བྷེལ་ཀོབ་བདེ་སླར་གཞིས་སློབ།

[toc]

༡།    འགོ་འཛུགས།

བྷེལ་ཀོབ་བདེ་སླར་གཞིས་སློབ་བམ། བྷེལ་ཀོབ་སི་ཝི་པི(Cauvery Valley Project)སློབ་གྲྭ་ནི། ཀར་ཎ་ཊ་ཀ་མངའ་སྡེའི་རྒྱལ་ས་མའེ་སོར་ནས་ཀི་ལོ་མི་ཊར་༩༠ ཙམ་གྱི་སར་ཆགས་ཤིང༌། ཕྱི་ལོ་༡༩༧༡ ལོར་མའེ་སོར་གཞིས་ཆགས་གསར་འཛུགས་དང་ཡར་རྒྱས་ལས་ཁུངས་(Mysore Rehibilitation and Development Agency, MYRADA)ནས་ཐོག་མར་དམའ་རིམ་སློབ་གྲྭ་ཞིག་གསར་འཛུགས་གནང༌། ཐོག་མའི་ཆར་སློབ་གྲྭ་དེར་དགེ་སློབ་གྲངས་འབོར་ཁ་གསལ་མ་བྱུང༌།
སློབ་གྲྭ་དེ་ནི་ཡུལ་ལྗོངས་མཛེས་ཤིང་ཁ་ཁུ་སིམ་པ་སོགས་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་རང་བྱུང་གིས་གྲུབ། ཕྱིས་སུ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་རྩིས་བཞེས་ཀྱིས་བྷེལ་ཀོབ་དབུས་སློབ་ཀྱི་ཡན་ལག་ཏུ་བསྒྱུར། ཕྱི་ལོ་༡༩༨༦ ལོར་སློབ་གྲྭ་འདི་བཞིན་འབྲིང་རིམ་སློབ་གྲྭར་བསྒྱུར་བ་དང་ཆབས་ཅིག བྷེལ་ཀོབ་དབུས་སློབ་ཀྱི་ཡན་ལག་མ་ཡིན་པར་སློབ་གྲྭ་རང་རྐྱ་བ་ཞིག་ཏུ་གྱུར།
ཕྱི་ལོ་༢༠༠༨ ཟླ་༨ པར་སློབ་ཕྲུག་གྲངས་༣༡༡ དང༌། དགེ་རྒན་དང་ལས་བྱེད་ཁྱོན་བསྡོམས་གྲངས་༢༩ ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

