མན་སྤར་ཉིན་སློབ།

[toc]

༡།     འགོ་འཛུགས།

མན་སྤར་ཕན་བདེ་གླིང་དབུས་བོད་མིའི་སློབ་གྲྭ་ནི། སྔར་རྒྱ་གར་དབུས་ཀྱི་མངའ་སྡེ་མ་དི་ཡ་པར་དེ་ཤི་(Madhya Pradesh)ཞེས་པའི་ནང་ཆགས་ཡོད། ཕྱིས་སུ་མངའ་སྡེ་དེ་དུམ་བུ་གཉིས་སུ་ཆད་ནས་བོད་མིའི་སྡོད་གནས་དེ་ད་ལྟའི་མངའ་སྡེ་གསར་པ་ཆ་ཏི་སི་སྒར་ཞེས་པའི་ཁོངས་སུ་གྱུར། མན་སྤར་དབུས་བོད་མིའི་སློབ་གྲྭ་ནི་མངའ་སྡེ་དེའི་ཀམ་ལི་ཤི་པུར་(Kamleshwarpur)ཞེས་པའི་གྲོང་ཚོར་ཆགས་ཡོད།
བོད་མི་སྐྱབས་བཅོལ་བ་རྒྱ་གར་དུ་ཕོན་ཆེར་འབྱོར་སྐབས། རྒྱ་གར་དབུས་གཞུང་གི་འབོད་བསྐུལ་འོག་མ་དི་ཡ་པར་དེ་ཤི་མངའ་སྡེས་ཕྱི་ལོ་༡༩༦༢ ལོར་བོད་མི་ཚོར་ཀམ་ལི་ཤི་པུར་ཞེས་པའི་སར་ནགས་ཚལ་ཞིག་ཏུ་གཞིས་ས་སྤྲད་པ་དང་དབུས་གཞུང་གིས་དཔལ་འབྱོར་གྱི་རོགས་རམ་གནང༌། སྐབས་དེར་བོད་མི་༡༠༠༠ ཙམ་འབྱོར་བར་བཟའ་བཅའ་དང་ཉེར་མཁོའི་མཐུན་རྐྱེན་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད། སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༦༣ ཟླ་༢ པའི་ནང་གསར་འཛུགས་གནང༌། སྐབས་དེར་སློབ་ཕྲུག་༡༥ ནས་༢༠ ཡས་མས་དང་དགེ་ལས་༦ ཡོད།
ད་ཆ་ཕྱི་ལོ་༢༠༠༨ ཟླ་༧ ཚེས་༣༡ བར་གྱི་སློབ་ཕྲུག་དང་ལས་བྱེད་གྲངས་འབོར་ནི། སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་ཕྲུག་ཁྱོན་བསྡོམས་༩༧ ཡོད། དགེ་རྒན་༡༢ དང༌། ལས་བྱེད་༥ བཅས་ཁྱོན་དགེ་ལས་༡༧ བཅས་ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭ་འདིར་ཐོག་མའི་ཆར་སློབ་ཁང་གི་མཐུན་རྐྱེན་སྤྱིལ་བུ་ཞིག་ལས་མེད་ཅིང༌། སློབ་ཕྲུག་ཀྱང་༡༥ ནས་༢༠ ཙམ་ལས་མེད། ཕྱི་ལོ་༡༩༦༤ ལོར་མཱ་དི་ཡ་པར་དེ་ཤི་མངའ་སྡེ་སྲིད་གཞུང་གིས་སློབ་ཁང་གསར་རྒྱག་གནང༌། སྐབས་དེར་ཁྱོན་བསྡོམས་སློབ་ཕྲུག་༦༠ དང་དགེ་ལས་བྱེད་༦ ཡོད།
ཕྱི་ལོ་༡༩༦༥ ལོར་སློབ་གྲྭ་འདི་བོད་སློབ་འཛིན་སྐྱོང་ཚོགས་ཀྱིས་རྩིས་བཞེས་གནང༌། སྐབས་དེར་ཁང་སྡེ་གཅིག་ལ་ཁང་མིག་༦ ཅན་ཞིག་དང༌། ཕྱི་ལོ་༡༩༨༨།༡༩༨༩ ནང་ཁང་མིག་༥ དང་གསང་སྤྱོད་ཡོད་པ་ཞིག་གསར་རྒྱག ཕྱི་ལོ་༡༩༩༩།༢༠༠༠ ནང་འཛིན་ཁང་ཁང་མིག་༦ དང་གསང་སྤྱོད་༢ བཅས་གསར་རྒྱག་གནང༌།
