བྷན་ད་ར་ཉིན་སློབ།

[toc]

༡།    འགོ་འཛུགས།

བྷན་ད་ར་དབུས་བོད་མིའི་སློབ་གྲྭ་ནི་ཕྱི་ལོ་༡༩༧༢ ལོར་གོ་ཐན་སྒང་(Gothangaon)ཞེས་པའི་ས་གནས་སུ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་གསར་འཛུགས་སྐབས་སུ་བཙུགས། ཐོག་མའི་ཆར་སློབ་ཁང་དང་མཐུན་རྐྱེན་གཞན་མེད་པར་རས་གུར་ནང་སློབ་འཁྲིད་གནང༌། སྐབས་དེར་སློབ་དགེ་དམིགས་བསལ་མེད་ནའང་གཞིས་མིའི་ཁོངས་ནས་ད་ལྟ་འཚོ་བཞུགས་སྨན་ཞབས་སྒྲོལ་མ་སྐྱིད་འཛོམས་ལགས་དང༌། དགེ་བཤེས་བློ་བཟང་དར་རྒྱས་གཉིས་ནས་བོད་ཡིག་དང༌། ཨང་རྩིས་སློབ་འཁྲིད་གནང་བ་དང༌། སྐལ་བཟང་ཆོས་གྲགས་ལགས་ནས་ཨིན་ཇི་སློབ་ཁྲིད་གནང་འདུག
དེ་རྗེས་གྷོ་ཐན་སྒང་ས་གནས་ནས་གནས་སྤོས་ཀྱིས་ད་ལྟའི་གཞིས་སྒར་གཉིས་ཀར་ཕྲུ་གུ་མཉམ་བསྡུས་བྱས། སྐབས་དེར་གཞིས་གྲོང་དང་པོའི་ནང་སློབ་དགེ་དགེ་འདུན་ཕུན་ཚོགས་ལགས་དང༌། དབང་འདུས་སྒྲོན་མ་ལགས་དང༌། གཞིས་གྲོང་གཉིས་པར་འཇིགས་མེད་ལགས་དང༌། ཟླ་བ་ཚེ་རིང་ལགས་གཉིས་ཡིན་འདུག
ཕྱི་ལོ་༡༩༧༣ ལོར་སློབ་ཕྲུག་གྲངས་འབོར་༡༣༠ ཙམ་དང༌། དགེ་ཆེ་༡ འབྲིང་རིམ་དགེ་རྒན་༣ དམའ་རིམ་དགེ་རྒན་༣ ཟློས་དགེ་༡ རི་མོའི་དགེ་རྒན་༡ གད་པ་དང་ཡིག་སྐྱེལ་བ་བཅས་༡༣ བྱུང་འདུག ད་ལྟའི་ཆར་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་ཁྱོན་བསྡོམས་སློབ་ཕྲུག་༡༠༥ དང༌། དགེ་ལས་གྲངས་༡༣ ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཕྱི་ལོ་༡༩༧༣ ལོར་གཞིས་སྒར་གཉིས་ཀྱི་སློབ་ཕྲུག་རྣམས་མཉམ་བསྡུས་ཀྱིས་ད་ལྟའི་སློབ་གྲྭའི་ས་གནས་ཏེ། རུམ་གདན་བཟོ་གྲྭའི་ནང་སློབ་འཁྲིད་འགོ་འཛུགས་གནང་སྟེ། དབུས་བོད་སློབ་འཛིན་ཚོགས་ཀྱི་སྟངས་འཛིན་འོག་ཡོད། སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ན་སྐབས་དེར་སློབ་མ་གྲངས་༡༣༠ ཡོད་པ་དང་ཉིན་གུང་གསོལ་ཚིགས་དམིགས་བསལ་གོ་སྒྲིག་མེད་པར་རྒྱགས་རང་འཁུར་གྱིས་སློབ་གྲྭར་བསྐྱོད་དགོས་འདུག
