བསྟན་འཛིན་སྒང་ཉིན་སློབ།

[toc]

༡།    འགོ་འཛུགས།

བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་མོན་རྟ་དབང་གི་ཕྱུག་བདག་དོན་པོ་མོར་ཤིང་ནས་བསྟན་འཛིན་སྒང་དུ་གནས་སྡོད་བོད་མི་ཚོའི་གཞིས་ཆགས་ཡུལ་དུ་དམིགས་ཏེ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ས་ཆ་ཨེ་ཀར་༢༠༠༠ ཙམ་འདེགས་འབུལ་ཞུས། དེ་ནས་བཟུང་བོད་མི་རྣམས་བསྟན་འཛིན་སྒང་དུ་གནས་གཞི་ཆགས།
བསྟན་འཛིན་སྒང་ནི་ཨ་རུ་ན་ཅལ་མངའ་སྡེའི་ཏེ་ཛི་པུར་གྲོང་ཁྱེར་དང་ཀི་ལོ་མི་ཊར་༢༠༠ ཙམ་དུ་ཡོད་པའི་ཀེ་མང་ནུབ་མ་(West Kemang)ཞེས་པའི་རྫོང་ཁོངས་སུ་ཆགས་ཡོད། ས་ཁུལ་དེ་ནི་མཐོ་བརྗིད་གངས་རི་དང་སྔོ་ལྗང་ནགས་ཚལ་གྱིས་མཛེས་ཤིང༌། དགུན་དུས་བསིལ་ཞིང་སྐྱིད་ལ་དབྱར་དུས་ཚ་ཞིང་ཆར་ཆུ་ཧ་ཅང་མོད།
བོད་མིའི་གཞིས་ཆགས་གསར་འཛུགས་གནང་རྗེས་བོད་ཕྲུག་ཚོའི་མ་འོངས་མདུན་ལམ་ཆེད་སློབ་གྲྭ་ཞིག་དགོས་ངེས་ཡོད་སྟབས། ཕྱི་ལོ་༡༩༧༢ ལོར་བསྟན་འཛིན་སྒང་ཉིན་སློབ་གསར་འཛུགས་གནང༌། སློབ་གྲྭ་དེ་བཙུགས་རྗེས་ལམ་སེང་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས་སུ་རྩིས་བཞེས་བཀའ་འཁྲོལ་ཐོབ། ཐོག་མའི་ཆར་སློབ་ཁང་སོགས་ཆ་རྐྱེན་མེད་པས་གཞིས་གྲོང་གཉིས་པའི་སྤྱིལ་ཁང་ཞིག་ཏུ་འགོ་བཙུགས། དེ་རྗེས་སློབ་ཕྲུག་གི་གྲངས་འབོར་རིམ་བཞིན་འཕེལ་རྒྱས་ཕྱིན་པར་བརྟེན། ཕྱི་ལོ་༡༩༧༧།༧༨ ཡས་མས་སུ་བོད་མིའི་ས་གནས་བདེ་དོན་ལས་ཁང་ནས་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་༡༥༠༤༦ ཡོད་པའི་ས་ཆ་གསོལ་སྩལ་གནང་བའི་སྟེང་གཏན་འཇགས་སློབ་ཁང་ཁང་བརྩེགས་གསར་སྐྲུན་གནང༌།
ཐོག་མར་སློབ་གྲྭ་འགོ་འཛུགས་སྐབས་སློབ་ཕྲུག་༥༠ དང༌། སྤྱིར་བཏང་དགེ་རྒན་༢ དང་བོད་དགེ་༡ བཅས་ཡོད།
ཕྱི་ལོ་༢༠༠༨ ལོར་སྔོན་འགྲོའི་ནང་སློབ་ཕྲུག་གྲངས་༧༣ དང༌། འཛིན་གྲྭ་༡ ནས་༥ བར་སློབ་ཕྲུག་གྲངས་༡༨༩  འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་སློབ་ཕྲུག་གྲངས་༩༨ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༣༦༠ དང༌། དགེ་རྒན་༡༥ བཅས་ཡོད།