ཕྱི་ལོ་༡༩༩༤ ལོར་སྒོར་འབུམ་༡ ལྷག་བཏང་སྟེ་ཆུ་མཛོད་གསར་འཛུགས་དང༌། གསང་སྤྱོད་འཕར་མ་གསར་རྒྱག་གནང༌། ཕྱི་ལོ་༡༩༩༧ ལོར་སྒོར་འབུམ་༡༢ ལྷག་བཏང་སྟེ་འཛིན་ཁང་༥ གསར་རྒྱག་དང༌། ཁྲོན་པའི་ཆུ་འཐེན་འཕྲུལ་འཁོར་གསར་གཟིགས། སློབ་ཁང་དང་ལས་ཤག་ཞིག་གསོ་རྒྱ་ཆེར་གནང༌། ཕྱི་ལོ་༢༠༠༥ ལོར་སློབ་གྲྭའི་ར་སྐོར་ལྕགས་རི་གསར་སྐྲུན་དང༌། ཕྱི་ལོ་༢༠༠༧ ལོར་སློབ་གྲྭའི་བགྲོད་ལམ་ཡར་རྒྱས་དང་ཞལ་འདོན་ཚོགས་ཁང་གི་ཞ་ལར་ཨར་འདམ་བཏིང༌། སློབ་ཁང་གཙོ་བོ་དང་ར་སྐོར་ལ་དམིགས་བསལ་བཟོ་བཅོས་གནང༌།
གཞན་ཡང་སྐམ་གློག་འཕྲུལ་འཁོར་གྱི་མཐུན་རྐྱེན་གསར་བསྐྲུན། སློབ་གྲྭའི་ཁང་སྡེ་གཅིག་གི་ཁང་ཐོག་བཟོ་བཅོས། སློབ་ཁང་དང་ལས་ཤག་ཁག་དམིགས་བསལ་བཟོ་བཅོས། སློབ་གྲྭའི་འདུ་འཛོམས་ཐང་དུ་ཨར་འདམ་གསར་འདིང༌། རྩེད་ཁང་གསར་རྒྱག་སོགས་སློབ་གྲྭ་བཟོ་བཅོས་དང་ཞིག་གསོ་རིམ་པ་གནང་ཡོད།
དེང་སློབ་གྲྭ་འདིའི་ནང་རྩིས་རིག་དང་ཚན་རིག་ཚོད་ལྟ་ཁང༌། རྩིས་རིག་དང་ཚན་རིག་གི་དཔེ་གཟུགས་ར་བ། ཤེས་ཡོན་ལྟེ་གནས། ཀམ་པུ་ཊར་སྦྱོང་བརྡར་ལྟེ་གནས་ནང་དྲ་རྒྱ་དང་པར་སློག་སོགས་ཀྱི་མཐུན་རྐྱེན་ཆ་འགྲིགས། རྩེད་རིགས་དང་ལུས་རྩལ་སྡེ་ཚན། གདོང་ལེན་རུ་ཁག་སྡེ་ཚན། གཞས་དང་ཞབས་བྲོའི་སྡེ་ཚན། འཕྲོད་བསྟེན་སློབ་གསོའི་ལས་རིམ། རྒྱང་བསྒྲགས་ཡོ་ཆས་ཁང༌། སློབ་མའི་སྐྱེད་མོས་ཚལ། དཔེ་མཛོད་ཁང་ནང་དབུས་བོད་སློབ་འཛིན་ཚོགས་དང༌། བོད་གཞུང་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་ལྟེ་གནས་བཅས་ནས་སློབ་དེབ་དང་ཀློག་ལྟའི་དེབ་རིགས་ཕོན་ཆེན་མཁོ་སྤྲོད་གནང་མུས། དཔེ་མཛོད་ཁང་ནང་དགེ་སློབ་གཉིས་ལ་ཀློག་ལྟའི་གཞོགས་འདེགས་དེབ་རིགས་སྣ་འཛོམས་ཡོད་པའི་ཐོག་ཉིན་རེའི་ཚགས་དེབ་གསར་པ་མངགས་ཉོ་ཞུ་མུས་ཡིན།

