མ་སུ་རི་དབུས་གཏན་སློབ།

༡།   འགོ་འཛུགས།

མ་སུ་རི་ནི་རྒྱ་གར་བྱང་ཕྱོགས་ཨུཏ་རན་ཅལ་མངའ་སྡེའི་ལྡེ་ར་ལྡུན་ནས་ཀི་ལོ་མི་ཊར་༣༠ ཡས་མས་ཀྱི་རི་གྲོང་ཞིག་ཡིན་ཞིང༌། གཏན་སློབ་འདི་ཆགས་ཡུལ་ནི། མ་སུ་རི་གྲོང་བརྡལ་རྒྱབ་ཕྱོགས་ཀྱི་སྐྱིད་གཤོངས་(Happy Valley)ཟེར་བའི་རི་གཤོངས་དེ་ཡིན།

བོད་མི་རྣམས་བཙན་བྱོལ་དུ་འབྱོར་འཕྲལ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་སྐྱབས་བཅོལ་བའི་ཤེས་ཡོན་སློབ་གསོའི་ལས་དོན་གལ་འགངས་ཆེ་ཤོས་སུ་གཟིགས་ཏེ། བོད་ཕྲུག་རྣམས་ལ་སློབ་སྦྱོང་གི་མཐུན་རྐྱེན་བསྐྲུན་པར་ཐུགས་འཁུར་ཚད་མེད་ཀྱིས་ཕྱི་ལོ་༡༩༥༩ ལོའི་ལོ་མཇུག་ཏུ་མི་ས་མ་རི། སྒང་ཏོག ཀ་སྦུག་བཅས་པའི་བོད་མིའི་སྡོད་གནས་ཁག་ནས་གཞུང་ཞབས་དང༌། བླ་བྲང༌། སྒེར་པ། དགོན་ཁག་གི་གྲྭ་པ། ཚོང་པ། དམག་ཞབས། ཞིང་པ། བཟོ་པ་བཅས་ཀྱི་ཡོང་ཁུངས་དབྱེ་མེད་བོད་ཕྲུག་ལོ་ན་ཕྲ་བ་༥༠ བསྡུ་སྐོང་གིས་སྡོད་གནས་མ་སུ་རི་ཀིལ་དྷ་རི་དང༌། ཧར་ནི་ཧིལ་གཉིས་ཁང་གླར་བཞེས་ཆའི་ཐོག་ཟས་གོས་གནས་མལ་བཅས་པའི་མཐུན་རྐྱེན་རྣམས་ཀྱང་ྋགོང་ས་མཆོག་སྐུ་སྒེར་ནས་སྩལ་ཞིང༌། སློབ་ཕྲུག་གི་འགོ་འཛིན་དུ་ཛ་སག་ཀུན་བདེ་གླིང་དང༌། ཕྲེང་རིང་ཛ་སག དངུལ་གཉེར་བ་ལྷ་ལྡིང་སྲས། ལས་རོགས་བཀྲས་ཟུར་བདེ་ལྷ། གཉེར་པ་གདན་གཉེར་ཚང་བྱམས་པ་ཕུན་ཚོགས། བོད་དྲུང་དང་བོད་དགེ་གཅིག་ལྕོགས་བྱམས་པ་སྙན་གྲགས། ཡིག་ཚང་གི་ཡིག་ཞབས་སོགས་ལ་མི་འགྱུར། སྨན་ཁང་དང༌། བུ་མོའི་ཉལ་ཁང་དབུ་འཛིན་ཨིན་དགེ་བཅས་གཅིག་ལྕོགས་ཕྲེང་རིང་ལྷ་ལྕམ་རིན་ཆེན་སྒྲོལ་མ། སྐབས་དེར་ཨིན་ལན་ནས་ཡིན་པའི་ལྕམ་སྐུ་ཨིང་སྐམ་ལགས་ཀྱིས་དང་བླངས་སྨན་ཞབས་བཅས་ཞུས་ཡོད།

ཕྱི་ལོ་༡༩༦༠ ཟླ་༣ ཚེས་༣ ཉིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་སྐྱབས་བཅོལ་བའི་སློབ་གྲྭ་ཐོག་མར་དབུ་འབྱེད་བསྐྱངས་ཤིང༌། སྐབས་དེར་ཆོས་དགེ་དང་བོད་དགེ་གཅིག་ལྕོགས་དགའ་ལྡན་མཛེ་སྨད་སྤྲུལ་སྐུ་དང༌། སྤྱི་ཚོགས་ཚན་རིག་དང༌། ཨང་རྩིས་བཅས་ཀྱི་དགེ་རྒན་དང་སློབ་སྤྱི་གཅིག་ལྕོགས་ཕྲེང་རིང་ཛ་སག ཨིན་དགེ་ལྕགས་སྤྲག་ལྕམ་སྐུ། ཕྲེང་རིང་ལྕམ་ཚེ་རིང་དབྱངས་འཛོམས། བོད་ཀྱི་རྒྱལ་རབས་བཀྲས་མཐོང་སྲས་དང༌། ཤོད་དྲུང་རྨ་བྱ་ཚེ་དབང་འགྱུར་མེད། ཧིན་དགེ་ཨིན་དར་སིངྒ་བཅས་བསྐོ་འཛུགས་གནང༌། དབུ་དགེ་ལས་བྱེད་ཚོར་གསོལ་ཚིགས་མཐུན་རྐྱེན་གྱི་གསོལ་ཕོགས་ཙམ་ལས་གཞན་གང་ཡང་རྒྱས་སྤྲོས་འཕེར་བ་སོགས་མེད།

ཕྱི་ལོ་༡༩༦༠ ཟླ་༣ ཚེས་༡༠ ཉིན་མ་སུ་རིར་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་དང་པོའི་མཛད་སྒོར་ྋགོང་ས་སྐྱབས་མགོན་ཆེན་པོས་དབུས་གཞུང་ཞབས་ཆེ་ཕྲ་དང༌། སློབ་གྲྭའི་དགེ་ལས་སློབ་ཕྲུག མ་སུ་རིར་གནས་འཁོད་མི་མང་བཅས་འདུ་འཛོམས་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་འབྲེལ་འཛམ་གླིང་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་དང༌། བཀའ་བློན་ཟུར་ཁང་དང༌། སློབ་སྤྱི་སོགས་ནས་གསུང་བཤད་གནང༌།

ཕྱི་ལོ་༡༩༦༠ ཟླ་༨ པའི་ནང་ཀུན་གླིང་ཛ་སག་དྷ་སར་ཤེས་རིག་བཀའ་བློན་དུ་འཕོས་པས་སློབ་གྲྭའི་ཕྱི་ནང་དབུ་འཛིན་སྔོན་མ་ལྟར་ཕྲེང་རིང་ཛ་སག་མཆོག་ནས་ཐུགས་འགན་བཞེས། ཕྱི་ལོ་༡༩༦༠ ཟླ་༦ ཚེས་༡༧ ནས་ཟླ་༡༠ ཚེས་༢༩ བར་དྷ་ས་བུ་གསོ་ཁང་ནས་གཏོང་གནང་མཛད་པའི་སྔ་ཕྱི་ཁྱོན་བསྡོམས་ཕྲུག་གྲངས་༣༠༤ འབྱོར་བ་འཚོ་བ་སོགས་ཀྱི་རོགས་རམ་ཨ་རི་ཛ་དྲག་སྐྱོབ་གསོ་སོགས་ནས་གང་འཚམས་ཐོབ་ཅིང་བཟའ་བཅའ་སོགས་འོར་འདྲེན་གླ་བ་མ་དགོས་པར་སློབ་ཕྲུག་རྒན་གྲས་རྣམས་ནས་མེ་ལི་༣ ཙམ་ཡོད་ས་ནས་རྒྱབ་ཁུར་གྱིས་འོར་འདྲེན་དགའ་པོའི་ངང་ནས་བྱས་པ་དང༌། དགེ་རྒན་རྣམས་ཀྱིས་རང་རིགས་ཤ་ཁྲག་གཅིག་པར་སློབ་ཁྲིད་ལྷག་བསམ་རྣམ་དག་ཐོག་ནས་གནང་བའི་འོག་ཟླ་བ་བརྒྱད་ཙམ་ནས་ཁ་ཚ་དགོས་གཏུགས་ཀྱིས་བོད་རིགས་མང་པོ་ཞིག་གློ་ནད་ཀྱིས་རྐྱེན་པས་མ་དྷ་ར་སིའི་སྨན་ཁང་དུ་ཡོད་པར་བརྟེན་དེ་ལ་སྐད་བསྒྱུར་དང༌། ལྡི་ལི་རླུང་འཕྲིན་ལས་ཁུངས་ལ་སྐད་བསྒྱུར་དང་བོད་སྐད་ཤོད་མཁན་དང༌། དེ་འབྲེལ་གཞིས་ཆགས་ཁག་ལ་སྐད་སྒྱུར་དང་ཨིན་དྲུང༌། དྷ་ས་ལས་ཁུངས་ཁག་གི་ལས་བྱེད་འཕེར་བའི་སློབ་ཕྲུག་མང་དག་ཅིག་བྱུང་བ་བཅས་གྲུབ་འབྲས་ལེགས་ཐོན་བྱུང༌།

