང་ཁུལ་ཨིན་སྐད་སྙན་ངག་གྱེར་འདོན་ལས་རིམ། ཁང་ཚན་ནང་ཁུལ་སྤྱི་ཚོགས་ཚན་རིག་དང་ཨིན་སྐད་འགྲན་བསྡུར།ལོ་རེའི་ཟླ་༥ ཚེས་༡ ནས་ཟླ་༦ ཚེས་༡༩ བར་དབྱར་དུས་གུང་གསེང་སྐབས། བསྐྱར་སྦྱོང་འཛིན་གྲྭ་ཚུགས་མུས་ཐོག ཨིན་བོད་ཧིན་གསུམ་གྱི་ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར། ཨིན་སྐད་དང་བོད་སྐད་ཐོག་བགྲོ་གླེང་ལས་རིམ། རི་མོ་དང་ཨང་རྩིས་འགྲན་བསྡུར། ཧིན་དིའི་སྙན་ངག་གྱེར་འདོན་སོགས་སློབ་མ་གཙོ་ཞུགས་ཀྱི་ལས་རིམ་མང་པོ་ཡོད་པ་མ་ཟད། ཞོགས་པའི་རྒྱལ་གླུའི་སྐབས་ཟླ་རེར་དགེ་རྒན་རེ་ཟུང་རེས་མོས་ཀྱིས་ཤེས་ཡོན་གལ་ཆེའི་སྐོར་དང༌། ཚན་རིག་བཀོལ་སྤྱོད། འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབ། ཀམ་པུ་ཊར་གྱི་གནས་སྟངས། རྒྱལ་སྤྱིའི་གནས་སྟངས། བོད་ཀྱི་གནས་བབ། བོད་ཀྱི་རིག་གཞུང་སོགས་ཀྱི་སྐོར་གཏམ་བཤད་རྒྱས་པ་རེ་གནང་བཞིན་ཡོད།
ས་གནས་མངའ་སྡེ་ཁོངས་སུ་རྒྱ་གར་གྱི་དུས་ཆེན་ནམ་ཡོད་སྐབས་སློབ་གྲྭའི་རོལ་དབྱངས་ཚན་པས་དམིགས་བསལ་གདན་ཞུས་ཀྱིས་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། སློབ་ཕྲུག་ཚོའི་རུ་སྒྲིག་རྐང་འགྲོས་ཀྱི་མཛད་སྒོ་ནམ་ཡོད་ལ་ཨ་སམ་རའི་ཕལ་མདའ་ཤོག་(Assam Rifle)དང༌། ཨེ་ཨར་བི་ཨེན།(ARBN) དབུས་གསོག་ཉར་སྐོར་སྲུང་སྟོབས་ཤུགས།(CRPF) ཨ་རུ་ན་ཅལ་མངའ་སྡེའི་སྐོར་བྱ་བ་དང་གཞོགས་འདེགས་དཔུང་དམག་བཅས་ཀྱིས་བཀོད་འདོམས་འོག་འཛུལ་ཞུགས་བྱེད་ཅིང༌། སློབ་ཕྲུག་ཚོའི་འཁྲབ་སྟོན་ལ་རྟག་ཏུ་གཟེངས་བསྟོད་དང་གསོལ་རས་ཐོབ་ཀྱི་ཡོད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་རྡོ་རྗེ་མཁའ་འགྲོའི་མདུན་དུ་སློབ་གྲྭའི་རོལ་དབྱངས་ཚན་པ་ནས་འཁྲབ་སྟོན་བྱས་པར་ལེགས་གསོལ་བྱ་དགའ་དང་གསོལ་རས་ཐོབ།
བོད་སློབ་འཛིན་སྐྱོང་ཚོགས་པའི་ས་ཁུལ་སློབ་གྲྭ་ནང་ཁུལ་རིག་གཞུང་འཁྲབ་སྟོན་དང་འགྲན་བསྡུར་སྐབས་སློབ་གྲྭ་འདིར་བྱ་དགའ་མང་པོ་ཐོབ་ཡོད། ཕྱི་ལོ་༢༠༠༦ ཤར་ཁུལ་སློབ་གྲྭའི་རིག་གཞུང་འགྲན་ཚོགས་ཁྲོད་བུ་མོ་ཚེ་རིང་དབྱངས་ཅན་ལ་སྙན་ངག་གྱེར་འདོན་ཨང་རིམ་དང་པོ་ཐོབ་པ་དང༌། ཡིག་རྒྱུགས་གྲུབ་འབྲས་ཀྱང་གྲངས་འབོར་དང་སྤུས་ཚད་བསྟུད་མར་ཡར་རྒྱས་འགྲོ་བཞིན་ཡོད། ཕྱི་ལོ་༢༠༠༧ ལོར་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་གོ་སྒྲིག་གནང་བ་འབྲིང་རིམ་སློབ་གྲྭའི་རྩོམ་ཡིག་འགྲན་བསྡུར་ཏེ་ཧིནྡི་པག་ཝ་རའི་དུས་སྟོན་སྐབས་སློབ་གྲྭ་འདིར་ཨང་རིམ་དང་པོ་ཐོབ།
བོད་སློབ་འཛིན་སྐྱོང་ཚོགས་པའི་རོགས་སྐྱོར་འོག་ས་ཁུལ་ཁག་ཏུ་སློབ་ཕྲུག་ཚོར་ཤེས་ཡོན་ལྟ་བསྐོར་དང་སློབ་ཕྲུག་གདོང་ལེན་རུ་ཁག་(Bharat Scouts & Guides)སྦྱོང་བརྡར་སྤྲད་རྒྱུ་ནི་ལོ་ཤས་སྔོན་ནས་སློབ་གྲྭའི་འཆར་ཅན་བྱེད་སྒོ་ཞིག་ཏུ་གྱུར་ཡོད།
