[toc]
༡། འགོ་འཛུགས།
བྷེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དབུས་བོད་མིའི་སློབ་གྲྭའམ། བྷེལ་ཀོབ་དབུས་སློབ་ཅེས་འབོད་པ་འདི་ནི། ཕྱི་ལོ་༡༩༦༡ ལོ་གསར་འཛུགས་གནང་ཞིང༌། ཐོག་མའི་ཆར་སློབ་ཕྲུག་གྲངས་༡༥༠ ཡས་མས་དང་དགེ་རྒན་༣ ཡོད།
ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་ཕོ་མོ་གྲངས་༦༨༤ དང༌། དགེ་རྒན་༤༤ དང༌། ལས་བྱེད་༡༣ བཅས་ཁྱོན་བསྡོམས་དགེ་ལས་༥༧ ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
བྷེལ་ཀོབ་དབུས་བོད་མིའི་སློབ་གྲྭ་འདི་ནི་ཐོག་མར་འགོ་འཛུགས་སྐབས་རྩྭ་ཡིས་ཐོག་ཁེབས་བྱས་པའི་སྤྱིལ་བུ་ཞིག་དང་ནག་པང་གཅིག་མ་གཏོགས་གཞི་རིམ་གྱི་མཐུན་རྐྱེན་གཅིག་ཀྱང་མེད། འདས་པའི་ལོ་ངོ་ལྔ་བཅུའི་ནང་སློབ་གྲྭ་འདིར་འཛུགས་སྐྲུན་དང་བཟོ་བཅོས་བསྟར་ཆགས་སུ་གནང་སྟེ། དེང་འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད་པའི་དམའ་རིམ་སློབ་གྲྭ་༤ དང༌། སློབ་གྲྭ་ཨ་མ་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་ཡོད་པའི་འབྲིང་སློབ་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཕྱི་ལོ་༡༩༩༣ ལོར་སློབ་གྲྭའི་འཐུང་ཆུའི་དཀའ་ངལ་སེལ་ཆེད་སློབ་གྲྭའི་ར་བར་ཁྲོན་པ་བྲུས་ཏེ་ལག་གནོན་ཆུ་མགོ་གསར་སྐྲུན་དང༌། སློབ་ཁང་ཨ་མར་ཞིག་གསོ་གནང༌། ཕྱི་ལོ་༢༠༠༥ ལོར་ལས་ཤག་༥ དང༌། ཕྱི་ལོ་༢༠༠༦ ལོར་ལས་ཤག་༤ གསར་རྒྱག་ལེགས་གྲུབ་བྱུང་བ་མ་ཟད། ཕྱི་ལོ་༢༠༠༥ ལོར་ལས་ཤག་༡༠ ལ་ར་བསྐོར་གསར་རྒྱག འཛིན་ཁང་ཡོངས་ལ་དམིགས་བསལ་ཞིག་གསོ་དང༌།
ཕྱི་ལོ་༢༠༠༦ ལོར་འཛིན་ཁང་༦ གསར་རྒྱག་ལེགས་གྲུབ་བྱུང༌། ཕྱི་ལོ་༢༠༠༧།༠༨ ལོར་སྒོར་འབུམ་༡༥ འགྲོ་གྲོན་བཏང་སྟེ་ལས་ཤག་༤ གསར་སྐྲུན་དང༌། འཛིན་ཁང་དང་རྩེད་ཐང་ཉམས་གསོ། སློབ་གྲྭའི་ས་འོག་གློག་སྐུད་ཞིག་གསོ་དང་ལེགས་བཅོས། དེ་བཞིན་མ་ལི་ཀུ་མ་རི་དང་ཀེ་ལ་ཤ་པུ་ར། གྷོ་ལ་ཐ་ལ་བཅས་ཡན་ལག་སློབ་གྲྭ་ཁག་གི་འཛིན་ཁང་དང་ལས་ཤག་གསར་རྒྱག་དང་ཉམས་གསོ་བསྟུད་མར་གནང༌།
དེང་སྐབས་སློབ་གྲྭ་འདིའི་ཁང་པ་དང༌། འཛིན་ཁང༌། འཛིན་ཆས་སོགས་རྒྱ་གར་ནང་སློབ་གྲྭ་ལེགས་གྲས་སུ་གཏོགས། དེ་ཡང་ཚན་རིག་ཚོད་ལྟ་ཁང༌། ཤེས་ཡོན་མཐུན་རྐྱེན་ལྟེ་གནས། སྐད་ཡིག་སྦྱོང་བརྡར་ཚོད་ལྟ་ཁང༌། རྩིས་རིག་ཚོད་ལྟ་ཁང༌། རྩིས་རིག་དང་ཚན་རིག་བཀོལ་སྤྱོད་དང་ལག་ལེན་ཆེད་ཐོག་ཁེབས་མེད་པའི་སྐྱེད་ཚལ། རྩེད་རིགས་མཐུན་རྐྱེན། སློབ་ཕྲུག་ཆུང་བའི་སྡེ་ཚན་དང་རྒན་པའི་སྡེ་ཚན་སོ་སོར་ཀམ་པུ་ཊར་སྦྱོང་བརྡར་ཁང་དྲ་རྒྱའི་མཐུན་རྐྱེན་དང་བཅས་པ། གཟུགས་མཐོང་བརྙན་པར་ཁང༌། ས་ཁམས་ཚོད་ལྟ་ཁང་སོགས་དབུས་བོད་སློབ་འཛིན་ཚོགས་ཀྱིས་སློབ་གྲྭ་འདིར་དེང་དུས་དང་འཚམས་པའི་ཤེས་ཡོན་སློབ་སྟོན་གྱི་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།
སློབ་གྲྭ་འདིའི་དགེ་རྒན་ཚང་མ་འོས་སྦྱོང་ཐོན་ཞིང་ཚད་ལྡན་ཤ་སྟག་ཡིན་ཞིང༌། བསླབ་གཞི་ནི། རྒྱ་གར་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་ཁག་གཞི་རྩར་བཟུང་བའི་ཐོག བོད་མི་སྤྱི་དང་ཁྱད་པར་ས་གནས་བོད་མིའི་གནས་སྟངས་དང་འཚམས་པའི་བསླབ་གཞིའི་ནང་དོན་ཁ་གསབ་དང་བཅས་སློབ་སྤེལ་བྱེད་བཞིན་ཡོད།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
སློབ་གྲྭ་འདིའི་འཛིན་རིམ་མཐོ་ཤོས་ལེགས་ཐོན་བྱུང་བའི་སློབ་ཕྲུག་༥༥༠ བྱུང་ཡོད། དགེ་རྒན་མཚན་གནས་འདྲ་མིན་ཐོག་ཆེད་ལས་སྦྱོང་བརྡར་ཐེངས་༢༥༠ ཙམ་སྤྲད་པ་དེས་དགེ་རྒན་རྣམས་ཀྱི་ཆེད་ལས་ནུས་པ་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་བྱུང་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་ཕྲུག་གྲངས་༤༣༥ ཡོད་པ་ཚང་མ་ཉིན་སློབ་ཤ་སྟག་ཡིན། སློབ་ཕྲུག་དེ་དག་ནང་༡༥ མ་གཏོགས་ཚང་མ་བོད་རིགས་སློབ་ཕྲུག་ཡིན། ལོ་དེར་དགེ་རྒན་༢༡ དང་ལས་བྱེད་༨ བཅས་ཁྱོན་དགེ་ལས་༢༩ ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།
སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།
བྱ་ར། | ༡༠པའི་ཕྲུག་གྲངས། | རྒྱུགས་འཕྲོད་བརྒྱ་ཆ། | ༡༢པའི་ཕྲུག་གྲངས། | རྒྱུགས་འཕྲོད་བརྒྱ་ཆ། |
ཕྱི་ལོ་༡༩༩༨ | ༢༩ | ༦༨་༩༦ | ༩ | ༡༠༠་༠༠ |
ཕྱི་ལོ་༡༩༩༩ | ༣༦ | ༨༠་༥༠ | ༢༠ | ༩༠་༠༠ |
ཕྱི་ལོ་༢༠༠༠ | ༣༦ | ༧༥་༠༠ | ༩ | ༡༠༠་༠༠ |
ཕྱི་ལོ་༢༠༠༡ | ༤༧ | ༧༤་༤༧ | ༢༩ | ༡༠༠་༠༠ |
ཕྱི་ལོ་༢༠༠༢ | ༤༣ | ༥༨་༡༣ | ༣༤ | ༨༨་༢༣ |
ཕྱི་ལོ་༢༠༠༣ | ༤༢ | ༨༣་༣༣ | ༣༡ | ༡༠༠་༠༠ |
ཕྱི་ལོ་༢༠༠༤ | ༤༨ | ༤༣་༧༥ | ༣༧ | ༡༠༠་༠༠ |
ཕྱི་ལོ་༢༠༠༥ | ༤༢ | ༦༩་༠༥ | ༢༥ | ༩༦་༠༠ |
ཕྱི་ལོ་༢༠༠༦ | ༥༠ | ༦༨་༠༠ | ༣༨ | ༩༤་༧༤ |
ཕྱི་ལོ་༢༠༠༧ | ༤༢ | ༩༠་༤༨ | ༣༥ | ༩༡་༤༣ |
ཕྱི་ལོ་༢༠༠༨ | ༤༣ | ༨༨་༣༧ | ༦༦ | ༦༣་༦༤ |
ཕྱི་ལོ་༢༠༠༩ | ༥༤ | ༩༠་༧༤ | ༥༢ | ༨༦་༥༤ |