རིམ་པས་སློབ་ཕྲུག་ཆུང་གྲས་རིམ་འབྱོར་མང་རྐྱེན་ཁ་ཚ་དགོས་གཏུགས་ཀྱིས་སློབ་ཕྲུག་རྒན་གྲས་ནང་ནས་ཨིན་ཇི་དང༌། བོད་ཡིག ཨང་རྩིས། ཧིན་དི་སོགས་ཀྱི་དགེ་རྒན་བསྐོ་སྩལ་ལ་ཁོང་ཚོར་ཟླ་རེར་འཛིན་ཐེངས་རེར་སྒོར་༣ རེ་གནང་བ་དང༌། དེ་རྗེས་མི་གྲངས་༣༠ ཙམ་ལག་ནའོ་འབྲི་ཀློག་ཤེས་ཡོན་སློབ་ཁང་(Lucknow Literacy House)ལ་དགེ་རྒན་འོས་སྦྱོང་དུ་བཏང་བ་དེས། སྐབས་དེར་གསར་འཛུགས་གྲུབ་པའི་སློབ་གྲྭ་ཁག་ཏུ་དགེ་རྒན་གྱི་ཛ་དྲག་དགོས་མཁོ་སྐོང་བར་ཕན་ཐོགས་ཆེན་པོ་བྱུང༌།

སློབ་ཕྲུག་སྡོད་ཁང་ཐད་ཕྱི་ལོ་༡༩༦༠ ཟླ་༡༡ ཚེས་༡༦ ཉིན་ཧར་ནི་ཧིལ་ས་ཁང་བདག་ཐོབ་ལ་ྋགོང་ས་མཆོག་སྐུ་སྒེར་ནས་ཧིན་སྒོར་༢༠༠༠༠ གནང་སྟེ་གསར་གཟིགས་ཀྱིས་ཕྱིས་སུ་བུ་མོའི་ཉལ་ཁང་བྱས་པ་དང༌། ཕྱི་ལོ་༡༩༦༡ ཟླ་༡༢ ཚེས་༢༠ ཉིན་ཨ་རན་ཧའུ་སེ་(Arron House)ཞེས་པའི་ས་ཁང་བདག་ཐོབ་བཅས་པར་ཧིན་སྒོར་༣༨༠༠༠ བྱས་ཏེ་ྋགོང་ས་མཆོག་སྐུ་སྒེར་ནས་གསོལ་སྩལ་གནང་བ་དེས་སྤུས་གཟིགས་ཞུས་ཏེ་བུ་དང་བུ་མོའི་སྡོད་ཁང་གང་ལེགས་བྱུང་ཡང༌། འཛིན་ཁང་ལོགས་སུ་མེད་པར་ཁང་པའི་ཕྱི་ནང་གཉིས་སུ་ཚོགས་བཞིན་ཡོད་སྟབས། ཌལ་ཧོར་བོད་མི་སྐྱབས་བཅོལ་ཁོངས་ནས་དང་བླངས་མི་གྲངས་༦༠ ཙམ་ཧྲག་བསྡུས་ཐོག་རྡོ་ཤིང་དབོན་འདྲེན་པ་གཞན་བཅས་པར་ལྟོ་ཆས་དང༌། ཉིན་རེ་འཁྲུད་རྫས་དོད་པད་༢༥ རེ། ཨར་ལས་སྤྱི་ཁྱབ་སློབ་སྤྱི་ཕྲེང་རིང་མཆོག་གི་འོག་དམིགས་བཀར་ཆེད་གཏོང་ལས་བྱེད་གདན་གཉེར་ཚང་གི་རྩེ་མགྲོན་དང༌། དངུལ་གཉེར་སློབ་དགེ་ངག་དབང་བྱམས་པས་ཞུས་ཏེ་ཨེ་རོན་ཧའུ་སེའི་མདུན་ངོས་འཛིན་ཁང་ཐོག་བརྩེགས་ཉིས་ཐོག་ལ་ཁང་མིག་བཅུ་ཡོད་པའི་རྒྱུ་གྲོན་གཙོ་བོ་ྋགོང་ས་མཆོག་ནས་ཧིན་སྒོར་༢༦༠༠༠ དང༌། རྒྱ་གར་གཞུང་ནས་ཞལ་འདེབས་ཧིན་སྒོར་༡༥༠༠༠ གཞན་ཁག་ནས་ཀྱང་ཞལ་འདེབས་བཅས་གནང་སྟེ་ལས་གཞི་ལེགས་གྲུབ་ཟིན་ཏེ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང༌།