༣།     སློབ་འཇུག་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། མན་སྤར་ཉིན་སློབ་ཏུ་སློབ་ཕྲུག་བུ་༥༨ དང་བུ་མོ་༥༠ བཅས་ཁྱོན་བསྡོམས་སློབ་ཕྲུག་༡༠༨ ཡོད་པ་ཚང་མ་ཉིན་སློབ་ལ་འགྲོ་བཞིན་པའི་བོད་མིའི་སློབ་ཕྲུག་ཤ་སྟག་ཡིན། དགེ་རྒན་༡༢ དང་སྤྱིར་བཏང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༡༥ ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདི་ཐོག་མར་བཙུགས་པ་ནས་ཕྱི་ལོ་༢༠༠༧ ཟླ་༡༢ བར་སློབ་གྲྭའི་འཛིན་རིམ་མཐོ་ཤོས་སློབ་མཐར་ཕྱིན་པའི་སློབ་ཕྲུག་གྲངས་༣༧༧ ཟིན་ཡོད།

༤།    ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

འདས་པའི་ལོ་ལྔ་ནང་འཛིན་རིམ་ལྔ་པ་དང་བརྒྱད་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་༡༠༠ ལེགས་ཐོན་བྱུང་བ་དང༌། རྒྱུན་ལྡན་སློབ་སྦྱོང་རིགས་ཕུད་སློབ་ཕྱིའི་རིག་གཞུང་བྱེད་སྒོ་སྣ་མང་ནང་འཛུལ་ཞུགས་ཀྱིས་མངའ་སྡེའི་ཤེས་ཡོན་སྡེ་ཁག་དབར་གྱི་བྱེད་སྒོ་དང་འགྲན་བསྡུར་ཚང་མར་མཉམ་ཞུགས་གང་ཐུབ་གནང་ཡོད། དཔེར་ན་རྒྱ་གར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཀྱི་རྩེད་མོའི་འགྲན་ཚོགས་དང༌། ས་ཁུལ་འདྲ་མིན་དུ་གོ་སྒྲིག་བྱས་པའི་གདོང་ལེན་རུ་ཁག་གི་ལས་རིམ་སོགས་ལྟ་བུའོ།།
སློབ་ཕྲུག་ཚོ་ལོ་རྒྱུས་ཀྱི་ཤུལ་དངོས་དང་ཆོས་དང་རིག་གཞུང་གི་བསྟི་གནས་གྲགས་ཆེན་ཁག་ལ་ལོ་བསྟར་ཆགས་སུ་ཤེས་ཡོན་བསྐོར་བསྐྱོད་དམ་ཡུལ་བསྐོར་སྤྲོ་འཆམ་གོ་སྒྲིག་བྱས་པ་དེས། སློབ་ཕྲུག་ཚོའི་མཐོང་རྒྱ་དང་གོ་རྟོགས་ཡར་བསྐྱེད་ལ་ཕན་ཐོགས་ཆེན་པོ་བྱུང༌། བོད་དང་གནས་ཡུལ་རྒྱལ་ཁབ་ཀྱི་དུས་ཆེན་གལ་ཆེ་ཁག་བརྩི་སྲུང་དང༌། ས་ཁུལ་སློབ་གྲྭའི་དབར་རིག་གཞུང་བརྗེ་རེས་དང་འགྲན་ཚོགས་སོགས་ལོ་ལྟར་ཚུགས་མུས་རྣམས་ལ་འཛུལ་ཞུགས་ཀྱིས་བོད་ཀྱི་ཞབས་བྲོའི་འགྲན་བསྡུར།(སློབ་ཕྲུག་ཆུང་བའི་སྡེ་ཚན།) མཆོར་གོས་འགྲན་བསྡུར། སྙན་ངག་གྱེར་འདོན་འགྲན་བསྡུར་ལ་སོགས་མང་ཆེ་བར་སློབ་གྲྭའི་སློབ་ཕྲུག་ཚོས་ཨང་རིམ་གཉིས་པའམ་གསུམ་པ་བླངས་ཡོད།