༤། སློབ་གྲྭ་འདིའི་ཡན་ལག་སློབ་གྲྭ།
བྷེལ་ཀོབ་དབུས་སློབ་གྲྭ་འདི་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་ཡོད་པའི་གཞི་རིམ་གོང་མའི་སློབ་འབྲིང་ཞིག་ཡིན་པ་དང༌། སློབ་གྲྭ་འདིར་ཡན་ལག་སློབ་གྲྭ་བཞི་ཡོད་པ་གཤམ་གསལ།
ཀ) ཅོག་ཀུར་ཉིན་སློབ།
སློབ་གྲྭ་འདི་ནི་བྷེལ་ཀོབ་ཉེ་ཁུལ་ཅོག་ཀུར་བོད་མིའི་གཞིས་ཆགས་ཁོངས་སུ་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་ཡིན་ཞིང༌། པྲིཡ་པ་ཊི་ན་(Piriyapatna)གྲོང་བརྡལ་ནས་ཀི་ལོ་མི་ཊར་༤ ཙམ་གྱི་སར་ཆགས་ཡོད།
སློབ་གྲྭ་འདི་ཕྱི་ལོ་༡༩༧༧ ལོར་གསར་འཛུགས་གནང༌། ཐོག་མའི་ཆར་སློབ་ཕྲུག་༧༩ དང༌། འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༢༡ དང་དགེ་ལས་༣ ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་སློབ་གྲྭ་འདིའི་འདས་པའི་ལོ་ངོ་༢༡ རིང་གི་སློབ་འཇུག་གནས་སྟངས་གཤམ་གསལ།
ཁ) ཨར་ལི་ཀུ་མ་རི་ཉིན་སློབ།
སློབ་གྲྭ་འདི་ནི་བྷེལ་ཀོབ་ལུགས་བསམ་བོད་མིའི་གཞིས་སྒར་གསུམ་པ་དང་བཞི་པའི་བར་ཡོད། རྒྱ་གར་ལྷོ་ཕྱོགས་མའེ་སོར་རྫོང་ཁོངས་ཀྱི་ཀུ་ཤལ་ན་སྒར་གྲོང་བརྡལ་ནས་ཀི་ལོ་མི་ཊར་༥ ཙམ་གྱི་སར་ཆགས་ཡོད།
སློབ་གྲྭ་འདི་ཕྱི་ལོ་༡༩༧༧ ལོར་གསར་འཛུགས་གནང༌། འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༡༠༢ དང་དགེ་ལས་༧ ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་སློབ་གྲྭ་འདིའི་འདས་པའི་ལོ་ངོ་༢༡ རིང་གི་སློབ་འཇུག་གནས་སྟངས་གཤམ་གསལ།
ག) ཀེ་ལ་ཤ་པུ་ར་ཉིན་སློབ།
ཀེ་ལ་ཤ་པུ་ར་ཉིན་སློབ་ནི། བྷེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་གཞིས་སྒར་གཉིས་པའི་འཁྲིས་སུ་ཆགས་ཡོད།
སློབ་གྲྭ་འདི་ཕྱི་ལོ་༡༩༧༧ ལོར་གསར་འཛུགས་གནང༌། འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༡༡༤ དང་དགེ་ལས་༩ ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་སློབ་གྲྭ་འདིའི་འདས་པའི་ལོ་ངོ་༢༡ རིང་གི་སློབ་འཇུག་གནས་སྟངས་གཤམ་གསལ།
ང) གྷོ་ལ་ཐ་ལ་ཉིན་སློབ།
སློབ་གྲྭ་ནི་བྷེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་གཞིས་སྒར་ལྔ་པ་དང་དྲུག་པའི་དབར་ཆགས་ཡོད་པས། གཞིས་སྒར་དེ་གཉིས་ཀྱི་བོད་མིའི་ཕྲུ་གུ་ཉིན་སློབ་ཀྱི་ཚུལ་དུ་བསྐྱོད་བཞིན་ཡོད།