བོད་ཕྲུག་ན་གཞོན་དྭ་ཕྲུག་སོགས་ཇེ་མང་ལ་བརྟེན་ྋགོང་ས་མཆོག་ནས་རྒྱ་གར་སྲིད་བློན་ནེ་རུ་མཆོག་ལ་བོད་དང༌། རྒྱ་གར་གྱི་འབྲེལ་བ་འདི་ཆོས་དང་རིག་གཞུང་གང་ཅིའི་ཐད་ལ་མི་ལོ་སྟོང་ཕྲག་གི་སྔོན་ནས་དམ་གཙང་ཡོད་པར་བརྟེན་ད་ཆ་སྐྱབས་བཅོལ་བོད་མི་ན་གཞོན་ཚོར་རང་གི་ཆོས་དང༌། རིག་གཞུང་བཟང་པོ། གོམས་གཤིས། ཡ་རབས་བཟང་སྤྱོད་བཅས་པ་རྒྱུན་འཛིན་ཡོང་ཆེད་བོད་རིགས་སློབ་གྲྭ་ཁེ་གཙང་ཞིག་ཟུར་ཚུགས་ཀྱིས་ཤེས་ཡོན་རོགས་རམ་ཡོང་བ་ཞེས་འབོད་བསྐུལ་མཛད་པར་རྒྱ་གར་སྲིད་བློན་མཆོག་ནས་དགོངས་བཞེས་ཟབ་མོས་དེ་དོན་ཐུགས་མོས་མཛད་པའི་ཕྱག་བྲིས་ཤིག་རྒྱ་གར་ཕྱི་སྲིད་བརྒྱུད་ནས། རྒྱ་གར་ཤེས་རིག་བློན་ཆེན་ལྕག་ལཱ་ལ་སྩལ་ཏེ། དམིགས་བཀར་གྱིས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ཟུར་འཛུགས་ཐོག་དེའི་དྲུང་ཆེར་ཌོག་ཊར་ཝིཀ་རམ་སིངྒ་(Dr. Vikram Singh)བསྐོ་སྩལ་དང༌། ལྡི་ལིར་ལས་ཁུངས་གསར་འཛུགས་མཛད། འཛིན་ཚོགས་ཀྱི་ཚོགས་གཙོ་ནི་རྒྱ་གར་ཤེས་རིག་བློན་ཆེན་དང༌། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་འཐུས་མི་གཅིག དཔལ་འབྱོར་ལས་ཁུངས་ཀྱི་འཐུས་མི་གཅིག དེ་མིན་ཁག་བཅས་ཡོད་པ་དང༌། ྋགོང་ས་མཆོག་གི་སྐུ་ཚབ་བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀའ་བློན། སློབ་སྤྱི་བོད་རིགས་ཁག་གཉིས། ལྡི་ལི་དོན་གཅོད་སོགས་ཡོད་ཅིང༌། ཕྱི་ལོ་༡༩༦༡ ཟླ་༩ ཚེས་༡ ནས་ཐོག་མར་མ་སུ་རི་རྩིས་བཞེས་ཀྱིས་སློབ་ཕྲུག་གི་ཟས་གོས་གནས་མལ་ནར་གཏོང་དང༌། ཡིག་ཆས། སློབ་དེབ་སོགས་དང༌། སློབ་གྲྭའི་དབུ་འཛིན། དགེ་ཆེ། དགེ་ལས་བཅས་པའི་གསོལ་ཕོགས་ཆ་ཚང་ནར་གཏོང་གནང༌། སློབ་སྤྱི་ཕྲེང་རིང་ཡོད་མུས་ཐོག་རྒྱ་གར་དགེ་ཆེ། ལྷོ་ཕྱོགས་པ་ཨེས་ཝི་ས་ཏྱ་ན་ར་ཡན་(S.V.Satya Narayan)ཞུ་བ་སྐུ་ཡོན་ཆེ་ཞིང༌། དྲང་བདེན་གྱི་ཕྱག་ལས་གནང་མཁན་ཞིག་ཡོད་པ་དང༌། རྒྱ་གར་རྒྱལ་རབས་དགེ་རྒན་སྐུ་ཞབས་ཨེཆ། སི། ཏིར་པ་ཊི།(C.Tripathi) ཧིན་དི་སློབ་མཁན་སྐུ་ཞབས་ཨེམ་ཨེལ་ཤར་མ།(M.L.Sharma) ཨིན་དགེ་སྐུ་ཞབས་ཨེན་སི་ཏྲི་པ་ཊི་(N.C.Tripathi)ལ་སོགས་དང༌། ལས་ཁུངས་ནང་རྩིས་པ་དང་གཉེར་པ། ལས་དྲུང་བཅས་ཡོད། ཆོས་དགེ་ཉི་ལྕང་སྤྲུལ་སྐུ་དང༌། དེ་མིན་རྒྱ་བོད་སློབ་དགེ་༨ ཙམ་ཡོད། ཕ་ཚབ་མ་ཚབ། ལྷམ་བཟོ། ཚེམ་བཟོ། སྨན་ཞབས་མ། སྨན་གཉེར། གད་པ་བཅས་ཆ་ཚང་བསྐོ་སྩལ་གནང་ཞིང༌། ཕྱི་ལོ་༡༩༦༢ ནང་སློབ་ཕྲུག་བུའི་ཁང་ཚན་གསུམ་དང༌། བུ་མོའི་ཁང་ཚན་གཉིས་ལ་ཆ་བགོས་གནང༌།

སློབ་ཕྲུག་ཚོའི་ནང་ནས་ཤེས་རིག་བཀྲ་བ་ཁག་ཐུགས་རེ་ཆེན་པོས་ཕྱི་རྒྱལ་སློབ་ཁག་ལ་གཏོང་གནང་མཛད་པ་མང་པོ་ཡོད། ལོ་ན་དང་ཤེས་ཡོན་ཡ་བྲལ་འགྲོ་བའི་རིགས་རྣམས་ལག་ཤེས་ཁག་ལ་གཏོང་གནང་མཛད།

ཕྱི་ལོ་༡༩༦༩ ལོར་འཛིན་རིམ་བཅུ་གཅིག་ཐོག་མར་སློབ་མཐར་ཕྱིན་པའི་སློབ་ཕྲུག་༧ ཐོན་ཁོངས་ནས་ཨང་སྡེ་དང་པོ་ལོན་པ་༡ དེ་འཕྲོས་ཨང་སྡེ་གཉིས་པ་ཤ་སྟག་ཡིན། རྒྱུགས་མ་འཕྲོད་པ་མེད། དེ་ནས་བཟུང་ལོ་རེར་སློབ་ཕྲུག་ལེགས་ཐོན་ཟིན་པའི་གྲངས་འབོར་འདི་ལོ་བར་ཁྱོན་བསྡོམས་གྲངས་༡༦༣༦ ཙམ་ནས་སྔ་རྗེས་སུ་རང་གཞུང་ཆེས་མཐོའི་བཀའ་བློན་དང༌། དྲུང་ཆེ། སྤྱི་འཐུས། གཞུང་ཞབས་དང་ཚོགས་སྡེའི་འགོ་ལས་སོགས་ལས་བྱེད་པ་ཆེ་ཕྲ། སློབ་གྲྭ་ཁག་གི་སློབ་སྤྱི་དང༌། དགེ་རྒན། དང་སློབ་ལས་སྣེ། སྨན་པ། སྨན་ཞབས་མ། ལག་ཤེས་པ་སོགས་ད་ཕན་རང་གཞུང་ལ་ཞབས་ཞུ་རྔོ་ཐོགས་པ་སློབ་གྲྭ་འདི་ནས་ཤེས་འཇོན་ལྷག་བསམ་ཅན་གྱི་མི་སྣ་གང་མང་བསྐྲུན་ཡོད་པ་ནི་གཙོ་བོ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཞིང༌། ཡང་སྒོས་རྒྱ་གར་གཞུང་ཕྱོགས་ནས་རོགས་རམ་རྒྱ་ཆེར་གནང་བ་དང༌། ལས་སྣེ་ཆེ་ཕྲ་གང་སར་བཞུགས་པའི་རྒྱ་བོད་འགོ་ལས་རྣམས་ཀྱི་ལྷག་བསམ་ཧུར་བསྐྱེད་ཞུས་པའི་འབྲས་བུ་ཡིན།

དེང་སྐབས་མ་སུ་རི་སློབ་གྲྭ་འདི་ནི་རྒྱ་གར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱི་ངོས་ལེན་ཡོད་པའི་གཞི་རིམ་གོང་མའི་སློབ་གྲྭ་ཞིག་ཡིན་ལ། དབུས་བོད་སློབ་འཛིན་ཚོགས་ནས་དམིགས་བསལ་ཐུགས་སྣང་ཆེན་པོས་སློབ་གྲྭ་དེར་དགེ་རྒན་འོས་སྦྱོང་གི་བསྟི་གནས་ཤིག་ཀྱང་གསར་འཛུགས་བྱས་ཡོད། འཛིན་རིམ་བཅུ་པ་ཐོན་རྗེས་ཚན་རིག་དང༌། སྒྱུ་རྩལ། ཚོང་རིག་བཅས་ཆེད་ལས་སྡེ་ཚན་གསུམ་པོར་སློབ་ཞུགས་ཀྱི་ཆ་རྐྱེན་ཚད་ལྡན་བསྐྲུན་ཡོད།

ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་སློབ་ཕྲུག་གྲངས་༧༣༥ ཡོད་པའི་ནང་བོད་རིགས་སློབ་ཕྲུག་༥༤༣ དང༌། བོད་རིགས་མ་ཡིན་པ་༡༩༢ ཡོད་ལ། གཏན་སྡོད་སློབ་ཕྲུག་༥༣༢ དང་ཉིན་སློབ་༢༡༣ དགེ་རྒན་༤༨ དང་གཞོགས་འདེགས་ལས་བྱེད་༡༩ བཅས་ཡོད།