ད་ཡོད་འཛིན་ཁང་དེ་བཞིན་དགེ་ཆེ་མ་ཐུར་ལགས་ཀྱི་སྐབས་སུ་ཕྱི་ལོ་༡༩༧༣ ལོར་གསར་རྒྱག་འགོ་བཙུགས་ཀྱིས་༡༩༧༤ ལོར་ཁང་མིག་༡༠ ལེགས་གྲུབ་བྱུང༌། ཁང་མིག་ཆེ་ཆུང་མི་འདྲ་བ་༡༠ དང༌། གསང་སྤྱོད་༢ བཅས་ཁང་མིག་དེ་དག་འཛིན་ཁང་དང་ཡིག་ཚང་ལ་སྤྱོད་མུས་ཡིན། དེ་རྗེས་༡༩༩༡ ལོར་དགེ་ཆེ་ཝེན་ཀེ་ཊི་ཤི་ཝར་ལུ་(Venketshwarlu) སྐབས་སུ་སླར་ཡང་འཛིན་ཁང་༥ གསར་རྒྱག་གིས་ཁྱོན་ཁང་མིག་༡༦ ཡོད།
ཕྱི་ལོ་༡༩༨༠ ལོར་གཞིས་ལས་ཁང་ནས་འགྲོ་གྲོན་གནང་བའི་འོག་ཞལ་འདོན་ཚོགས་ཁང་༡ དང་ཐབ་ཚང་༡ ཡོད་རུང༌། ཕྱི་ལོ་༢༠༠༢ ལོར་ཚོགས་ཁང་དེ་བཞིན་ས་གནས་གཞིས་ལས་ཁང་བརྒྱུད་ཨི་ཊ་ལིའི་ནང་འཚོ་བཞུགས་སྦྱིན་བདག་མཆོག་གྲུབ་ཚེ་རིང་ལགས་ཀྱི་རོགས་རམ་འོག་གསར་རྒྱག་གནང༌། ད་ལྟ་བྱིས་གསོ་ཁང་གསར་རྒྱག་གནང་སྟེ། བྱིས་གསོ་ཁང་ནང་ཁང་མིག་ཆེ་བ་༤ དང༌། འབྲིང་བ་༤ ཡོད། དེ་དག་ལས་ཞལ་འདོན་ཚོགས་ཁང་༡  གསོལ་ཚིགས་ཁང་༡  དཔེ་མཛོད་ཁང་༡
འཁྲབ་ཆས་ཁང་སློབ་འཁྲིད་ཡོ་ཆས་ཁང་བཅས་ཁང་མིག་༥ སློབ་གྲྭས་བེད་སྤྱོད་བྱེད་མུས་ཡིན།
སློབ་གྲྭ་དབུ་བཙུགས་སྐབས་ལོ་ཤས་རིང་འཐུང་ཆུ་གཙང་པོ་བེད་སྤྱོད་བྱེད་པ་དང༌། རྗེས་སུ་ཕྱི་ལོ་༡༩༨༢ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་ངོས་ནས་ཆུ་འཐེན་འཕྲུལ་འཁོར་ཞིག་གསར་འཛུགས་གནང་སྟེ་ཕྱི་ལོ་༡༩༨༣ ལོར་ལེགས་གྲུབ་ཀྱིས་ད་ལྟའང་བེད་སྤྱོད་བྱེད་བཞིན་ཡོད།
ད་ལྟའི་ཆར་འཛིན་རིམ་དང་པོ་ནས་བརྒྱད་པ་བར་ཅོག་ཙེ་རྐུབ་སྟེགས་ཆ་ཚང་དང་རླངས་འཁོར་གཉིས་རེ། སྐམ་གློག་༡ གློག་ཀླད་གྲངས་༩ དཔེ་མཛོད་ཁང༌། ཞལ་འདོན་ཚོགས་ཁང༌། གསོལ་ཚིགས་ཁང་སོགས་མཐུན་རྐྱེན་གང་ལེགས་འཛོམས་ཤིང༌། སློབ་གྲྭའི་མདུན་ཕྱོགས་སུ་རྩེད་ཐང་༡ དང༌། ལྡུམ་རྭ་༢ ལུས་རྩལ་རྩེད་ཆས་མི་འདྲ་བ་ཁག་༦ སོགས་ཡོད།
ཕྱི་ལོ་༡༩༧༤ ལོ་ནས་༡༩༨༧ བར་ཉིན་གུང་གསོལ་ཚིགས་འབྲས་དང་དྷ་ལི་ཁོ་ན་ཡིན་ལ། ཕྱི་ལོ་༡༩༩༧ ནས་བསྒྱུར་བཅོས་ཀྱིས་བདུན་རེར་སྒོ་ང་ཐེངས་གཉིས་ཤིང་ཏོག་ཐེངས་གཉིས། ཚལ་རིགས་ཐེངས་གཅིག སྣུམ་བསྲེགས་བག་ལེབ་ཐེངས་གཅིག་བཅས་ཟས་བཅུད་ལྡན་པའི་གསོལ་ཚིགས་ཆེད་བསྒྲིགས་གནང༌།

༣།    སློབ་འཇུག་གནས་སྟངས།