སློབ་གྲྭའི་ཟུར་དུ་ས་ཁྱོན་ཨེ་ཀར་གཅིག་ཡོད་སར་དགེ་རྒན་ལས་ཤག་གསར་བསྐྲུན་གནང་ཡོད། ཉིན་མོའི་སློབ་གྲྭ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་དང་འཆམ་མཐུན་འབྲེལ་ལམ་ཧ་ཅང་གལ་འགངས་ཆེ་སྟབས། ས་གནས་འགོ་འཛིན་ལས་ཁུངས་དང་ཕ་མའི་འཐུས་ཚབ་ཚོགས་ཆུང་ནས་ཕྲུ་གུའི་བདེ་དོན་ཐོག་སློབ་གྲྭའི་འཛིན་སྐྱོང་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་ཐུགས་འགན་གང་ལེགས་བཞེས་ཀྱིན་ཡོད།
ཕྱི་ལོ་༡༩༩༠ ལོར་སློབ་གྲྭ་འདི་འབྲིང་རིམ་གོང་མར་གནས་སྤར་གྱིས་འཛིན་རིམ་དང་པོ་ནས་བཅུ་པ་བར་བཙུགས། ཕྱི་ལོ་༡༩༩༢ ལོར་དབུས་བོད་སློབ་འཛིན་ཚོགས་ནས་སྒོར་འབུམ་གསུམ་བཏང་སྟེ་སློབ་གྲྭའི་ཕྱི་སྐོར་ལྕགས་ར་གསར་རྒྱག་གནང༌། ཕྱི་ལོ་༢༠༠༥ ལོར་ལས་ཤག་གསར་པ་༤ དང་འཛིན་ཁང་༤ གསར་རྒྱག་འགོ་འཛུགས་གནང་བ་ཕྱི་ལོར་གྲུབ། སྒོར་འབུམ་དགུ་ལྷག་གི་འགྲོ་གྲོན་བཏང་སྟེ་སློབ་གྲྭའི་ཕྱི་སྐོར་ལྕགས་རའི་མཐོ་ཚད་སྤར་བ་དང༌། སྡོད་ཁང་ལ་ར་སྐོར་གསར་རྒྱག་གནང༌། སློབ་ཁང་ཨ་མའི་ཁང་བརྩེགས་ཞིག་གསོ་གནང༌། ཕྱི་ལོ་༢༠༠༦ ལོར་སྒོར་འབུམ་༡༥ ལྷག་བཏང་སྟེ་སློབ་གྲྭའི་ཁོར་ཡུག་ཡར་རྒྱས་བཏང་བ་དང༌། དགེ་རྒན་གྱི་ལས་ཤག་༨ གསར་རྒྱག་གི་ལས་གཞི་འགོ་འཛུགས་གནང༌། ཕྱི་ལོ་༢༠༠༧།༠༨ ལོར་སྡོད་ཁང་གསར་སྐྲུན་དང་ལས་ཤག ས་འོག་གློག་འཁྲིད། སྣུམ་འཁོར་དང་སྦག་སྦག་འཇོག་སའི་ཀླད་ཁེབས་ལས་འཆར་སོགས་སྒོར་འབུམ་༢༠ ལྷག་གི་ལས་འཆར་འགྲོ་མུས་ཡིན།
སློབ་གྲྭ་འདིའི་དགེ་རྒན་ཚང་མ་འོས་སྦྱོང་ཐོན་པ་ཤ་སྟག་ཡིན་ཅིང༌། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་དུས་ནས་དུས་སུ་ཆེད་ལས་སྦྱོང་བརྡར་སྤྲད་དང་སྤྲོད་བཞིན་ཡོད། བོད་སློབ་འཛིན་སྐྱོང་ཚོགས་པ་ནས་ལོ་རེའི་ནང་གྲུབ་འབྲས་ཇི་སོན་དཔྱད་ཞིབ་དང་ཕུགས་ཀྱི་སློབ་གྲྭའི་དགོས་མཁོ་ཇི་ཡོད་རྟོག་ཞིབ་གནང་བཞིན་ཡོད།
སློབ་གྲྭ་འདིར་དཔེ་མཛོད་ཅིག་ཡོད་པའི་ནང་ཨིན་བོད་ཧིན་གསུམ་གྱི་དེབ་རིགས་སྣ་མང་ལྡན་ཞིང༌། དེང་རབས་ཀྱི་མཐུན་རྐྱེན་འཐུས་ཚང་འཛོམས་པའི་སློབ་ཕྲུག་ཆུང་བའི་ཚན་རིག་ཚོད་ལྟ་ཁང་དང༌། དེ་བཞིན་རྩིས་རིག་ཚོད་ལྟ་ཁང༌། སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང་ནང་ཀམ་པུ་ཊར་གྲངས་༣༢ ཡོད་ལ། སྐམ་གློག་དང༌། པར་སློག་འཕྲུལ་ཆས། མྱུར་འཕྲིན། རྩིག་བརྙན་འཕྲུལ་ཆས།(OHP) ཀམ་པུ་ཊར་རྩིག་བརྙན།(LCD) ལྗང་མདོག་ནག་པང་གྲངས་མང་སོགས་ཀྱི་ཆ་རྐྱེན་དང༌། གཞན་ཡང་གཞས་དང་ཞབས་བྲོ་ཁང༌། སློབ་ཁྲིད་ཡོ་ཆས་ཁང༌། སྤྱི་ཚོགས་ཚན་རིག་དང་ཤེས་ཡོན་མཐུན་རྐྱེན་ལྟེ་གནས་ཁང་སོགས་འཛིན་ཁང་ཐམས་ཅད་དང་ཚོད་ལྟ་ཁང་བཅས་པར་དགོས་མཁོ་ཆ་ཚང་སྦྱར་ཡོད། སྤྱི་ཡོངས་ཐོག་ནས་བཤད་ན་སློབ་གྲྭ་འདིའི་རྨང་གཞིའི་འཛུགས་སྐྲུན་དང་མཐུན་རྐྱེན་གང་ཅིའི་ཐད་དེང་རབས་སློབ་གྲྭ་ཞིག་ལ་དགོས་ངེས་ཀྱི་ཆ་རྐྱེན་མཐའ་དག་ལ་སློབ་ཕྲུག་ཡོངས་ནས་ལོངས་སུ་སྤྱོད་བཞིན་ཡོད།