༢།    མཐུན་རྐྱེན་འཛུགས་སྐྲུན།

སློབ་ཁང་ཁང་བརྩེགས་ཆེན་མོ་དེ་ཐོག་མར་ཕྱི་ལོ་༡༩༧༧།༡༩༧༨ ལོར་གསར་སྐྲུན་གནང་བ་དང༌། ཁང་བརྩེགས་གཞན་དེ་ཕྱི་ལོ་༡༩༩༥།༡༩༩༦ ལོར་གསར་བཞེངས་གནང༌། སློབ་གྲྭ་འདིར་འཛིན་ཁང་འདང་ངེས་ཡོད། ཕྱི་ལོ་༢༠༠༤།༢༠༠༥ ལོར་ཐོན་ཁུངས་ལྟེ་གནས་དང༌། དཔེ་མཛོད་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ཁང༌། ཚན་རིག་ཚོད་ལྟ་ཁང་དང་རི་མོ་དང་སྒྱུ་རྩལ་སྡེ་ཚན་བཅས་གསར་འཛུགས་གནང༌།
ཕྱི་ལོ་༢༠༠༥ ལོར་དགེ་སློབ་གཉིས་ཀར་གསང་སྤྱོད་ཁང་བརྩེགས་ཟུར་རྒྱག་དང༌། འཛིན་ཁང་འཕར་མ་༥ གསར་རྒྱག་བཅས་ཀྱི་ཆེད་དབུས་བོད་སློབ་འཛིན་ཚོགས་ནས་སྒོར་འབུམ་༧ ལྷག་བཏང༌། ཕྱི་ལོ་༢༠༠༧ ལོར་སློབ་གྲྭའི་རྩེད་ཐང་གསར་སྐྲུན་དང༌། ནང་བཅད་ར་སྐོར་གསར་སྐྲུན་གནང༌། ཕྱི་ལོ་༢༠༠༨ ལོར་རྩེད་ཐང་མུ་མཐུད་ཡར་རྒྱས་བཏང་བ་དང༌། ནང་བཅད་ར་སྐོར་ལྷག་འཕྲོས་གསར་སྐྲུན། ལས་ཤག་འཕར་མ་༢ གསར་རྒྱག་གི་ལས་གཞི་འགྲོ་མུས་ཡིན།
ད་ལྟའི་ཆར་སློབ་གྲྭའི་ས་ཁྱོན་དང་ཁོར་ཡུག་ཚང་མ་ཨར་འདམ་གྱི་ར་བས་བསྐོར་ཡོད། སློབ་གྲྭའི་ཉེ་འགྲམ་དུ་སློབ་ཕྲུག་ཉལ་ཁང་ཞིག་ཡོད་པའི་ནང་རྟ་དབང་སོགས་ས་ཁུལ་ཉེ་ཁག་ནས་སླེབས་པའི་སློབ་ཕྲུག་༡༥༠ ཡས་མས་གནས་སྡོད་བྱས་ཡོད། ཉལ་ཁང་དེ་ནི་བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁང་ནས་གསར་སྐྲུན་གྱིས་འཛིན་སྐྱོང་གནང་བཞིན་ཡོད། བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ཌན་མག་བྱིས་པའི་ཐེབས་རྩའི་(Danish Children’s Fund)རོགས་རམ་འོག་སྤྱོད་སྒོ་སྣ་མང་ཅན་གྱི་ཚོགས་ཁང་ཆེན་མོ་གསར་བཞེངས་གནང་བ་ཕྱི་ལོ་༢༠༠༤ ཟླ་༣ པར་ལེགས་གྲུབ་བྱུང་བ་དང༌། ཕྱི་ལོ་༢༠༠༨ ལོར་དྷ་ས་བོད་ཀྱི་དགེ་རྩ་ཚོགས་པའི་(Tibet Charity)རོགས་རམ་འོག་སློབ་གྲྭའི་གསོལ་ཐབ་ཁང་ཞིག་གསོ་གནང་བ་ལེགས་གྲུབ་བྱུང༌།
སློབ་གྲྭའི་མདུན་ཐང་དུ་ཉེ་ལམ་གསར་དུ་བསྐྲུན་པའི་སིལ་སྤོལ་རྩེད་ཐང་དང་ཚོགས་ར། སློབ་གྲྭའི་ཡིག་ཚང་རྒྱབ་ཏུ་ལག་རྩེད་སྤོ་ལོའི་རྩེད་ཐང་སྤུས་ལེགས་བཅས་ཡོད། སློབ་གྲྭར་ཁང་བརྩེགས་ཆེན་པོ་གསུམ་ཡོད་པའི་ནང་གཞི་རིམ་བར་མའི་ཁང་བརྩེགས་དང༌། གཞི་རིམ་འོག་མའི་ཁང་བརྩེགས། ཤེས་ཡོན་ལས་རིམ་ཁང་བརྩེགས་བཅས་ཡིན། གཞན་ཡང་སློབ་མའི་སྐྱེད་ཚལ། རྩིས་རིག་ཚོད་ལྟ་ཁང༌། སློབ་གྲྭའི་ཁོར་ཡུག་ཚང་མར་མེ་ཏོག་ལྡུམ་ར། ལམ་ཟུར་དུ་སྲུང་སྐྱོབ་གྱང་ར་བཅས་བཟོས་ཡོད།
སློབ་གྲྭ་འདིར་དགོས་མཁོའི་མཐུན་རྐྱེན་ཆ་ཚང་འཛོམས་པའི་དཔེ་མཛོད་ཅིག་ཡོད་པའི་ནང་ཨིན་ཇི་དང༌། ཧིནྡི། བོད་ཡིག་གི་དཔེ་དེབ་སྣ་མང་ཕུན་སུམ་ཚོགས་ཤིང༌། འཛིན་གྲྭ་ཚང་མར་དཔེ་མཛོད་ནང་དཔེ་དེབ་ཀློག་རྒྱུའི་ཚོགས་ཐེངས་བཀོད་སྒྲིག་བྱས་ཡོད་པས་སློབ་ཕྲུག་ཚོས་དཔེ་དེབ་འདྲ་མིན་ཀློག་རྒྱུར་ཧ་ཅང་དགའ་མོས་བྱེད་ཀྱི་ཡོད། དཔེ་མཛོད་ནང་ལོ་རེ་བཞིན་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་བོད་ཕྲུག་ཚོའི་སློབ་སྦྱོང་གི་གཞོགས་འདེགས་ཆེད་སློབ་དེབ་དང༌། ཀློག་བལྟའི་དེབ་རིགས་སྣ་ཚོགས་མཁོ་སྤྲོད་གནང་མུས་ཡིན། ཞོགས་པར་སློབ་ཕྲུག་ཚོར་རང་སྦྱོང་གི་འཛིན་གྲྭ་ཟུང་འཛུགས་དང༌། སློབ་སྦྱོང་ཞན་པའི་སློབ་ཕྲུག་ཚོར་ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་སླད་ཟུར་དུ་བཅོས་ཐབས་འཛིན་གྲྭ་བཙུགས་ཡོད།
བསྟན་འཛིན་སྒང་དབུས་སློབ་འདིར་ཡན་ལག་སྔོན་འགྲོའི་སློབ་གྲྭ་གཉིས་ཡོད་པ་ནི། བསྟན་འཛིན་སྒང་སྔོན་སློབ་དང༌། འབུམ་སྡེ་ལ་སྔོན་སློབ་བཅས་ཡིན།