ཐོག་མར་སློབ་གྲྭ་དབུ་བཙུགས་པའི་ཕྱི་ལོ་༡༩༧༣ ནས་༢༠༠༨ བར་ཁྱོན་བསྡོམས་སློབ་མ་གྲངས་༡༡༧༠ བྱུང་ཡོད་པ་དང༌། འཛིན་རིམ་བརྒྱད་པ་ཐོན་པའི་སློབ་མ་གྲངས་༢༩༧ བྱུང་འདུག
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ལོར་དེར་སློབ་ཕྲུག་བུ་༤༨ དང་བུ་མོ་༥༤ བཅས་ཁྱོན་བསྡོམས་༡༠༢ ཡོད་པ་ཚང་མ་ཉིན་སློབ་ལ་འགྲོ་བཞིན་པའི་བོད་རིགས་སློབ་ཕྲུག་ཤ་སྟག་ཡིན། དགེ་རྒན་༡༤ དང་སྤྱིར་བཏང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༡༧ ཡོད།
ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་སློབ་ཕྲུག་གི་གྲངས་འབོར་གནས་སྟངས་གཤམ་གསལ།

༤།    ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

སློབ་གྲྭ་འདི་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་སྤྱི་མཚུངས་བཞིན་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་(NCERT)ཀྱིས་གཏན་འབེབས་བྱས་པའི་བསླབ་གཞི་སྤྱི་དང༌། བོད་གཞུང་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱིས་རྩོམ་སྒྲིག་བྱས་པའི་བསླབ་གཞི་རྣམས་སློབ་ཁྲིད་ལག་བསྟར་ཞུ་མུས་ཡིན་ཞིང༌། གཞི་རིམ་གོང་མའི་ཡིག་རྒྱུགས་སྐབས་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཀྱིས་(CBSE)ཡོངས་ཁྱབ་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མུས་ཡིན། སྔོན་འགྲོ་ནས་གཞི་རིམ་འོག་མ་བར་སློབ་ཁྲིད་ཀྱི་བརྒྱུད་ལམ་གཙོ་བོ་བོད་ཡིག་ཡིན་པ་དང༌། འཛིན་རིམ་དྲུག་པ་ཡན་ཨིན་ཡིག་ཐོག་སློབ་ཁྲིད་གནང་བཞིན་ཡོད། སློབ་གྲྭ་འདི་ནས་འཛིན་རིམ་བརྒྱད་པ་སློབ་ཐོན་བྱུང་རྗེས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ཌལ་ཧོར་གཏན་སློབ་དང༌། སིམ་ལ་གཏན་སློབ། རྡོར་གླིང༌། སྤོན་ཊ་སོགས་སུ་འཛུལ་ཞུགས་ཀྱིས་གཞི་རིམ་གོང་མའི་སློབ་གཉེར་བྱེད་ཀྱི་ཡོད།