ཕྱི་ལོ་༡༩༧༧ ལོར་གསར་འཛུགས་གནང༌། འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད། ཕྱི་ལོ་༢༠༠༥ ལོར་སློབ་གྲྭ་འདིའི་འཛིན་རིམ་ལྔ་པའི་སློབ་མ་བསྟན་འཛིན་ཤེས་རབ་ཀྱིས་དབུས་བོད་སློབ་འཛིན་ཚོགས་སློབ་གྲྭའི་(CAE)ཨང་དང་པོའི་བྱ་དགའ་ཐོབ། ཕྱི་ལོ་༢༠༠༨ ལོར་སློབ་ཕྲུག་༡༠༢ དང་དགེ་ལས་༨ ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་སློབ་གྲྭ་འདིའི་འདས་པའི་ལོ་ངོ་༢༡ རིང་གི་སློབ་འཇུག་གནས་སྟངས་གཤམ་གསལ།
༥། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
བྷེལ་ཀོབ་དབུས་སློབ་གྲྭ་འདི་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་དང༌། མངའ་སྡེ། རྫོང༌། དབུས་བོད་སློབ་ནང་ཁུལ་བཅས་ཀྱི་རྩེད་འགྲན་དང༌། ཚན་རིག་དང་རྩིས་རིག་འགྲན་བསྡུར་དང་འགྲེམས་སྟོན། ཁོར་ཡུག་དང་འཕྲོད་བསྟེན་གྱི་ལས་འགུལ། རིག་གཞུང་དང་སྒྱུ་རྩལ། རྒྱུན་ལྡན་སྤྱི་ཚོགས་ཀྱི་མཛད་སྒོ་སོགས་ལས་རིམ་མི་འདྲ་བའི་ཁྲོད་དོ་སྣང་ཆེན་པོས་འཛུལ་ཞུགས་བྱས་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། གཤམ་དུ་ཉེ་བའི་ལོ་ཤས་ནང་ཐོབ་པའི་གྲུབ་འབྲས་དེ་རིགས་ལས་ཁག་ཅིག་ཟུར་འདོན་ཞུས་ཡོད།
དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་(CBSE)ཕྱི་ལོ་༢༠༠༣ ལོའི་རྩེད་འགྲན་སྐབས། གསེར་གྱི་རྟགས་མ་གྲངས་༢ དང༌། དངུལ་གྱི་རྟགས་མ་གྲངས་༡༥ ཟངས་ཀྱི་རྟགས་མ་གྲངས་༧ བཅས་ཁྱོན་བསྡོམས་རྟགས་མ་༢༤ ཐོབ་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༡ ཚེས་༥ ནས་༧ བར་ཏི་རུ་པ་ཏི་ས་གནས་སུ་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་སློབ་གྲྭའི་རྩེད་འགྲན་ཐེངས་བདུན་པའི་སྐབས། བྷེལ་ཀོབ་དབུས་སློབ་སློབ་མ་ཚོས་གསེར་གྱི་རྟགས་མ་གྲངས་༩ དངུལ་གྱི་རྟགས་མ་གྲངས་༩ ཟངས་ཀྱི་རྟགས་མ་གྲངས་༡༡ བཅས་ཁྱོན་བསྡོམས་རྟགས་མ་གྲངས་༢༩ ཐོབ་ཡོད། སློབ་ཕྲུག་བསྟན་འཛིན་དབང་འབྱོར་གྱིས་ཕུལ་བྱུང་ལུས་རྩལ་པའི་བྱ་དགའ་ཐོབ་ཡོད་པ་དེ་ནི་བོད་མིའི་སློབ་ཕྲུག་ཐོག་མ་དེ་ཡིན། ལོ་དེར་བྷེལ་ཀོབ་དབུས་སློབ་ནི་འགྲན་ཞུགས་སློབ་གྲྭ་༦༠ ཐམ་པའི་ནང་ཨང་གཉིས་པའི་གོ་གནས་ཐོབ།
དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༠༨ ལོའི་ཕུལ་བྱུང་སློབ་མའི་མིང་གཞུང་ཁྲོད་སློབ་གྲྭ་འདིའི་སློབ་ཕྲུག་༢ ཡོད་པ་དང༌། ཕྱི་ལོ་༡༩༩༣ ལོར་སློབ་ཕྲུག་༡ བྱུང་ཡོད།