༣།    སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་བསྟན་འཛིན་སྒང་ཉིན་སློབ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོར་དེར་སློབ་ཕྲུག་བུ་༡༧༨ དང་བུ་མོ་༡༩༠ བཅས་བསྡོམས་༣༦༨ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དེའི་ནང་བོད་རིགས་སློབ་ཕྲུག་༣༤༩ ཡོད། དགེ་རྒན་༡༨ དང་སྤྱིར་བཏང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༢༡ ཡོད།
སློབ་གྲྭ་འདིའི་འཛིན་རིམ་བརྒྱད་པ་ཐོན་ཐེངས་དང་པོ་དེ་ཕྱི་ལོ་༡༩༧༩ ལོར་ཡིན། དེ་ནས་བཟུང་ལོ་རེར་ཆ་སྙོམས་སློབ་ཕྲུག་གྲངས་༢༢ ཙམ་འཛིན་རིམ་བརྒྱད་པ་སློབ་མཐར་ཕྱིན་མུས་ཡིན། ཕྱི་ལོ་༢༠༠༨ བར་སློབ་གྲྭ་འདི་ནས་སློབ་མ་༦༥༠ ལྷག་མཐར་ཕྱིན་པ་བྱུང་ཡོད།
སློབ་གྲྭ་འདིའི་སྤྱི་ཡོངས་ཡིག་རྒྱུགས་གྲུབ་འབྲས་ནི། ཕྱི་ལོ་༢༠༠༠ ལོར་བརྒྱ་ཆ་༩༤ དང༌། ཕྱི་ལོ་༢༠༠༡ ལོར་བརྒྱ་ཆ་༩༣ ཕྱི་ལོ་༢༠༠༢ ལོར་བརྒྱ་ཆ་༩༠ ཕྱི་ལོ་༢༠༠༣ ལོར་བརྒྱ་ཆ་༩༥ ཕྱི་ལོ་༢༠༠༤ ལོར་བརྒྱ་ཆ་༩༦ བཅས་ལོན་ཡོད།
ཕྱི་ལོ་༢༠༠༣ ལོའི་རྒྱལ་ཡོངས་འཛིན་རིམ་ལྔ་པ་དང་བརྒྱད་པའི་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་ནི་རིམ་པ་བཞིན་བརྒྱ་ཆ་༩༥་༢  དང་བརྒྱ་ཆ་༩༠ ཡིན་ལ། སློབ་གྲྭའི་སློབ་མ་ཡོངས་ཁྱབ་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་༩༥ ཡིན།
ཕྱི་ལོ་༢༠༠༠ ནས་༢༠༠༦ བར་ལོ་དྲུག་རིང་འཛིན་རིམ་ལྔ་པ་དང་བརྒྱད་པའི་རྒྱལ་ཡོངས་ལོ་འཁོར་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆའི་གནས་སྟངས་གཤམ་གསལ།
བྱ་ར། ཕྱི་ལོ་༢༠༠༠ ཕྱི་ལོ་༢༠༠༡ ཕྱི་ལོ་༢༠༠༢ ཕྱི་ལོ་༢༠༠༣ ཕྱི་ལོ་༢༠༠༤ ཕྱི་ལོ་༢༠༠༥ ཕྱི་ལོ་༢༠༠༦
འཛིན་རིམ་ལྔ་པ།      ༡༠༠      ༡༠༠      ༡༠༠      ༩༥      ༡༠༠      ༡༠༠      ༡༠༠
འཛིན་རིམ་བརྒྱད་པ།      ༦༦      ༩༨      ༩༣      ༩༠      ༡༠༠      ༡༠༠      ༡༠༠