༣།    སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

འདས་པའི་ལོ་ངོ་༢༡ རིང་བྷེལ་ཀོབ་བདེ་སླར་དབུས་སློབ་ཀྱི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།

ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

བྱ་ར། རྒྱུགས་ཞུགས། རྒྱུགས་འཕྲོད་པ། བསྐྱར་རྒྱུགས། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༢༡ ༡༣ ༦༡་༩༠
ཕྱི་ལོ་༡༩༩༩ ༢༦ ༡༦ ༦༡་༥༠
ཕྱི་ལོ་༢༠༠༠ ༢༦ ༡༧ ༦༥་༣༨
ཕྱི་ལོ་༢༠༠༡ ༣༩ ༢༥ ༡༤ ༦༤་༡༠
ཕྱི་ལོ་༢༠༠༢ ༣༣ ༡༤ ༡༥ ༤༢་༤༢
ཕྱི་ལོ་༢༠༠༣ ༣༢ ༡༩ ༥༩་༣༧
ཕྱི་ལོ་༢༠༠༤ ༢༩ ༢༤ ༨༢་༧༦
ཕྱི་ལོ་༢༠༠༥ ༢༠ ༡༦ ༨༠་༠༠
ཕྱི་ལོ་༢༠༠༦ ༣༨ ༣༣ ༨༦་༨༤
ཕྱི་ལོ་༢༠༠༧ ༣༧ ༣༥ ༩༤་༥༩
ཕྱི་ལོ་༢༠༠༨ ༤༣ ༢༡ ༢༥་༨༡
ཕྱི་ལོ་༢༠༠༩ ༡༩ ༡༩ ༡༠༠་༠༠

སློབ་གྲྭ་འདི་བཞིན་རྒྱ་གར་དབུས་འབྲིང་རིམ་སློབ་གྲྭའི་ཤེས་ཡོན་ལྷན་ཚོགས་ཀྱི་ཆ་ཤས་ཤིག་ཡིན་སྟབས།  ལྷན་ཚོགས་ཀྱིས་སློབ་ཚན་གཏན་འབེབས་ཇི་གནང་ལག་བསྟར་ཞུ་དགོས་ཡོད། ལོ་ཤས་ནས་མུ་མཐུད་སློབ་གྲྭའི་ཤེས་ཡོན་གྲུབ་འབྲས་གང་ལེགས་བྱུང་ཡོད། ད་བར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)འོག་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་སློབ་ཕྲུག་གྲངས་༤༣༢ གྲུབ་འབྲས་ལེགས་ཐོན་བྱུང་ཡོད།
སློབ་གྲྭ་འདིའི་ནང་སློབ་ཕྲུག་མདུན་ལམ་སློབ་སྟོན་སྡེ་ཚན་ཟུར་འཛུགས་ཡོད་པས་དུས་རྒྱུན་སློབ་མའི་མ་འོངས་མདུན་ལམ་འདེམས་ཕྱོགས་ཐད་སློབ་སྟོན་དང་རོགས་འདེགས་བྱེད་མུས་མ་ཟད། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལྷོ་ཁུལ་མདུན་ལམ་སློབ་སྟོན་པ་སྐུ་ཞབས་འཇམ་དབྱངས་དབང་རྒྱལ་ལགས་སློབ་གྲྭ་འདིར་ཡང་ཡང་ཕེབས་ཏེ་སློབ་སྟོན་དང་ཟབ་སྦྱོང་སོགས་གོ་སྒྲིག་གནང་བས་དགེ་སློབ་ཀུན་ལ་ཕན་ཐོགས་ཆེན་པོ་བྱུང༌།