སློབ་གྲྭའི་ནང་སྣེ་ཤན་དང་གདོང་ལེན་རུ་ཁག་གསར་འཛུགས་བྱས་ཡོད་པས་རེས་གཟའ་སྤེན་པ་ནམ་ཡིན་ལ་སློབ་ཕྲུག་ཚོར་སྦྱོང་བརྡར་སྤྲོད་པ་དང༌། རིག་གཞུང་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ། ཕྱི་ལོ་༢༠༠༥ ཟླ་༩ ཚེས་༡༦ ཉིན་འཛིན་རིམ་བཅུ་པའི་སློབ་མ་རྣམས་སེར་བྱེས་གྲྭ་ཚང་དུ་ཚན་རིག་དང་ནང་ཆོས་ཞེས་པའི་འགྲེམས་སྟོན་ལ་ལྟ་བསྐོར་བྱས།
སློབ་གྲྭ་འདིར་གཞི་རིམ་དགེ་རྒན་གྱི་ལས་གནས་སུ་ཕྱག་ལས་རྒྱུན་རིང་གནང་བའི་དགེ་ལས་ཉམས་མྱོང་ཅན་མང་དག་ཅིག་ཡོད་ཅིང༌། བོད་མིའི་སྤྱི་ཚོགས་ནང་ལོ་ངོ་ཉེར་ལྔའི་རིང་ཞབས་འདེགས་ཞུས་པའི་དགེ་ལས་མི་ཉུང་བ་ཞིག་ལ་རང་གཞུང་ཤེས་རིག་ལས་ཁུངས་ནས་ལེགས་གསོལ་ཕྱག་འཁྱེར་ཡང་སྩལ་ཡོད། ཁྱད་པར་སློབ་གྲྭའི་སློབ་སྤྱི་ཐར་ལམ་སྒྲོལ་མ་ལགས་སུ་ཕྱི་ལོ་༢༠༠༤ ལོར་རྒྱ་གར་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་བྱ་དགའི་རྟགས་མ་ཐོབ་སྟེ། ཟླ་༩ ཚེས་༥ ཉིན་རྒྱ་གར་གྱི་སྲིད་འཛིན་ཌོག་ཊར་ཨབ་དྷུལ་ཀཱ་ལམ(A.P. J. Abdul Kalam)མཆོག་ནས་བྱ་དགའི་རྟགས་མ་གནང༌།
ཕྱི་ལོ་༢༠༠༤ ཟླ་༩ ཚེས་༢ ཉིན་སློབ་གྲྭ་འདིའི་སློབ་ཕྲུག་བསྟན་འཛིན་འཛོམས་སྐྱིད་(སྒྱུ་རྩལ་༨༨་༦%)དང་བསྟན་འཛིན་མཆོག་ལྡན་(ཚོང་རིག་༨༡%)གཉིས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༠༤ ལོའི་དགའ་ལྡན་ཕོ་བྲང་ཕུལ་བྱུང་སློབ་མའི་བྱ་དགའ་ལག་འཁྱེར་དང་ཧིན་སྒོར་༥༠༠༠ རེ་བཅས་ཀྱི་གསོལ་རས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གནང་ཡོད།
སློབ་གྲྭ་འདིའི་མཐོ་རིམ་བོད་དགེ་ཚེ་བརྟན་བཀྲ་ཤིས་དང༌། གཞི་རིམ་འོག་མའི་བོད་དགེ་ཟླ་བ་སྒྲོལ་མ། གཞི་རིམ་བར་མའི་དགེ་རྒན་ས་པྲཀཤ(H.S.Sathya Prakash) མཐོ་རིམ་དགེ་རྒན་ཨི་ཤི་ཝརྱ།(G.Eswariah) ལག་ཤེས་དགེ་རྒན་ཌི་ཨེས་བྷིསྟ།(D.S.Bhist) བཅས་ལ་ཕྱི་ལོ་༢༠༠༨ ལོའི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ་ཡོད།
སློབ་གྲྭ་འདི་ཉིད་ནས་ཐོན་པའི་སློབ་མ་ཚོས་བཙན་བྱོལ་བོད་མིའི་གཞུང་སྒེར་ཚོགས་སྡེ་མང་པོ་ཞིག་གི་རྐང་འཛིན་མི་སྣར་གྱུར་ཡོད་པ་དཔེར་ན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་སྤེན་པ་ཚེ་རིང་དང༌། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བུ་ཆུང་ཚེ་རིང༌། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་སྐད་རིགས་ཉམས་ཞིབ་པ་ན་ག་སངས་རྒྱས་བསྟན་དར། བྷེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་འགོ་འཛིན་བཀྲ་ཤིས་དབང་འདུས་སོགས་བོད་ཀྱི་རྩ་དོན་དང་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་མི་སྣ་མང་པོ་བསྐྱེད་བསྲིང་གནང་ཡོད།