༤།    ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

དབུས་བོད་སློབ་འཛིན་ཚོགས་དང་རང་གཞུང་ཤེས་རིག་ལས་ཁུངས་ནས་ལོ་ལྟར་གཞི་རིམ་གོང་འོག་བར་གསུམ་གྱི་ཆེད་ལས་སྦྱོང་བརྡར་གོ་སྒྲིག་གནང་བའི་ནང་བསྟན་འཛིན་སྒང་སློབ་གྲྭའི་འབྲེལ་ཡོད་དགེ་རྒན་ཚང་མས་དང་དོད་ཆེན་པོས་འཛུལ་ཞུགས་བྱས། སྦྱོང་བརྡར་དེ་དག་ལས་བྱུང་བའི་གྲུབ་དོན་འབྲེལ་ཡོད་སློབ་དགེ་སོ་སོས་སློབ་ཁྲིད་ཀྱི་ལག་ལེན་དང་སྦྱར་ནས་དགེ་རྒན་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱེད་པ་དང༌། དེ་བཞིན་སློབ་ཚན་སོ་སོའི་དགེ་རྒན་ལྷན་ཚོགས་དང༌། དགེ་ཆེའི་མདུན་དུ་དུས་ཚོད་ངེས་ཅན་ནང་སློབ་ཁྲིད་གནས་སྟངས་སྐོར་རྟོག་ཞིབ་དང་བགྲོ་གླེང་ཆག་མེད་བྱས་པས། དེང་དུས་སློབ་ཁྲིད་སྦྱོང་བརྡར་གྱིས་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ཡོང་བར་ཉིན་རེ་ནས་ཉིན་རེར་ཕན་ཐོགས་ཆེན་པོ་བྱུང་ཡོད།
དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་གཞན་དག་ལྟར་བསྟན་འཛིན་སྒང་སློབ་གྲྭའི་ལོ་འཁོར་གཅིག་གི་ཤེས་ཡོན་དང་སློབ་གསེང་བྱེད་སྒོའི་ལས་རིམ་རྣམས་གོང་རིམ་གྱི་སྲིད་བྱུས་དགོངས་དོན་གཞིར་བཟུང་སྔོན་ཚུད་ནས་འཆར་འགོད་ཀྱིས་ལོ་འཁོར་གཅིག་ནང་ལས་རིམ་བྱེད་སྒོའི་རེའུ་མིག་གཏན་འབེབས་བྱས་པ་གཞིར་བཟུང་ཐོག ཨིན་བོད་ཧིན་གསུམ་གྱི་ཡིག་གཟུགས་འགྲན་བསྡུར་དང༌། རིག་གཞུང་འཁྲབ་སྟོན། ཁང་ཚན་རྩེད་འགྲན། ཨིན་བོད་ཧིན་གསུམ་ཐོག་རིག་རྩལ་དང་བགྲོ་གླེང་གི་ལས་རིམ། སློབ་གསེང་ཕྱི་བསྐྱོད་ལྟ་བསྐོར། གདོང་ལེན་རུ་ཁག་གི་སྤྱི་ཚོགས་ཞབས་ཞུའི་བྱེད་སྒོ། དུས་ཆེན་སྲུང་བརྩི། ཁོར་ཡུག་དང་འཕྲོད་བསྟེན་སོགས་སྤྱི་ཚོགས་ཁྲོད་གོ་རྟོགས་སྤེལ་ཐབས། ལག་ཤེས་ཐོན་རྫས་འགྲེམས་སྟོན། ལོ་འཁོར་རྩེད་འགྲན་སོགས་ཤེས་ཡོན་དང་ཤེས་ཡོན་གཞོགས་འདེགས་ཀྱི་ལས་རིམ་ཕུན་སུམ་ཚོགས་པ་སྤེལ་མུས་ཡིན།
འོན་ཀྱང༌། སློབ་གྲྭ་འདི་ཉིད་རྒྱ་གར་མཐའ་ཁུལ་དུ་གནས་གཤིས་འགྲིམ་འགྲུལ་དང་ཆ་འཕྲིན་སྟབས་བདེ་མེད་ཐོག གློག་དང་འཕྲོད་བསྟེན། སྦྲག་ཟམ། དངུལ་ཁང༌། ཁྲོམ་ར་དང་དཔལ་འབྱོར། ས་གནས་ཀྱི་དམིགས་བསལ་ཤེས་ཡོན་ཆ་རྐྱེན་སོགས་ཁོར་ཡུག་གནས་སྟངས་ཞན་པས། སློབ་ཕྲུག་རྣམས་ཐོག་མར་སློབ་གྲྭར་སླེབས་དུས་བོད་སྐད་ཙམ་ཡང་བཤད་མི་ཤེས་པའི་གནས་སྟངས་དེ་ལྟ་ནའང༌། དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས། སློབ་གྲྭའི་དགེ་ལས་བཅས་ནས་ཧུར་བརྩོན་བྱས་པའི་འབྲས་བུ་མི་དམན་པ་ཐོབ་ཡོད།

༥།    གཞུང་འབྲེལ་འཚམས་གཟིགས།

སློབ་གྲྭ་འདིར་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་དུས་དུས་སུ་འཚམས་གཟིགས་དང་རྟོག་ཞིབ་གནང་དང་གནང་མུས་ཡིན། ཉེ་ལམ་གྱི་འཚམས་གཟིགས་ཁག་དཔེ་མཚོན་དུ་བཀོད་ན།
ཕྱི་ལོ་༢༠༠༣ ཟླ་༦ པའི་ཚེས་འགོར་བོད་སློབ་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་ཌོག་ཀྲར་ཨེམ་ཨེས་ཝར་མ་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་བཅས་ཆེད་ཕེབས་ཀྱིས་སློབ་གྲྭ་འདིའི་སྤྱི་ཁྱབ་གནས་སྟངས་ལ་གཟིགས་རྟོག་དང་ལམ་སྟོན་ཞིབ་རྒྱས་གནང༌།
ཕྱི་ལོ་༢༠༠༥ ཟླ་༥ པར་དབུས་བོད་སློབ་འཛིན་ཚོགས་དྲུང་ཆེ་ཌོག་ཊར་ཝར་མ་དང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་རྣམ་གཉིས་ཆེད་ཕེབས་ཀྱིས་ཤེས་ཡོན་དང་འཛིན་སྐྱོང་སོགས་སྤྱི་ཁྱབ་རྟོག་ཞིབ་དང་ལམ་སྟོན་ཞིབ་རྒྱས་གནང༌།
ཕྱི་ལོ་༢༠༠༧ ཟླ་༩ ཚེས་༩ ཉིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་ཨེས་པི་རན་ནཱ་དང་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་གཉིས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།