༤།    ཤེས་ཡོན་ལས་རིམ།

བདེ་སླར་དབུས་བོད་སློབ་འདིའི་ནང་གཞི་རྩའི་བསླབ་གཞི་དང་སློབ་དེབ། སློབ་ཁྲིད་ཐབས་ལམ་སོགས་དབུས་བོད་སློབ་འཛིན་ཚོགས་དང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་བཀོད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་ཐོག བོད་ཀྱི་ཐུན་མིན་རིག་གཞུང་དང་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་སྤྱོད་རྒྱུན་འཛིན་ཡོང་སླད་བྱེད་སྒོ་དང་ལས་རིམ་འདྲ་མིན་སྤེལ་མུས་ཡིན།
སློབ་གྲྭའི་ལོ་རེའི་ལས་རིམ་གཏན་འབེབས་ནང་རྒྱུན་ལྡན་སློབ་ཚན་རིགས་ཕུད། འཛིན་རིམ་རྒན་པའི་ཁང་ཚན་དབར་དང་དམའ་རིམ་འཛིན་གྲྭ་ནང་ཁུལ་སྙན་ཚིག་གྱེར་འདོན། གཏམ་བཤད། ཕྱི་ལོ་༢༠༠༤ ནས་བཟུང་ལོ་རེར་ཨིན་བོད་ཧིན་སྐད་ཡིག་གསུམ་ཐོག་སློབ་མའི་དུས་དེབ་འདོན་མུས་དང༌། སློབ་གྲྭ་ནང་ཁུལ་དང་ཁྱད་པར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ལོ་རེའི་རྒྱལ་ཡོངས་བོད་ཡིག་རྩོམ་ཡིག་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་པ། རྩོམ་ཡིག་སྐོར་གྱི་བགྲོ་གླེང་དང་དམིགས་བསལ་སློབ་སྟོན་སོགས་སྐད་ཡིག་གི་བྱེད་སྒོ་རིགས་དང༌། གཞས་དང་ཞབས་བྲོ་སོགས་སྲོལ་རྒྱུན་རྒྱུན་འཛིན་གྱི་བྱེད་སྒོ། ཚན་རིག་ཚོད་ལྟ་དང༌། རྩིས་རིག་ལག་ལེན་སོགས་དེང་དུས་ཚན་རྩལ་ཤེས་ཡོན་བཀོལ་སྤྱོད་དང་ཉམས་གསོག་གི་བྱེད་སྒོ་སོགས་ཤེས་ཡོན་གྱི་བྱེད་སྒོ་སྣ་མང་ཞིག་གོ་སྒྲིག་བྱེད་མུས་ཐོག སློབ་ཕྲུག་རྣམས་ཐག་ཉེ་དགོན་སྡེ་དང༌། གཅན་གཟན་ཁང༌། སློབ་གྲྭ། འཛུགས་སྐྲུན་གྲགས་ཅན། ལོ་རྒྱུས་ཤུལ་དངོས་སོགས་ལོ་རེར་ཕྱི་བསྐྱོད་ལྟ་བསྐོར་དང༌། སློབ་ཕྲུག་རྒན་པ་རྣམས་འཚོ་བའི་ཉམས་གསོག་ཆེད་ཕྱི་བསྐྱོད་ཞག་སྡོད་ཀྱི་ལས་རིམ་སོགས་གོ་སྒྲིག་བྱེད་མུས་ཡིན།