སློབ་གྲྭ་འདི་བཞིན་ཞོགས་པ་ཆུ་ཚོད་༧་༣༠ ནས་སྐར་མ་༨་༤༥ བར་སློབ་གྲྭའི་ཚོགས་ཁང་ནང་རང་སྦྱོང་ཚོགས་དགོས་ཤིང༌། རང་སྦྱོང་ལྟ་རྟོག་གནང་མཁན་དགེ་རྒན་གཉིས་རེས་མོས་སུ་བཀོད་སྒྲིག་བྱས་ཡོད། དེ་རྗེས་རྩེད་ཐང་སྟེང་དགེ་སློབ་རྒྱས་འཛོམས་ཐོག་འཛིན་རིམ་གསུམ་པ་ཡན་གྱི་སློབ་ཕྲུག་རེས་མོས་ཀྱིས་སྙན་ཚིག་གྱེར་འདོན་དང༌། འཛིན་རིམ་ལྔ་པའི་སློབ་ཕྲུག་རེས་མོས་ཀྱིས་ཉིན་རེའི་བསམ་ཚུལ་སྐོར་གཏམ་བཤད། འཛིན་རིམ་དྲུག་པ་དང་བདུན་པའི་སློབ་ཕྲུག་ཚོས་སྒྲུང་གཏམ་དང་ཉིན་རེའི་གསར་འགྱུར་ངོ་སྤྲོད། འཛིན་རིམ་བརྒྱད་པའི་སློབ་ཕྲུག་ཚོས་སྤྱིར་བཏང་ཤེས་བྱའི་སྐོར་དྲི་བ་གཏོང་ལེན་བྱས་མཐར་རོལ་དབྱངས་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་གཏོང་གི་ཡོད།
ཆུ་ཚོད་༩་༢༥ ནས་༡༢་༡༥ བར་འཛིན་གྲྭ་འཚོགས་པ་དང༌། དེ་རྗེས་ཆུ་ཚོད་གཅིག་རིང་ཉིན་གུང་གསོལ་ཚིགས་བར་གསེང༌། སྐབས་དེར་བོད་དགེ་རེས་མོས་ཀྱིས་སློབ་མ་ཚོའི་ཞལ་ལག་ལ་གཟིགས་རྟོག་གནང་གི་ཡོད་ལ། ཆུ་ཚོད་༡་༡༥ ནས་༣་༣༠ བར་ཉིན་རྒྱབ་འཛིན་གྲྭའི་དུས་ཡུན། ཕྱི་དྲོའི་ཆུ་ཚོད་༣་༣༠ ནས་༥་༠༠ བར་སློབ་གསེང་བྱེད་སྒོ་དང་རང་སྦྱོང་གི་དུས་ཚོད་བཅས་ཡིན།
སློབ་གྲྭའི་ནང་རྒྱུན་ལྡན་སློབ་ཐུན་རིགས་ཕུད། སློབ་མའི་ལུས་སེམས་འཚར་ལོངས་བདེ་ཐང་ཡོང་ཐབས་དང༌། སྲོལ་རྒྱུན་དང་དེང་རབས་རིག་གནས་དང་བྱེད་སྒོ། ཁྱད་པར་བོད་ཀྱི་ཐུན་མིན་རིག་གཞུང་གཅེས་འཛིན་ལ་དམིགས་པའི་རིག་གཞུང་གི་བྱེད་སྒོ་གང་མང་འཆར་འགོད་ཀྱིས་འཛུགས་སྐྱོང་གནང་བཞིན་ཡོད། དེ་ཡང་དཔེར་ན། སྲོལ་རྒྱུན་གཞས་སྣ་དང་ཟློས་གར་འགྲན་བསྡུར། རིག་གཞུང་བགྲོ་གླེང༌། སྙན་ཚིག་སྐྱོར་འདོན། ཡིག་གཟུགས་འགྲན་བསྡུར། ཚིག་སྒྲུབ་འགྲན་བསྡུར། རྩོམ་བྲིས་འགྲན་བསྡུར། གཏམ་བཤད། རིག་རྩལ་འགྲན་བསྡུར། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྦྱང་བཤད། སྲོལ་རྒྱུན་རྩེད་རིགས། ལོ་འཁོར་ལུས་རྩལ་འགྲན་ཚོགས། སློབ་གྲྭའི་ཉེ་འཁོར་གཙང་བཟོ་དང་ཤིང་འཛུགས་ནགས་འདེབས་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་བ་ལ་བརྟེན་ནས་སློབ་ཕྲུག་ཚོའི་ཤེས་ཚད་སྤྱི་དང༌། བྱེ་བྲག་སློབ་སྦྱོང་གི་ལག་ལེན་དང་སྤྲོ་བ་ཤུགས་ཆེར་འཕེལ་བའི་ཕན་རླབས་མངོན།