༥། གཞུང་འབྲེལ་འཚམས་གཟིགས།
སློབ་གྲྭ་འདིར་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ལས་རྣམ་པས་དུས་རྒྱུན་འཚམས་གཟིགས་རྟོག་ཞིབ་གནང་བཞིན་ཡོད་ཅིང༌། དེ་མིན་སློབ་གྲྭ་རང་ངོས་ནས་བླ་སྤྲུལ་དང་མཁས་དབང༌། ཆེད་ལས་པ་སོགས་གདན་ཞུས་ཀྱིས་གསུང་བཤད་དང་བགྲོ་གླེང་གི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། ཉེ་ལམ་ལྟ་བུར་མཚོན་ན།
ཕྱི་ལོ་༢༠༠༥ ཟླ་༣ ཚེས་༥ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་རཱ་ཝལ་དང་ལྕམ་སྐུ་སན་དཡ་རཱསི་ཏོ་གི་(Smt. Sandhya Rastogi)གཉིས་ཆེད་ཕེབས་ཀྱིས་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༥ ཟླ་༣ ཚེས་༡༨ ཉིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སློབ་གྲྭར་ཆིབས་བསྒྱུར་གྱིས་དགེ་སློབ་ཕ་མ་བཅས་པར་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ།
ཕྱི་ལོ་༢༠༠༥ ཟླ་༧ པའི་ཟླ་མཇུག་ཏུ་ཆབ་སྲིད་བཙོན་ཟུར་སྤེན་པ་ཚེ་རིང་དང་བཟོད་པ་ལགས་གཉིས་བོད་ནང་གི་ཆབ་སྲིད་གནས་སྟངས་སྤྱི་དང༌། ཁྱད་པར་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་གསུང་བཤད་དང་འགྲེམས་སྟོན་གནང༌། ཟླ་༡༢ ཚེས་ཟླ་དཀྱིལ་ནང་ཤེས་རིག་ལས་ཁུངས་ཀྱི་ལྷོ་ཕྱོགས་མདུན་ལམ་སློབ་སྟོན་པ་སྐུ་ཞབས་འཇམ་དབྱངས་དབང་རྒྱལ་ལགས་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་མ་འོངས་མདུན་ལམ་འདེམས་སྒྲུག་གནང་ཕྱོགས་ཐད་གསུང་བཤད་གནང༌།
ཕྱི་ལོ་༢༠༠༦ ཟླ་༡༠ པའི་ཟླ་མཇུག་ཏུ་ཤེས་རིག་ཟུང་དྲུང་བཀྲ་ཤིས་སྒྲོལ་མ་དང་དྲུང་གཞོན་བསྟན་འཛིན་ཡེ་ཤེས་གཉིས་ཆེད་ཕེབས་ཀྱིས་གཞི་རིམ་གོང་མའི་སློབ་ཕྲུག་ཚོས་སློབ་ཡོན་ཞུ་སྟངས་སྐོར་ལམ་སྟོན་གསུང་བཤད་གནང༌།
ཁྱད་པར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཕྱི་ལོ་༢༠༠༤ ཟླ་༡༢ ཚེས་༡༦ དང༌། ཕྱི་ལོ་༢༠༠༨ ཟླ་༡ ཚེས་༡༠ བཅས་སུ་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་སྐབས་ཁུལ་དེའི་སེར་སྐྱ་མི་མང་དང་སློབ་གྲྭའི་དགེ་སློབ་བཅས་ལ་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ་ཡོད།