བོད་དང་གནས་ཡུལ་རྒྱ་གར་གྱི་དུས་ཆེན་ཁག་སྲུང་བརྩིའི་ལས་རིམ་དང་སྦྲགས་བོད་ཀྱི་རིག་གཞུང་གི་གལ་གནད་དང་སྤྱིར་བཏང་ཤེས་བྱའི་སྐོར་གོ་རྟོགས་སྤེལ་ཆེད་འབྲེལ་ཡོད་མི་སྣ་གདན་ཞུས་ཀྱིས་གསུང་བཤད་ཀྱི་ལས་རིམ་གོ་སྒྲིག གཞིས་ཆགས་ནང་མཛད་སྒོ་དང་ཚོགས་འདུ། བགྲོ་གླེང༌། དུས་ཆེན་སོགས་སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་དང་དོད་ཆེན་པོས་འཛུལ་ཞུགས་བྱ་རྒྱུ་སོགས་ཤེས་ཡོན་དང་འཚོ་བ་དངོས་ཟུང་འབྲེལ་ལ་ཤུགས་སྣོན་རྒྱག་མུས་ཡིན།
སློབ་ཕྲུག་ཚོས་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱི་རྩེད་འགྲན་འདུ་འཛོམས་དང༌། མངའ་སྡེ་དང་ས་གནས་རྫོང༌། སློབ་གྲྭ་ནང་ཁུལ་བཅས་ཀྱི་རིག་གཞུང་དང་རྩེད་རིགས་འགྲན་བསྡུར་ནང་འཛུལ་ཞུགས་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།
སློབ་གྲྭ་འདིར་གཞི་རིམ་དགེ་རྒན་གྱི་ལས་གནས་སུ་ཕྱག་ལས་རྒྱུན་རིང་གནང་བའི་དགེ་ལས་ཉམས་མྱོང་ཅན་མང་དག་ཅིག་ཡོད་ཅིང༌། བོད་མིའི་སྤྱི་ཚོགས་ནང་ལོ་ངོ་ཉེར་ལྔའི་རིང་ཞབས་འདེགས་ཞུས་པའི་དགེ་ལས་མི་ཉུང་བ་ཞིག་ལ་རང་གཞུང་ཤེས་རིག་ལས་ཁུངས་ནས་ལེགས་གསོལ་ཕྱག་འཁྱེར་ཡང་སྩལ་ཡོད། ཕྱི་ལོ་༢༠༠༢ ལོར་གཞི་རིམ་འོག་མའི་དགེ་རྒན་ནོར་ལྷ་ཚེ་རིང་ལགས་དང༌། ཕྱི་ལོ་༢༠༠༨ ལོར་བྷེལ་ཀོབ་བདེ་སླར་དབུས་སློབ་འདིའི་གཞི་རིམ་འོག་མའི་དགེ་རྒན་བློ་བཟང་སྒྲོལ་མར་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཕུལ་བྱུང་དགེ་རྒན་ལག་ཁྱེར་དང་བྱ་དགའ་གསོལ་རས་སྩལ། དེ་བཞིན་གཞི་རིམ་འོག་མའི་དགེ་རྒན་ནོར་ལྷ་ཚེ་རིང་ལགས་ཕྱི་ལོ་༢༠༠༧ ལོར་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་༣༡༤ ཁྲོད་འདེམས་སྒྲུག་གིས་སྲིད་འཛིན་ལྕམ་སྐུ་པར་ཏི་བྷ་པཱ་ཊིལ་(Mrs.Pratibha Patil, President od India)མཆོག་གིས་གཟེངས་བསྟོད་བྱ་དགའ་དང་ལག་འཁྱེར་སྩལ།