༥།    གཞུང་འབྲེལ་འཚམས་གཟིགས།

སློབ་གྲྭ་འདིར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མེད་པ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་དང༌། རང་གཞུང་གི་མཛད་གཙོ་དང་འབྲེལ་ཡོད་ལས་བྱེད། མཁས་དབང༌། སྐུ་མགྲོན་སོགས་རྒྱུན་མར་ཕེབས་ཡོད་པ་རེ་རེ་བཞིན་འབྲིར་མི་ལང་ཡང༌། ཉེ་བའི་ལོ་ཤས་རིང་གཞུང་འབྲེལ་འཚམས་གཟིགས་ཁག་ཅིག་དཔེ་མཚོན་དུ་བཀོད་པ་གཤམ་གསལ།
ཕྱི་ལོ་༡༩༨༩ དང༌། ༡༩༩༥།༢༠༠༤ སོགས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྔ་རྗེས་ཐེངས་དྲུག་ཙམ་སློབ་གྲྭ་འདིར་ཆིབས་བསྒྱུར་འཚམས་གཟིགས་བཀའ་དྲིན་བསྐྱངས་ཏེ། དགེ་སློབ་ཕ་མ་བཅས་པར་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་པས། འདུས་ཚོགས་དགེ་སློབ་མི་མང་བཅས་པའི་རྨོངས་མུན་སེལ་བའི་ཉིན་མོ་ལྟར་གྱུར་ཏེ་ལེགས་ཉེས་བླང་དོར་དང་དུས་རྒྱུན་འདུ་ཤེས་འཛིན་སྟངས་སོགས་སྤྱི་སྒེར་གྱི་དོན་གནས་གང་ཅིར་ཕན་རླབས་གཏིང་ཟབ་བྱུང༌། མཐའ་མའི་འཚམས་གཟིགས་དེ་བཞིན་ཕྱི་ལོ་༢༠༠༤ ཟླ་༡ ཚེས་༡༡ ནས་༡༤ བར་གཞིས་ཆགས་སུ་སྐུ་བཞུགས་དང༌། ཚེས་༡༢ ཉིན་སློབ་གྲྭར་འཚམས་གཟིགས་ཀྱིས་སློབ་མའི་ཚན་རིག་འགྲེམས་སྟོན་ལ་ཐུགས་དགྱེས་ཉམས་ཆེན་པོས་གཟིགས་ཞིབ་ཀྱིས་བསྔགས་བརྗོད་ཀྱང་གནང༌། སློབ་ཕྲུག་རྣམས་ལ་ཕྱག་ཚོད་ཕྱེད་ཀའི་རིང་ཤེས་ཡོན་གལ་ཆེན་པོ་ཡིན་སྐོར་དང༌། ཕ་མེས་ནས་བརྒྱུད་པའི་ཡ་རབས་བཟང་སྤྱོད་རྒྱུན་འཛིན། ནང་ཆོས་ཀྱི་སྙིང་པོ་སེམས་བཟང་པོར་ཐུག་ཡོད་ཚུལ། སྙིང་རྗེའི་དགོས་པ་སོགས་རྩ་ཆེའི་བཀའ་སློབ་བཀའ་དྲིན་སྩལ།
ཕྱི་ལོ་༡༩༩༦ ལོར་ཤེས་རིག་བཀའ་བློན་རིན་ཆེན་མཁའ་འགྲོ་ཆོས་རྒྱལ་མཆོག་གིས་འཚམས་གཟིགས་གནང་སྟེ། དགེ་སློབ་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གལ་ཆེའི་རང་བཞིན་སྐོར་དང༌། རིག་གནས་སྤྱི་དང་ཁྱད་པར་བོད་ཀྱི་སྐད་ཡིག་ཐོག་འབད་བརྩོན་དགོས་གལ། དེང་སྐབས་སྤྱི་ཚོགས་ཀྱི་གནས་སྟངས་དང་དེ་ལ་གདོང་ལེན་བྱེད་ཕྱོགས། དགེ་སློབ་དབར་བྱམས་བརྩེ་དང་གུས་བཀུར་ཐད་དམིགས་བསལ་ཐུགས་སྣང་དགོས་པ་སོགས་ཐད་གལ་ཆེའི་ལམ་སྟོན་གནང༌།