༢།   མཐུན་རྐྱེན་འཛུགས་སྐྲུན།

མ་སུ་རི་གཏན་སློབ་ནི་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་གཏན་འཇགས་སློབ་གྲྭ་ཐོག་མ་ཡིན་ལ་སློབ་གྲྭ་ཆེ་ཤོས་དེ་ཡང་ཡིན། སློབ་གྲྭ་འདི་བཞིན་ཐོག་མར་ཀིལ་དྷ་རི་(Kildare)ཞེས་པའི་ཁང་པ་རྙིང་པ་དེར་འགོ་འཛུགས་གནང་ཞིང༌། དེར་ཡིག་ཚང་དང་སློབ་སྤྱིའི་ལས་ཤག འཛིན་ཁང་ཁ་ཤས་བཅས་ཡོད། སློབ་གྲྭའི་ཁོར་ཡུག་ནས་རྒྱང་ཐག་མི་རིང་བའི་མཚམས་སུ་བྷ་རི་སི་ཐན་(Baharistan)ཞེས་པའི་ཁང་པ་ཞིག་ཡོད་པ་དེར་སློབ་ཕྲུག་ཕོ་མོ་༡༠༠ ཡས་མས་བསྡད་ཡོད་པ་དེ་ནི་སློབ་གྲྭའི་ཡན་ལག་ཅིག་ཡིན། དེའི་སྐབས་བོད་ཁྱིམ་གྱི་སློབ་ཕྲུག་རྣམས་ཉིན་སློབ་ཀྱི་ངོ་བོར་སློབ་སྦྱོང་གནང་གི་ཡོད། ཕྱིས་སུ་གཤམ་གསལ་ཁང་པ་རྣམས་སློབ་གྲྭའི་བདག་དབང་དུ་བསྒྱུར་ཡོད།

༡     ཨེ་རོན་ས་ཁང༌།(Arron House Estate)

ས་ཁང་འདིར་ཨེ་ཀར་༡༠ ཙམ་གྱི་ས་ཁྱོན་ཡོད་ཅིང༌། ཐོག་མར་ཕྱི་ལོ་༡༩༦༡ ཟླ་༡༢ ཚེས་༢༠ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་གཟིགས་ཀྱིས་གསོལ་རས་སྩལ། ཐོག་མར་སློབ་གྲྭ་འགོ་ཚུགས་ས་འདི་ཡིན། ཕྱིས་སུ་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་སྤྲོད་ཀྱིས་ས་ཁང་དེ་སློབ་ཕྲུག་བུའི་ཉལ་ཁང་དང༌། གསོལ་ཐབ་ཁང༌། གསོལ་ཚིགས་ཁང་བཅས་སུ་བསྒྱུར་བཅོས་བཏང༌། སློབ་གྲྭའི་ཡིག་ཚང་དང༌། སྦྱོང་བརྡར་ཐོག་ཁང་དང་འཛིན་ཁང་བྱིངས་བཅས་ཁང་ཁུངས་འདིའི་ས་ཆར་གསར་རྒྱག་གནང་ཡོད།

༢     ཧར་ནི་ཧིལ་ས་ཁང༌།(Herne Hill Estate)

ས་ཁང་འདིར་ས་ཁྱོན་ཨེ་ཀར་༧་༥ ཙམ་ཡོད། ཐོག་མར་ཕྱི་ལོ་༡༩༦༠ ཟླ་༡༡ ཚེས་༡༦ ཉིན་ཧར་ནེ་ཧིལ་ས་ཁང་བདག་ཐོབ་ལ་ཧིན་སྒོར་༢༠༠༠༠ གནང་ནས་ྋགོང་ས་མཆོག་གིས་གསར་གཟིགས་ཀྱིས་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་འབུལ་ཞུས། ཕྱིས་སུ་བུ་མོའི་ཉལ་ཁང་དུ་བསྒྱུར།

༣     ཧར་ནི་ཀི་ལིབ་བམ་སེ་ཐི་སིའི་ས་ཁང༌།

ས་ཁང་འདིར་ས་ཁྱོན་ཨེ་ཀར་༢་༡༧ ཡོད་ཅིང༌། བོད་མིའི་སློབ་གྲྭའི་ཚོགས་སྡེ་(Tibetan Schools Society)ཞེས་པའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཕྱི་མོ་དེས་ཕྱི་ལོ་༡༩༦༤ ཟླ་༧ ཚེས་༡༨ ཉིན་སྐུ་ཞབས་སེ་ཐི་(Mr.M.K.Sethi)ཞེས་པའི་ལག་ནས་སྤུས་གཟིགས་ཞུས། ཕྱིས་སུ་ཁང་ཁུངས་འདི་སྨན་ཁང་དང་ནད་གསོ། ལས་ཤག་བཅས་སུ་བསྒྱུར།

༤     ཀིལ་དྷ་རི་ས་ཁང།(Kildare Building Estate)

ས་ཁང་འདིར་ཨེ་ཀར་༡་༢༥ ཙམ་གྱི་ས་ཁྱོན་ཡོད་ཅིང༌། ཐོག་མར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསར་གཟིགས་ཀྱིས་གསོལ་རས་སྩལ། སློབ་གྲྭ་ཐོག་མར་འགོ་ཚུགས་ས་འདི་ཡིན། ཕྱིས་སུ་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་སྤྲོད་ཀྱིས་ཁང་ཁུངས་དེ་སྨན་ཁང་དང༌། ཡིག་ཚང་བྱས་ཡོད་ལ། དེ་རྗེས་ལས་བྱེད་བཞུགས་ཤག་གསར་རྒྱག་སྐབས་བཤིག་ཡོད།

༥     ཧར་ནི་ལི་ས་ཁང།(Herne Lee Estate)

ས་ཁང་འདིར་ས་ཁྱོན་ཨེར་ཀ་༥ ཙམ་ཡོད་ཅིང༌། ལོ་རབས་༧༠ ནང་རྙིང་ཧྲུལ་དུ་གྱུར་པར་བརྟེན་ཁང་ཁུངས་གཙོ་བོ་དེ་གཏོར་བཤིག་བཏང་ཡོད། འཕྲོས་ཀྱི་ཁང་ཁུངས་རྣམས་ལས་བྱེད་བཞུགས་ཤག་ཏུ་བེད་སྤྱོད་གཏོང་མུས་ཡིན།

༦     བེན་མོར་ཁང་པ་(Benmore)དེ་ཕྱིས་སུ་མ་སུ་རི་བོད་ཁྱིམ་ནས་གཏན་སློབ་ཀྱི་བུ་མོའི་ཉལ་ཁང་འདང་མིན་གྱིས་གཡར་ཡོད་པ་ད་ཆ་ཕྱིར་སློག་གནང་ཡོད།

༧      གཞན་ཡང་ལས་ཤག་ཁང་མིག་གྲངས་༡༠ ཡོད།

༨     ཉེ་ཆར་རང་ཧར་ནི་ཀི་ལིབ་བམ་སེ་ཐི་སི་ཁང་པ་བཤིག་སྟེ་ལས་ཤག་༨ གསར་སྐྲུན་གནང༌།

༩     ཕྱི་ལོ་༡༩༨༤ ཡས་མས་སྐབས་སུ་སློབ་ཕྲུག་ཚོས་སློབ་ཞོར་དུ་སློབ་གྲྭའི་ཉེ་འགྲམ་རི་འབུར་བརྐོས་སྙོམས་ཀྱིས་རིམ་པས་རྐང་སྤོལ་རྩེད་ཐང་བཟོས།

༡༠     ཕྱི་ལོ་༢༠༠༧ ལོར་སྒོར་འབུམ་༨ ལྷག་གི་འགྲོ་གྲོན་བཏང་སྟེ་སློབ་གྲྭའི་རྩེད་ཐང་ལེགས་བཅོས་གནང༌།