འཛིན་རིམ་ལྔ་པའི་བུ་དཔལ་འབྱོར་རྒྱ་མཚོས་མངའ་སྡེ་རིམ་པའི་རི་མོའི་འགྲན་བསྡུར་སྐབས་ལེགས་གསོལ་བྱ་དགའ་ཐོབ། ཕྱི་ལོ་༢༠༠༤ ལོར་སློབ་གྲྭ་འདིའི་འབྲིང་རིམ་དགེ་རྒན་ཨར་ཀེ་བྷར་ཏི་(R.K. Bharti) ལ་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་བྱ་དགའི་རྟགས་མ་ཐོབ། མདོར་ན་སློབ་གྲྭ་འདིའི་ནང་བོད་ཀྱི་སྐད་ཡིག་གིས་གཙོས་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་དང༌། དེང་དུས་ཀྱི་རིག་ཚན་སྦྱངས་བརྩོན་གྱིས་འདབ་གཤོག་གཉིས་ལྡན་གྱི་མི་རབས་གསར་པ་བསྐྱེད་བསྲིང་བྱ་རྒྱུའི་གཞི་རྩའི་དམིགས་ཡུལ་དམ་འཛིན་ཐོག ཡ་རབས་བཟང་སྤྱོད་ཀྱི་ལྟ་སྤྱོད་གཙོ་བོར་བཟུང་སྟེ། རྩེད་རིགས་དང་ལུས་རྩལ། གདོང་ལེན་རུ་ཁག་དང་འཕྲོད་བསྟེན་ལས་རིམ་སོགས་ལུས་སེམས་འཚར་ལོངས་བདེ་ཐང་ངང་ཡོང་བར་བྱེད་པའི་བྱེད་སྒོ་ལེགས་བསྒྲུབས་ཀྱིས་འཐུས་སྒོ་ཚང་བའི་ཤེས་ཡོན་སྦྱོར་སྤྲོད་བྱེད་པར་འབད་འབུངས་ལྷོད་མེད་དུ་བྱས་ཡོད།
ལོ་རེར་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱལ་ཡོངས་བོད་ཡིག་བྲིས་རྩོམ་འགྲན་བསྡུར་ལས་རིམ་ཁྲོད། ཕྱི་ལོ་༢༠༠༣ ཟླ་༩ ཚེས་༤ ཉིན་གྱི་འགྲན་བསྡུར་ནང་སློབ་གྲྭ་འདིའི་འཛིན་རིམ་བདུན་པའི་སློབ་མ་བསོད་ནམས་ཡར་འཕེལ་ལ་ཨང་དང་པོའི་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའི་ཕྱག་དངུལ་བཅས་ཐོབ།
དགེ་རྒན་ཚོས་འཛིན་གྲྭར་སློབ་སྐབས་ཕན་ནུས་ལྡན་པ་ཡོང་ཐབས་སུ་མིང་གནས་འདྲ་མིན་གྱི་དགེ་རྒན་ལ་ཆེད་ལས་ཡར་རྒྱས་ཡོང་ཆེད་ཀྱི་ཟབ་སྦྱོང་ལས་རིམ། བོད་སློབ་འཛིན་སྐྱོང་ཚོགས་པ་དང་བོད་གཞུང་ཤེས་རིག་ལས་ཁུངས་གཉིས་ནས་ཡང་ནས་ཡང་དུ་ཆེད་ལས་སྦྱོང་བརྡར་སྤྲད་པ་དེས་དགེ་རྒན་ཚོས་སློབ་ཁྲིད་བྱ་རྒྱུར་ཕན་ནུས་ངེས་ཅན་བྱུང༌།

༥།     གཞུང་འབྲེལ་འཚམས་གཟིགས།