ཕྱི་ལོ་༡༩༩༩ ཟླ་༢ པའི་ནང་དཔལ་ལྡན་ྋས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ཕྲུ་གུའི་ཤེས་ཡོན་སྤྱི་དང༌། ཡ་རབས་བཟང་སྤྱོད་སོགས་དགོས་གལ་བཀའ་སློབ་གནང་རྗེས། འཛིན་ཁང་རེ་རེ་བཞིན་ཞབས་ཀྱིས་བཅགས་ཏེ་རབ་གནས་བྱིན་རླབས་བཀའ་དྲིན་སྩལ།
ཕྱི་ལོ་༢༠༠༤ ཟླ་༤ ཚེས་༢༦ ཉིན་དབུས་བོད་སློབ་འཛིན་ཚོགས་དྲུང་ཆེ་ཝར་མ་དང༌། ཤེས་རིག་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་གཉིས་ཀྱིས་འཚམས་གཟིགས་གནང༌།
ཕྱི་ལོ་༢༠༠༥ ཟླ་༤ པའི་ནང་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་ནོར་རྒྱས་གླིང་གཞིས་ཆགས་སུ་འཚམས་གཟིགས་ཀྱིས་མི་མང་དང་དགེ་སློབ་ཚང་མར་བོད་ཀྱི་གནས་སྟངས་དང༌། རང་གཞུང་གི་གཞི་རིམ་ཤེས་ཡོན་སྲིད་བྱུས། མི་སྒེར་གྱི་ལས་འགན་དང་བླང་དོར་བྱ་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང༌།
ཕྱི་ལོ་༢༠༠༧ ཟླ་༨ པའི་ནང་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་དང༌། སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་རྣམས་གཉིས་འཚམས་གཟིགས་ཀྱིས་སློབ་སྦྱོང་དང༌། གཙང་འཕྲོད། ཡ་རབས་བཟང་སྤྱོད་སོགས་ཐད་གསུང་བཤད་གལ་ཆེན་གནང༌།
ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༣ ནས་༤ ཉིན་དབུས་བོད་སློབ་འཛིན་ཚོགས་ཤེས་ཡོན་འགན་འཛིན་སྐུ་ཞབས་རན་ནཱ་དང༌། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་གཉིས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།
ཕྱི་ལོ་༢༠༠༩ ཟླ་༨ ཚེས་༥ ཉིན་བོད་གཞུང་དབུས་སྨན་རྩིས་ཁང་གི་ཨེམ་ཆི་པདྨ་རྡོ་རྗེ་ལགས་དང༌། བདེ་ལེགས་སྨན་ཁང་གི་ལས་བྱེད་སྐལ་བཟང་ལྷ་མོ་ལགས་གཉིས་སློབ་གྲྭར་ཆེད་ཕེབས་ཀྱིས་སློབ་མ་རྣམས་ལ་ཕྱི་ལུགས་དང་བོད་ལུགས་གསོ་བ་རིག་པ་སོ་སོའི་ཐོག་ནས་སྤྱིར་ནད་ཀྱི་འབྱུང་རྐྱེན་དང༌། བྱེ་བྲག་རེག་དུག་དང་འགོས་ནད་ཀྱི་སྐོར་སྤང་བླང་བྱེད་སྒོ་ཁ་གསལ་གོ་བདེའི་སྒོ་ནས་ངོ་སྤྲོད་གནང་ཡོད།