༡༡     ཕྱི་ལོ་༢༠༠༨ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་སྒོར་འབུམ་༥༠ ཡས་མས་ཀྱི་འགྲོ་གྲོན་བཏང་བའི་ལས་ཤག་༨ དང་ལས་ཤག་གསར་པའི་འགྲོ་ལམ་ལེགས་བཅོས་ཀྱི་ལས་གཞི་ལེགས་གྲུབ་བྱུང༌།

༡༢     སློབ་གྲྭ་འདིའི་ཉལ་ཁང་རྙིང་པ་ཁག་ཅིག་དུས་ཡུན་རིང་པོ་སོང་གཤིས་བསྐྱར་གསོ་དགོས་ངེས་སོང༌། བུའི་ཉལ་ཁང་གསར་སྐྲུན་ཆེད་བོད་སློབ་འཛིན་སྐྱོང་ཚོགས་པས་ཕྱི་ལོ་༢༠༠༧།༠༨ ཀྱི་སྔོན་རྩིས་ནང་སྒོར་འབུམ་༤༠༠ ལྷག་བཀའ་འཁྲོལ་གྱིས་ལས་གཞི་འགོ་འཛུགས་གནང་མུས་ཡིན་ཞིང༌། བུ་མོའི་ཉལ་ཁང་གསར་སྐྲུན་ཆེད་མ་སུ་རི་བོད་ཁྱིམ་ནས་འཛུགས་སྐྲུན་གྱི་ཨར་པོའི་ལས་གཞི་འགྲོ་མུས་ཡིན།

གཞན་ཡང་སློབ་ཁང་དང་ལས་ཤག་ཞིག་གསོ་དང་བཟོ་བཅོས། བདག་གཅེས་སོགས་ཀྱི་བྱེད་སྒོ་ཁག་ལོ་ལྟར་གནང་དང་གནང་མུས་ཡིན།

སློབ་གྲྭའི་ནང་སློབ་ཕྲུག་ཚང་མར་སློབ་དེབ་དང་ཡིག་ཆས་སོགས་ཤེས་ཡོན་དང་འབྲེལ་བའི་མཐུན་རྐྱེན་རྣམས་རིན་མེད་སྤྲོད་བཞིན་ཡོད་པ་མ་ཟད། སྨན་པ་བསྟེན་གཏུགས་དང་སྨན་རིན། ནད་པ་གཟིགས་སྐྱོང་བཅས་ཀྱང་རིན་མེད་ཐོག་གནང་བཞིན་ཡོད་ལ། དེའི་ཆེད་སློབ་གྲྭའི་ནང་ཆ་རྐྱེན་ཚང་བའི་སྨན་ཞབས་ཁང་ཞིག་ཡོད་པའི་ནང་སྨན་ཞབས་ལས་བྱེད་༢ བསྐོ་འཛུགས་བྱས་ཡོད། ཤེས་ཡོན་གྱི་གྲུབ་འབྲས་ལེགས་ཐོན་ཡོང་སླད་ཉེ་བའི་ལོ་ཤས་ནང་དབུས་བོད་སློབ་འཛིན་ཚོགས་ཀྱིས་སྐད་ཡིག་ཚོད་ལྟ་ཁང་དང༌། དམའ་རིམ་ཚན་རིག་ཚོད་ལྟ་ཁང༌། རྩིས་རིག་ཚོད་ལྟ་ཁང༌། སྤྱི་ཚོགས་ཚན་རིག་ཚོད་ལྟ་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། ཤེས་ཡོན་མཐུན་རྐྱེན་ཚོད་ལྟ་ཁང་སོགས་ཚོད་ལྟ་ཁང་དང་སྦྱོང་བརྡར་ཁང་མང་དག་ཅིག་གསར་འཛུགས་གནང་ཡོད། མཐུན་རྐྱེན་གང་ལེགས་འཛོམས་པའི་དཔེ་མཛོད་ཁང་ཞིག་ཡོད་པ་དེའི་ནང་དབྱིན་བོད་ཧིན་གསུམ་གྱི་དེབ་རིགས་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། སློབ་ཕྲུག་ཉལ་ཁང་ནང་དེབ་ཀློག་གི་མཐུན་རྐྱེན་བསྐྲུན་ཡོད། སློབ་གྲྭ་འདིར་རྐང་རྩེད་སྤོ་ལོའི་རྩེད་ཐང་ཞིག་དང༌། སིལ་སྤོལ་རྩེད་ཐང་ཁ་སྤྲོད་༡ ཀིར་ཀེ་ཊི་དང་ཝོ་ལི་སྤོལ་རྩེད་ཐང་མཐུན་རྐྱེན་བཅས་ཡོད།

༣།   སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

སློབ་གྲྭ་འདིའི་སློབ་སྤྱི་ཐོག་མ་སྐུ་ཞབས་ཕྲེང་རིང་སྲས་འཇིགས་མེད་ཡིན་ཞིང༌། ཕྱི་ལོ་༡༩༨༤ ལོར་སློབ་མའི་གྲངས་འབོར་འཕར་ཆ་ཆེན་པོ་བྱུང་སྟེ་༩༩༣ ལོངས་པ་དང༌། དགེ་རྒན་གྲངས་༣༧ ཡོད། སྐབས་དེའི་ཉིན་སློབ་སློབ་མ་མང་ཆེ་བ་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་རྣམས་ཡིན།

མ་སུ་རི་གཏན་སློབ་ཀྱི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། མ་སུ་རི་གཏན་སློབ་ཏུ་སློབ་ཕྲུག་བུ་༤༢༢ དང་བུ་མོ་༣༡༩ བཅས་༧༤༡ ཡོད་པའི་ནང་བོད་པའི་ཕྲུ་གུ་༥༤༩ ཡོད་པ་དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༡༩༢  གཏན་སྡོད་སློབ་ཕྲུག་༥༢༤ དང་ཉིན་སློབ་ཕྲུ་གུ་༢༡༧ བཅས་བྱུང་ཡོད།

ཕྱི་ལོ་༢༠༠༨ ཟླ་༣ པར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་སྐབས། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭའི་ཁྲོད་མ་སུ་རི་གཏན་སློབ་ཀྱི་སློབ་ཕྲུག་བསྟན་འཛིན་འཕྲིན་ལས་དང༌། སློབ་ཕྲུག་ངག་དབང་རྡོ་རྗེ། སློབ་ཕྲུག་ཀུན་དགའ་ཆོས་ལྡན་དང་མོ་སི་ན་བཅས་ནས་རིམ་པ་བཞིན་ཚན་རིག་དང༌། ཚོང་རིག སྒྱུ་རྩལ་བཅས་ཀྱི་ཡིག་རྒྱུགས་འབྲས་རྩེ་ཕུད་ལྔའི་ཁོངས་སུ་ཚུད་ཡོད།

སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

 
བྱ་ར། ༡༠པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༤༢ ༥༤་༧༦ ༧༠ ༨༠་༠༠
ཕྱི་ལོ་༡༩༩༩ ༤༥ ༩༡་༡༡ ༤༠ ༨༠་༠༠
ཕྱི་ལོ་༢༠༠༠ ༧༦ ༧༦་༣༡ ༤༨ ༨༥་༤༡
ཕྱི་ལོ་༢༠༠༡ ༧༨ ༦༦་༦༧ ༡༢༥ ༨༢་༨༠
ཕྱི་ལོ་༢༠༠༢ ༥༥ ༥༦་༣༦ ༨༧ ༧༢་༤༡
ཕྱི་ལོ་༢༠༠༣ ༣༩ ༤༧་༢༢ ༡༡༢ ༧༢་༣༢
ཕྱི་ལོ་༢༠༠༤ ༦༣ ༦༡་༩༠ ༡༣༣ ༧༥་༩༤
ཕྱི་ལོ་༢༠༠༥ ༣༢ ༤༠་༦༣ ༨༥ ༩༡་༧༦
ཕྱི་ལོ་༢༠༠༦ ༦༩ ༧༡་༠༡ ༨༥ ༨༧་༠༦
ཕྱི་ལོ་༢༠༠༧ ༦༤ ༨༡་༢༥ ༩༦ ༨༢་༢༩
ཕྱི་ལོ་༢༠༠༨ ༨༧ ༩༦་༥༥ ༡༤༢ ༩༤་༣༧
ཕྱི་ལོ་༢༠༠༩ ༧༧ ༩༤་༨༡ ༡༢༣ ༩༠་༢༤