སློབ་གྲྭ་འདིར་དགེ་རྒན་ཕ་མའི་འཐུས་ཚོགས་དང༌། ས་གནས་སློབ་སྟོན་ཚོགས་ཆུང་བཅས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་གཞོགས་འདེགས་དང་འབྲེལ་ལམ་གང་ཟབ་གནང་བཞིན་ཡོད།

༥།    གཞུང་འབྲེལ་འཚམས་གཟིགས།

སློབ་གྲྭར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༨༣། ༡༩༩༦། ༢༠༠༣ བཅས་ལ་ཆིབས་བསྒྱུར་གནང་བར། སྐབས་དེའི་དགེ་སློབ་འགོ་ལས་རྣམས་ལ་ྋགོང་ས་མཆོག་ཕེབས་བསུ་དང་ཞབས་ཏོག་བསྒྲུབ་པའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད། གང་གི་འཕྲལ་ཕུགས་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ་པའི་དགོངས་དོན་སྙིང་བཅངས་ཀྱིས་དགེ་སློབ་ཚང་མས་ཧུར་བརྩོན་ལྷོད་མེད་གནང་བཞིན་ཡོད།
གཞན་ཡང་ཕྱི་ལོ་༡༩༩༧ ལོར་ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན། རྒྱ་གར་གཞུང་གི་གཞིས་ཆགས་ལས་གཞི་བསྐྱར་གསོའི་དྲུང་གཞོན་སྐུ་ཞབས་ཨེས་ཌི་ཀ་པི་ལི་ཡ་བཅས་དང༌། ཕྱི་ལོ་༡༩༩༧ ལོར་བོད་གཞུང་ནང་སྲིད་བཀའ་བློན་དབང་འདུས་རྡོ་རྗེ་དང༌། ནང་སྲིད་ཟུང་དྲུང་འཇིགས་མེད་འབྱུང་གནས། ཕྱི་ལོ་༡༩༩༨ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་དངོས་གྲུབ་ཚེ་རིང་དང་བོད་སློབ་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨེས་པི་དཱ་ཏཱ་མཆོག་གཉིས་རྟོག་ཞིབ་དང་འཚམས་གཟིགས་སུ་ཕེབས། ཕྱི་ལོ་༢༠༠༠ ལོར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་མུ་ཀུཊ་མི་ཐི་མཆོག་དང༌། ཨ་རུ་ན་ཅལ་མངའ་སྡེའི་སྲིད་སྐྱོང་བཀུར་འོས་སྐུ་ཞབས་ཨར་ཇུན་དྷ་ཝེ་བཅས་ཀྱིས་འཚམས་གཟིགས་གནང༌།
ཕྱི་ལོ་༢༠༠༤ ཟླ་༣ ཚེས་༢༤ ཉིན་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་ཌོག་ཀྲར་ཨེམ་ཨེས་ཝར་མ་(Dr. M.S. Verma)དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་རི་ཁ་བཀྲ་ཤིས་ནོར་བུ་གཉིས་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང་ཞིང༌། དེར་གསར་དུ་ལེགས་གྲུབ་བྱུང་བའི་འཛིན་ཁང་༥ དང་སློབ་ཕྲུག་གཞོན་པའི་ཚན་རིག་ཚོད་ལྟ་ཁང་བཅས་ཀྱི་དབུ་འབྱེད་གནང༌།
ཕྱི་ལོ་༢༠༠༦ ནང་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་དང་ཕྱག་འབྲེལ་བཅས་ཀྱང་ཉེ་ཆར་ཆེད་ཕེབས་འཚམས་གཟིགས་གནང༌།
གོང་གསལ་འཚམས་གཟིགས་ཁག་གི་ཐོག་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་གྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང་མུས་བཅས། ཆེད་ཕེབས་འགོ་ལས་དེ་དག་གི་ཐུགས་ཁུར་དང་ལམ་སྟོན་འོག་སློབ་གྲྭ་འདི་ཉིན་ལྟར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།