མན་སྤར་ཕན་བདེ་གླིང་དབུས་བོད་མིའི་སློབ་གྲྭ་འདིར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང༌། རང་གཞུང་ཤེས་རིག་ལས་ཁུངས། ས་གནས་འགོ་འཛིན་གྱིས་གཙོས་པའི་ས་གནས་ཚོགས་སྡེ་དང་མི་མང་བཅས་ནས་གཟིགས་རྟོག་དང་རོགས་འདེགས་བར་མ་ཆད་པར་གནང་བ་དང༌། ཤེས་ཡོན་སློབ་གསོའི་དགོས་མཁོ་ལ་གཞིགས་ཏེ་ལས་རིམ་དང་མཛད་སྒོ་སོགས་ཀྱི་སྐབས་སུ་བླ་སྤྲུལ་དགེ་བཤེས་དང༌། བཀའ་བློན་སྤྱི་འཐུས། རོགས་ཚོགས་འཐུས་མི། ཆེད་ལས་མི་སྣ་སོགས་དུས་དུས་སུ་གདན་ཞུས་ཀྱིས་དགེ་སློབ་ཡོངས་ལ་གསུང་བཤད་དང་བགྲོ་གླེང་སོགས་ལས་རིམ་སྣ་མང་སྤེལ་ཡོད། ཉེ་བའི་ཆར་སློབ་གྲྭ་འདིར་གཞུང་འབྲེལ་འཚམས་གཟིགས་གནང་བའི་ཁྲོད་ནས་གཙོ་བོ་འགའ་དཔེ་མཚོན་དུ་དྲངས་ན།
ཕྱི་ལོ་༢༠༠༣ ཟླ་༧ པའི་ནང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་མན་སྤར་སློབ་གྲྭར་ཆེད་ཕེབས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༤ ཟླ་༤ ཚེས་༣༠ ཉིན་དབུས་བོད་སློབ་འཛིན་ཚོགས་དྲུང་ཆེ་ཝར་མ་དང༌། ཤེས་རིག་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་གཉིས་ཀྱིས་འཚམས་གཟིགས་གནང༌།
ཕྱི་ལོ་༢༠༠༦ ཟླ་༡༠ ཟླ་དཀྱིལ་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྤེན་པ་ཚེ་རིང་དང་བློ་བཟང་གཉིས་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་ལ་བོད་ནང་གི་གནས་བབ་སྤྱི་དང༌། ཁྱད་པར་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་བཀའ་སློབ་གསུང་བཤད་ཟབ་རྒྱས་གནང༌།
ཁྱད་པར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༩༢ དང༌། ༡༩༩༩ ༢༠༠༤ བཅས་རིམ་པ་གསུམ་དུ་ས་གནས་འདིར་འཚམས་གཟིགས་ཀྱིས་དགེ་སློབ་མི་མང་རྣམས་ལ་ལམ་སྟོན་བཀའ་སློབ་གསུང་ཆོས་སྨིན་སྩལ་གནང་བ་དང༌། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་ཤེས་རིག་བཀའ་བློན་སོགས་རང་གཞུང་གི་གནད་ཡོད་དུ་མ་ཆེད་ཕེབས་འཚམས་གཟིགས་ཀྱིས་རིན་ཐང་བྲལ་བའི་དགོངས་འཆར་དང་བཀའ་སློབ་ལམ་སྟོན་གྱིས་དགེ་སློབ་ལས་བྱེད་ཡོངས་ལ་བློ་སྤོབས་གསར་སྤེལ་དང༌། ཕྱོགས་ཡོངས་ཀྱི་སློབ་གྲྭའི་ཡར་རྒྱས་ལ་ཕན་རླབས་ཆེན་པོ་བྱུང་སོང༌།