སློབ་གྲྭ་འདི་༡༩༦༠ ལོར་ཐོག་མར་བཙུགས་པ་ནས་ད་བར་སློབ་ཕྲུག་འཛུལ་ཞུགས་གནང་མཁན་གྲངས་༧༡༢༢ ཙམ་བྱུང་ཡོད་ཅིང༌། ཕྱི་ལོ་༢༠༠༨ བར་འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཁྱོན་བསྡོམས་༢༦༨༩ བྱུང་ཡོད། འདི་ནས་མཐར་ཕྱིན་པའི་སློབ་ཕྲུག་ཕལ་ཆེ་བ་མཐོ་སློབ་དང་ལས་རིགས་སྡེ་ཁག་ནང་ཞུགས་ཏེ། བཙན་བྱོལ་བོད་མིའི་ཕྱི་ནང་སྒྲིག་འཛུགས་ཁྲོད་རྐང་འགན་བཞེས་མཁན་མང་དག་ཅིག་བྱུང་ཡོད། དེ་དག་ལས་ཁག་ཅིག་དཔེར་མཚོན་དུ་བཀོད་ན། ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་མདོ་སྔགས་བསྟན་འཛིན། ཆེས་མཐོའི་ཁྲིམས་ཞིབ་ཆེ་བ་ཟུར་པ་རྣམ་རྒྱལ་ཚེ་རིང༌། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ། ཕྱི་འབྲེལ་བཀའ་བློན་བསྟན་པ་ཚེ་རིང༌། བཀའ་ཟུར་བཀྲ་ཤིས་དབང་འདུས། བཀའ་ཟུར་ཟླ་བ་ཚེ་རིང༌། སྐུ་སྒེར་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ། ཨོ་སི་ཏྲེ་ལི་ཡའི་དོན་གཅོད་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས། འཕྲོད་བསྟེན་དྲུང་ཟུར་བསྟན་པ་བསམ་མཁར་སོགས་ལྟ་བུའོ།།

༤།   ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

སློབ་གྲྭ་འདིའི་གཞི་རིམ་འོག་མའི་ནང་བོད་ཡིག་དང༌། ཨིན་ཇི། ཚན་རིག རྩིས་རིག སྤྱི་ཚོགས་ཚན་རིག ལུས་སྦྱོང་དང་རྩེད་མོ། ཟློས་གར། ཉེར་མཁོའི་བཟོ་རིག་བཅས་སློབ་ཁྲིད་བྱེད་པ་དང༌། ཕྱི་ལོ་༡༩༩༤ ནས་འགོ་བཙུགས་ཏེ་སློབ་ཚན་ཡོད་ཚད་བོད་ཡིག་ཐོག་སློབ་ཁྲིད་ལག་ལེན་བསྟར་བས། གཞི་རིམ་ནང་ཚན་རིག་དང་རྩིས་རིག་སོགས་ལ་སློབ་མའི་གོ་རྟོགས་ཡར་རྒྱས་མངོན་གསལ་བྱུང༌། གཞི་རིམ་བར་མ་དང་གོང་མའི་སྐབས་གཙོ་བོ་རྒྱལ་ཡོངས་ཤེས་ཡོན་གྱི་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT)ནས་གཏན་འབེབས་གནང་བའི་སློབ་དེབ་ཁག་གི་ཐོག གཞི་རིམ་བར་མར་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་གནང་བའི་བོད་ཀྱི་སྐད་ཡིག་དང༌། རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས་སློབ་དེབ་བཀོལ་སྤྱོད་བྱེད་མུས་དང༌། གཞི་རིམ་གོང་མའི་བོད་ཡིག་སློབ་དེབ་ནི། ཕྱི་ལོ་༢༠༠༨ བར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་གཏན་འབེབས་གནང་བའི་སློབ་དེབ་ལག་བསྟར་གནང་མུས་ཡིན། དེ་ཡང་གཞི་རིམ་གོང་མ་འཛིན་གྲྭ་བཅུ་པ་ནས་བཟུང་སློབ་མ་ཚོས་རང་རང་གི་ཆེད་ལས་སྡེ་ཚན་འདེམས་སྒྲུག་གིས་སློབ་ཕྲུག་ཁག་ཅིག་དམའ་རིམ་ལས་རིག་སྦྱོང་བརྡར་ཁོངས་ཞུགས་པ་དང༌། སློབ་ཕྲུག་བྱིངས་འཛིན་རིམ་བཅུ་གཉིས་ཐོན་རྗེས་སྐབས་དེའི་ཆེད་ལས་སྦྱངས་འབྲས་ལ་གཞིགས་པའི་མཐོ་སློབ་ནང་ལས་རིགས་སྦྱོང་བརྡར་ཁོངས་འཛུལ་ཞུགས་བྱེད་ཀྱི་ཡོད།

དངོས་གཞི་སློབ་ཁྲིད་ཀྱི་ལས་རིམ་རིགས་ཕུད། སློབ་གྲྭའི་ནང་ད་དུང་རིག་གཞུང་དང་ནུས་རྩལ་བསྐྱེད་བསྲིང་དང་འབྲེལ་བའི་བྱེད་སྒོ་དང་ལས་རིམ་མང་པོ་ཞིག་གོ་སྒྲིག་གནང་ཡོད་པ་དཔེར་ན།

བོད་ཀྱི་སྐད་ཡིག་གིས་གཙོས་པའི་མི་རིགས་ཀྱི་ངོས་འཛིན་དང་རིག་གཞུང་གི་ལྟ་སྤྱོད་དང་གོམས་གཤིས་རྒྱུན་འཛིན་སླད། སློབ་གྲྭའི་ནང་བོད་ཀྱི་ཟློས་གར་དགེ་རྒན་ཆེད་བསྐོས་ཀྱིས་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་དང༌། གླུ་གཞས་དང་རོལ་དབྱངས། ཞབས་བྲོ་འགྲན་བསྡུར། འགྲེམས་སྟོན། བགྲོ་གླེང༌། སྤྱི་ཚོགས་ཀྱི་བྱེད་སྒོར་མཉམ་ཞུགས་སོགས་ཀྱི་བྱེད་ཐབས་སྤྱད་ཡོད། བོད་ཀྱི་སྲོལ་རྒྱུན་དུས་ཆེན་ཁག་ལ་ཆོས་ལུགས་ཀྱི་བྱེད་སྒོ་དང་ཞལ་འདོན། དཔེ་ཀློག གཟུངས་སྔགས་གསོག་སྒྲུབ། མཆོད་འབུལ་སོགས་བྱེད། སློབ་གྲྭའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་དོན་གལ་ཆེན་ལ་དམིགས་བསལ་ཐུགས་འགན་བཞེས་སླད་དབུས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཚང་མར་རེག་ཊར་(Rector)ཞེས་པའི་བོད་རིགས་སློབ་སྤྱི་རེ་བོད་གཞུང་ཤེས་རིག་ལས་ཁུངས་ནས་མཚན་འདོན་གྱིས་བསྐོ་བཞག་གནང་ཡོད།

ཡ་རབས་བཟང་སྤྱོད་སྐོར་གྱི་སློབ་གསོ་ནི་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་གལ་ཆེན་ཞིག་ཡིན་སྟབས། སློབ་གྲྭའི་དགེ་ལས་ཚང་མས་རང་ཉིད་མིག་དཔེ་བཟུང་ནས་སློབ་མ་ཚོར་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་སྐབས་བསྟུན་བསྐྱོན་པ་དང༌། སྔ་དགོང་ཞལ་འདོན་དང་ནང་ཆོས་འཛིན་གྲྭ་སོགས་སུ་ཆོས་དགེ་ནས་ནང་ཆོས་ངོ་སྤྲོད་དང་སྦྲགས་ཡ་རབས་སྤྱོད་བཟང་སྐོར་སློབ་སྟོན་གནང་མུས་ཡིན།