༥།    གཞུང་འབྲེལ་འཚམས་གཟིགས།

སློབ་གྲྭ་འདིར་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ལས་རྣམ་པས་དུས་རྒྱུན་འཚམས་གཟིགས་རྟོག་ཞིབ་གནང་བཞིན་ཡོད་ཅིང༌། དེ་མིན་སློབ་གྲྭ་རང་ངོས་ནས་བླ་སྤྲུལ་དང་མཁས་དབང༌། ཆེད་ལས་པ་སོགས་གདན་ཞུས་ཀྱིས་རིག་གཞུང་གི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། འདིར་ཕྱི་ལོ་༢༠༠༤།༢༠༠༥ བཅས་སུ་བྱུང་བའི་ལས་དོན་གལ་ཆེན་ཁག་ཅིག་ཟུར་འདོན་ཞུས་པ་གཤམ་གསལ།
ཕྱི་ལོ་༢༠༠༤ ཟླ་༧ ཚེས་༡༧ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་རིག་གཞུང་འགྲན་ཚོགས་སློབ་གྲྭ་འདིར་བཀོད་སྒྲིག་བྱས་པའི་སྟེང༌། སྐུ་མགྲོན་གཙོ་བོ་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་གྲགས་མཆོག་དང༌། དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ཌོག་ཊར་ཝར་མ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ལྕམ་སྐུ་སྣང་ས་ཆོས་སྒྲོན་ལགས་བཅས་ཕེབས་ཏེ་རྩེད་འགྲན་དབུ་འབྱེད་དང་སྦྲགས་གསུང་བཤད་གནང༌།
ཕྱི་ལོ་༢༠༠༤ ཟླ་༡༡ པའི་གཟའ་འཁོར་དང་པོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་མདུན་ལམ་སློབ་སྟོན་པ་ཆེད་གཏོང་གིས་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་རྣམས་ལ་མ་འོངས་མདུན་ལམ་འདེམས་ཕྱོགས་སློབ་སྟོན་གནང༌།
ལྷག་པར་ཕྱི་ལོ་༢༠༠༤ ཟླ་༡༢ ཚེས་༡༦ ཉིན་ྋགོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལྷོ་ཁུལ་བཞུགས་དུས་དང་བསྟུན་འདི་ཁུལ་སློབ་གྲྭ་ཁག་ལ་དམིགས་བསལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། ཐག་ཉེ་སློབ་གྲྭ་གསུམ་གྱི་དགེ་སློབ་ཕ་མ་བཅས་བྷེལ་ཀོབ་བོད་ཁྱིམ་དུ་ལྷན་འདུས་བྱུང་བ་རྣམས་ལ་ཆོས་སྲིད་གང་ཅིར་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ།
ཕྱི་ལོ་༢༠༠༥ ཟླ་༣ ཚེས་༡༩ ཉིན། བཀའ་བརྒྱུད་བསྟན་པའི་བདག་པོ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སློབ་གྲྭ་འདིར་དངོས་ཕེབས་ཀྱིས་སློབ་གྲྭའི་འཛིན་ཁང་གསར་པར་རབ་གནས་དང་དབུ་འབྱེད་གནང་བ་མ་ཟད། སློབ་གྲྭའི་ཚོགས་ཁང་ནང་དགེ་སློབ་མི་མང་རྣམས་ལ་བླང་དོར་བཀའ་སློབ་ཞིབ་རྒྱས་སྩལ།
ཕྱི་ལོ་༢༠༠༥ ཟླ་༩ ཚེས་༣ ཉིན་བཞུགས་སྒར་དྷ་སའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་སྐུ་ཞབས་ཨོ་རྒྱན་ཚེ་དབང་དང་ཟླ་བ་ཚེ་རིང་གཉིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་སྐོར་སྤྱི་དང༌། ཁྱད་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རིམ་སྐོར་དགེ་སློབ་ཚོར་གསུང་བཤད་ཟབ་རྒྱས་གནང༌།
ཕྱི་ལོ་༢༠༠༥ ཟླ་༩ ཚེས་༢༣ ཉིན་སེར་བྱེས་གྲྭ་ཚང་ནས་དགེ་བཤེས་ཁང་གསར་རིན་པོ་ཆེ་སློབ་གྲྭ་གདན་ཞུས་ཀྱིས་ཡ་རབས་བཟང་སྤྱོད་སྐོར་བཀའ་སློབ་གསུང་བཤད་གནང༌།
ཕྱི་ལོ་༢༠༠༥ ཟླ་༩ ཚེས་༢༨ ཉིན་སྨན་པ་བསོད་ནམས་དོན་གྲུབ་ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སློབ་ཕྲུག་རྣམས་སྨན་གྱི་ལས་རིགས་ཐོག་ཞུགས་སྟངས་སྐོར་དང༌། མྱོས་རྫས་ཀྱི་གནོད་འཚེའི་སྐོར་གསུང་བཤད་གོ་སྒྲིག་གནང༌།
ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༢༠ ཉིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ལྷོ་ཁུལ་མཚོ་བྱེད་ཁང་གསར་སྨན་ཁང་གིས་སློབ་གྲྭའི་སློབ་མ་ཡོངས་ལ་ཊི་བྷི་གློ་ནད་བརྟག་དཔྱད་ཀྱི་ལས་རིམ་གོ་སྒྲིག་གནང༌།
ཕྱི་ལོ་༢༠༠༥ ཟླ་༡༡ ཚེས་༢༤ ཉིན་བཞུགས་སྒར་གྱི་གཞུང་འབྲེལ་མིན་པའི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གངས་དཀར་ཏེ་སེའི་ཁོར་ཡུག་གོ་རྟོགས་ཚོགས་པའི་དྲུང་ཆེ་འཕྲིན་ལས་ནོར་བུ་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གསུང་བཤད་དང་སྦྲགས། འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་སློབ་མའི་དབར་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་རྩོམ་ཡིག་འགྲན་བསྡུར་སྤེལ་ཏེ་བྱ་དགའ་ལེགས་གསོལ་གནང་བའི་ལས་རིམ་གོ་སྒྲིག་གནང༌།