ཁོར་ཡུག་སྲུང་སྐྱོབ་དང་འབྱུང་ཁམས་དོ་མཉམ་འབྱུང་ཐབས་སྐོར་གྱི་གོ་རྟོགས་དང་ལས་འགུལ་རིམ་པར་སྤེལ་བ་བརྒྱུད། སློབ་མ་ཚོའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ངོས་འཛིན་དང་གོ་རྟོགས་གོང་མཐོར་གཏོང་ཞིང༌། སློབ་སྟོན་གྱི་ནུས་པ་ཡར་རྒྱས་གཏོང་ཆེད་སློབ་གྲྭའི་ནང་སྐྱེད་མོས་ཚལ་ཞིག་ཡོད་པ་སློབ་ཕྲུག་ཚོས་བདག་གཉེར་བྱེད་ཀྱི་ཡོད། སྤྱི་ཚོགས་ཁྲོད་ཁོར་ཡུག་ཆེད་ལས་པ་གདན་ཞུས་ཀྱིས་གསུང་བཤད་དང༌། སློབ་ཕྲུག་ནང་ཁུལ་བགྲོ་གླེང་དང་འགྲན་བསྡུར་གོ་སྒྲིག ཕྱི་བསྐྱོད་ལྟ་བསྐོར། སྤྱི་ཚོགས་དང་བླངས་ཞབས་ཞུ་སོགས་ཀྱི་ལས་འགུལ་བརྒྱུད་སློབ་ཕྲུག་ཚོར་ཁོར་ཡུག་གཅེས་སྐྱོང་བྱ་བའི་གོམས་གཤིས་བསྐྱེད་བསྲིང་བྱེད་བཞིན་ཡོད།

བཅའ་སྡོད་སློབ་མ་རྣམས་ལ་ཉིན་ལྟར་ཉལ་ཁང་ནང་སློབ་སྦྱོང་དང་ལས་འགུལ་སྣ་ཚོགས་གོ་སྒྲིག་བྱེད་པ་དཔེར་ན། ཞོགས་པའི་ཆུ་ཚོད་༥་༣༠ ནས་དགོང་དྲོའི་ཆུ་ཚོད་༩་༣༠ བར་དབྱར་དགུན་ལས་རིམ་མི་འདྲ་བ་ཁག་གཉིས་བཀོད་སྒྲིག་བྱས་ཡོད། ལས་རིམ་འདི་དག་ལ་གཙོ་བོ་ཆོས་དགེ་དང༌། ཕ་ཚབ་མ་ཚབ་ཐོག་ཉལ་ཁང་འགན་བདག་གིས་གཞོགས་འདེགས་བྱེད། ལས་རིམ་གྱི་ནང་དོན་གཙོ་བོ་ནི། ཞོགས་པར་ཁ་ལག་བཀྲུ་བ་དང་དེ་རྗེས་ལུས་སྦྱོང༌། སྔ་དགོང་ཞལ་འདོན། སློབ་གྲྭ་དང་ཉལ་ཁང་གཙང་སྦྲ། སྔ་དགོང་རང་སྦྱོང༌། གླུ་གར་དང་རོལ་དབྱངས། རོལ་དབྱངས་ཚོགས་པའི་སྦྱོང་བརྡར། རྩེད་མོ་དང་ལུས་རྩལ། རིག་གཞུང་གསུང་བཤད་དང་ནང་ཆོས་ངོ་སྤྲོད། ཀམ་པུ་ཊར་སྦྱོང་བརྡར། ནང་ཁུལ་ཕན་ཚུན་རིག་གཞུང་དང་གཙང་སྦྲ་འགྲན་བསྡུར་སོགས་ཡོད།

སློབ་གྲྭ་འདི་ནས་མཐར་ཕྱིན་པའི་སློབ་མ་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བྱས་རྗེས་རླབས་ཆེན་བཞག་ཡོད་པ་གོང་དུ་མདོ་ཙམ་བཀོད་ཡོད། ཉེ་བའི་ལོ་ཤས་ལྟ་བུར་མཚོན་ན། ཕྱི་ལོ་༢༠༠༠ ལོར་སློབ་མཐར་ཕྱིན་པའི་སྐུ་ཞབས་ཐུབ་བསྟན་ཉི་མ་ལགས་སུ་ཁོང་གིས་བརྩམས་པའི་སྙན་ངག་བྱབྱན་གཞོན་པའི་བོད་བྱབྱཅེས་པར་འཛམ་གླིང་ལས་ཞོར་སྙན་ངག་པ་རྩེ་ཕུད་ཀྱི་གཟེངས་རྟགས་དང་ཨ་སྒོར་ཉིས་ཁྲིའི་བྱ་དགའ་ཐོབ།

སློབ་གསོའི་ལས་དོན་ཁྲོད་གལ་འགངས་ཆེ་ཤོས་དེ་དགེ་རྒན་ཡིན་སྟབས། ཐོག་མའི་ཆར་སྤྱི་ཚོགས་ཁྲོད་དགེ་རྒན་འོས་སྦྱོང་ཚད་ལྡན་ཐོན་མཁན་ཧ་ཅང་དཀོན་ནའང༌། དེང་སྐབས་སློབ་གྲྭ་འདིའི་དགེ་རྒན་ཚང་མ་དགེ་རྒན་འོས་སྦྱོང་ཐོན་པ་ཤ་སྟག་ཡིན་པའི་ཐོག སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་དགེ་རྒན་གྱི་སྤུས་ཚད་རྒྱུན་བསྟུད་ངང་གོང་མཐོར་གཏོང་སླད། དབུས་བོད་སློབ་འཛིན་ཚོགས་ཀྱིས་གཞི་རིམ་གོང་འོག་བར་གསུམ་གྱི་ཟབ་སྦྱོང་དང་ཚོགས་འདུ། བགྲོ་གླེང་སོགས་ཀྱི་བྱེད་སྒོ་མང་པོ་ཞིག་གོ་སྒྲིག་གནང་ཡོད། ཟབ་སྦྱོང་སོགས་ཚོགས་ཡུལ་གྱི་མཐུན་རྐྱེན་ཡར་རྒྱས་བཏང་སྟེ་རིམ་གྱིས་མ་སུ་རི་གཏན་སློབ་འདིར་དེང་དུས་དང་མཐུན་པའི་དགེ་རྒན་ཟབ་སྦྱོང་གི་ཆ་རྐྱེན་འཐུས་ཚང་ལྡན་པའི་སྦྱོང་བརྡར་ལྟེ་གནས་གསར་འཛུགས་ཀྱིས་དགེ་རྒན་རྣམས་ལ་དུས་བསྟུན་སྦྱོང་བརྡར་སྤྲོད་པ་དང་ཆབས་ཅིག དགེ་རྒན་མིན་པའི་ལས་བྱེད་ཚོར་ཡང་ཆེད་ལས་དང་འབྲེལ་བའི་སྦྱོང་བརྡར་སྤྲོད་མུས། དབུས་བོད་སློབ་འཛིན་ཚོགས་ནས་ཕྱི་ལོ་༢༠༠༨ ནས་མ་སུ་རི་སློབ་གྲྭ་འདི་དཔེ་སྟོན་སློབ་གྲྭ་ཞིག་ཏུ་ངོས་འཛིན་གྱིས་ཤེས་ཡོན་གྱི་མཐུན་རྐྱེན་ལེགས་ཤོས་སྦྱོར་སྤྲོད་གནང་བཞིན་ཡོད།

དགེ་རྒན་གྱི་སྡེ་ཚན་འདྲ་མིན་ལ་སོ་སོའི་ལས་དོན་ཡར་རྒྱས་འབྱུང་ཆེད་ཆེད་ལས་སྦྱོང་བརྡར་རིམ་པར་སྦྱོར་སྤྲོད་ཀྱིས་སློབ་ཁྲིད་དང་གོ་རྟོགས་ནུས་རྩལ་གང་ཅིར་སྤྱི་ཡོངས་ནས་ཕན་ཐོགས་ཆེན་པོ་བྱུང༌། ལྷག་པར་ཕྱི་ལོ་༡༩༩༤ ནས་བཟུང་གཞི་རིམ་འཛིན་གྲྭ་ལྔ་པ་བར་བོད་ཡིག་ཐོག་སློབ་ཁྲིད་འགོ་འཛུགས་བྱས་པ་ནས་བཟུང༌། དབུས་བོད་སློབ་འཛིན་ཚོགས་དང་རང་གཞུང་ཤེས་རིག་ལས་ཁུངས་ནས་དགེ་རྒན་ཟབ་སྦྱོང་རིམ་པ་གོ་སྒྲིག་བྱས་པ་བརྒྱུད་དགེ་རྒན་གྱི་མ་སྐད་ཐོག་སློབ་ཁྲིད་བྱེད་པའི་ནུས་ཚད་ཡར་རྒྱས་བཏང་སྟེ། གཞི་རིམ་འོག་མའི་སློབ་ཁྲིད་ཀྱི་སྤུས་ཚད་སྤྱི་དང༌། ཁྱད་པར་བོད་ཀྱི་སྐད་ཡིག་གི་རྨང་གཞི་ཉམས་ཞན་དུ་འགྲོ་བཞིན་པའི་གནས་སྟངས་ལ་ཚོད་འཛིན་ནུས་ལྡན་ཐེབས་ཡོད། དེ་ལྟར་དགེ་རྒན་ཚོར་ཡུལ་དུས་གནས་བབ་དང་མཐུན་པའི་ཟབ་སྦྱོང་དང་སྦྱོང་བརྡར་གོ་སྒྲིག་བྱས་པ་བརྒྱུད་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐབས་བྱས་ཡོད།

༥།   གཞུང་འབྲེལ་འཚམས་གཟིགས།

བཙན་བྱོལ་ནང་བོད་མིའི་གཞུང་འཛུགས་སློབ་གྲྭ་ཐོག་མ་འདི་ཉིད་ནི། འདས་པའི་ལོ་ངོ་༥༠ རིང་ཚང་མས་ཐུགས་སྣང་ཆེ་ཤོས་བྱ་ཡུལ་གྱི་སློབ་གྲྭ་ཞིག་ཆགས་ཡོད། སློབ་གྲྭ་འདི་ཉིད་ཐོག་མར་ྋསྤྱིར་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་གནང་སྐབས་(ཕྱི་ལོ་༡༩༦༠།༣།༣)བཀའ་སློབ་ཕེབས་དོན།

“སྔ་ལོ་ལྷ་སར་དྲག་གནོན་མི་བཟད་དེ་ལྟ་བུ་བྱས་ཏེ། ད་ཆ་སྐུ་གོང་མས་ཞལ་གདམས་ཇི་གནང་གི་གནད་དོན་རྣམས་མངོན་སུམ་དུ་མྱོང་དགོས་པའི་གནས་ཚུལ་ཐབས་རྡུགས་འདི་འདྲ་ཞིག་བྱུང་བ་རེད།བྱབྱ ཅེས་དང༌། བྱབྱང་ཚོར་གནས་ཚུལ་ཐབས་རྡུགས་འདི་འདྲ་ཡོང་བ་ལ་རྒྱུ་རྐྱེན་མང་པོ་ཡོད་ཀྱང༌། རྒྱུ་རྐྱེན་གཙོ་ཆེ་ཤོས་གཅིག་ནི། བོད་རྒྱ་ཆེའི་མི་མང་སྨོས་ཅི། བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་བྱེད་མཁན་ཚོ་ལ་ཡང་དུས་བསྟུན་གྱི་ཤེས་ཡོན་འདང་བ་མེད་པ་དེ་ལ་ཐུག་ཡོད། འཛམ་གླིང་ནང་ཆབ་སྲིད་དང༌། དཔལ་འབྱོར། ཤེས་རིག་ལ་སོགས་པར་འགྱུར་བ་གང་འདྲ་ཞིག་འགྲོ་གི་ཡོད་པ་ང་ཚོས་ཤེས་མ་ཐུབ་པ་དང༌། འཛམ་གླིང་གི་འགྱུར་འགྲོས་དེ་ཚོ་དང་བསྟུན་ནས་ང་ཚོས་གོམ་པ་སྤོ་མ་ཐུབ་པར་བསྡད་པའི་དབང་གིས་ང་ཚོར་དཀའ་ངལ་འདི་དག་འཕྲད་པ་ཡིན། དེང་ཕྱིན་ཆད་ང་ཚོས་སྔར་བཞིན་ཕྱི་རྒྱལ་ལ་འབྲེལ་བ་མ་བྱས་པར་རང་ཉིད་གཅིག་པུར་སྡོད་ཐབས་གཏན་ནས་མེད་པས། ང་ཚོའི་ཁྱིམ་མཚེས་རྒྱ་གར་གྱི་སྐད་ཡིག་དང༌། འཛམ་གླིང་དུ་ཁྱབ་ཆེ་ཤོས་ཨིན་ཇིའི་སྐད་ཡིག འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་སྐོར། ཚན་རིག་ལ་སོགས་པའི་དེང་དུས་ཀྱི་ཤེས་བྱའི་རྣམ་གྲངས་གཙོ་ཆེ་བ་ཚང་མ་སློབ་སྦྱོང་བྱེད་དགོས་ཤིང༌། དེ་དང་ཆབས་ཅིག་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་ཡི་གེ་དང༌། ནང་ཆོས་གཙོ་བོར་གྱུར་པའི་རིག་གཞུང་གི་རྣམ་གྲངས་མང་དག་ཡོད་པ་རྣམས་ཀྱང་ངེས་པར་དུ་སློབ་སྦྱོང་བྱས་ཏེ། དོན་སྙིང་ང་ཚོའི་བོད་ཕྲུག་ན་གཞོན་མི་རབས་གསར་པ་འདི་དག་ཆོས་སྲིད་གཉིས་ལྡན་གྱི་ཤེས་ཡོན་ཅན་ཤ་སྟག་ཡོང་ཐབས་འབད་བརྩོན་བྱེད་དགོས།” ཞེས་སོགས་མ་འོངས་རྒྱང་གཟིགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཕྲལ་ཕུགས་ཤེས་ཡོན་ལམ་ཕྱོགས་མཛུབ་སྟོན་གནང་ཡོད།

གཞན་ཡང་འདས་པའི་ལོ་ངོ་ལྔ་བཅུའི་རིང་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འགན་འཛིན་རྣམ་པ་དང༌། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དབུས་པའི་བོད་མི་གནད་ཡོད་མང་པོ་ལོ་ལྟར་སློབ་གྲྭ་འདིར་འཚམས་གཟིགས་དང༌། རྟོག་ཞིབ། ཟབ་སྦྱོང༌། ཚོགས་འདུ། ལས་འགུལ། གཏམ་བཤད་སོགས་ལས་དོན་འདྲ་མིན་ཆེད་ཕེབས་ཏེ་སློབ་གྲྭའི་དགེ་སློབ་རྣམས་ལ་གཟིགས་སྐྱོང་ཚད་མེད་གནང་འབྲས་སུ། སློབ་གྲྭ་འདི་ཉིད་ལས་ཐོན་པའི་སློབ་མ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་ནང་རྐང་འགན་བཞེས་ཏེ་ཞབས་ཞུ་བླ་མེད་བསྒྲུབས་དང་སྒྲུབ་མུས་ཡིན།།