ཏི་ཛུ་ཉིན་སློབ།

[toc]

༢།    འགོ་འཛུགས།

ཏི་ཛུ་དར་རྒྱས་གླིང་དབུས་བོད་མིའི་སློབ་གྲྭ་ནི། ཕྱི་ལོ་༡༩༦༤ ཟླ་༢ ཚེས་༢ ལ་གསར་འཛུགས་གནང་ཞིང༌། རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ཏིན་སུ་ཀི་ཡ་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་ཀྱི་ཤར་ཕྱོགས་སུ་ཀི་ལོ་མི་ཊར་༡༧༠ ཙམ་དང༌། སྐོར་ལམ་པར་ཤུ་རམ་བརྒྱུད་ཀི་ལོ་མི་ཊར་༢༩༠ ཙམ་གྱི་སར་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་གྲོང་སྡེ་བཞི་པའི་ས་ཁོངས་སུ་ཆགས་ཡོད།
ཏི་ཛུ་བོད་མིའི་གཞིས་ཆགས་ནི་ཐོག་མར་ས་གནས་རྫོང་དཔོན་གྱི་ཕྱག་རོགས་སྐུ་ཞབས་ཌོ་གལ་(B.S. Dougal)ཞེས་པས་ཕྱི་ལོ་༡༩༦༣ ལོར་ས་ཆ་འཚོལ་ཞིབ་གནང་བ་དང༌། དེ་རྗེ་ཕྱི་ལོ་༡༩༦༤ ལོར་ཨ་སམ་དང་ན་ག་ལན་ཌི་མངའ་སྡེ་གཉིས་ཀྱི་སྲིད་སྐྱོང་གཅིག་ལྕོགས་སྐུ་ཞབས་ཝིཤི་ནུ་ས་ཧེ་(Vishnu Sahay)ནས་གཞིས་ཆགས་སྒོ་འབྱེད་གནང་འདུག
དེ་སྔ་ཨ་སམ་གྱི་ས་ཁུལ་དེ་དག་ལ་རྒྱ་གར་བྱང་ཤར་མཐའ་ཁུལ་(NEFA)ཟེར་ཞིང་ལོ་རབས་བདུན་ཅུ་པའི་ནང་བོད་དང་ས་འབྲེལ་གྱི་རི་རྒྱུད་ཁུལ་ཨ་རུ་ན་ཅལ་མངའ་སྡེ་ཞེས་ལོགས་སུ་གྱུར། ཏི་ཛུ་ཉིན་སློབ་དང་གཞིས་ཆགས་འདི་ལོ་ཧིད་རྫོང་(Lohit)གི་རི་རྒྱུད་ཀྱི་ཉེ་འདབས་སུ་ཆགས་ཡོད། ས་ཁུལ་འདི་དག་ཏུ་ལྷུན་སྟུག་ནགས་ཚལ་དང་སྔོ་ལྗང་ཁོར་ཡུག་གི་མཛེས་ཉམས་རབ་ཏུ་ངོམ་ཞིང༌། དབྱར་དུས་ཚ་དྲོད་ཆེ་ཞིང་ཆར་ཞོད་ཧ་ཅང་མོད་པ་ཞིག་ཡིན།

༢།    མཐུན་རྐྱེན་འཛུགས་སྐྲུན།

ཏི་ཛུ་ཉིན་སློབ་འདི་ཐོག་མར་འཛིན་ཁང་དང་དགེ་རྒན་ལས་ཤག མི་མང་རང་འགུལ་གྱི་ཐོག་ནས་གསར་རྒྱག་གནང་བའི་སྨྱུག་ཁང་ཐེབས་ཆག་ཁ་ཤས་ནང་འགོ་འཛུགས་གནང༌། སློབ་གྲྭའི་མིང་གཞུང་རྙིང་པའི་ནང་གསལ་སློབ་ཕྲུག་ཁ་གྲངས་༢༠ དང༌། དེ་རྣམས་ཐོད་བརྒལ་ཐོག་ནས་འཛིན་རིམ་ལྔ་པ་ལ་བཞག་ཡོད། དགེ་ལས་ཁ་གྲངས་༤ ཡོད་པ་དེ་དག་ནི་དགེ་ཆེ་དང༌། ཨིན་ཇི་དགེ་རྒན་གཅིག་ལྕོགས་སྐུ་ཞབས་ར་ཝལ་(D.V.S. Rawal)དང༌། བོད་ཡིག་དགེ་རྒན་ཤེས་རབ་དང་རྡོ་རྗེ། སློབ་གྲྭའི་ལས་དྲུང་ལྕམ་ཨར་པ་ན་བཅས་རེད་འདུག
ཕྱི་ལོ་༡༩༦༤ ལོར་ལོ་ཧིད་ས་གནས་རྫོང་དཔོན་ལས་རོགས་ཀྱི་ལམ་སྟོན་འོག་སློབ་གྲྭ་འདིའི་ཨར་པོའི་འགན་ལེན་པ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཅོ་ཀི་ལ་མོན་གོ་ཧེན་ལ་སྤྲད་པ་དང༌། ཨར་པོའི་ལས་གཞི་ཕྱི་ལོ་༡༩༦༤ ཟླ་༦ ཆེས་༡༥ ལ་འགོ་བཙུགས་ནས་མཐའ་མ་ཕྱི་ལོ་༡༩༦༥ ཟླ་བ་༢ ཚེས་༡༥ ལ་ལེགས་གྲུབ་བྱུང༌།
དེ་སྔའི་དགེ་ལས་སྡོད་ཁང་སྨྱུག་ཁང་རྣམས་ཞིག་རལ་དུ་གྱུར་ནས་དགེ་ལས་རྣམས་ཏི་ཛུ་གྲོང་རྡལ་ལ་བཞུགས་དགོས་པའི་དཀའ་ངལ་ལ་བརྟེན། དབུས་བོད་སློབ་འཛིན་ཚོགས་ཀྱིས་ཕྱི་ལོ་༡༩༧༤ ལོར་དགེ་ལས་བཞུགས་ཁང་༡༢ གསར་སྐྲུན་གནང༌།
དེ་སྔ་བརྒྱབས་པའི་འཛིན་ཁང་དང་ཡིག་ཚང་རྣམས་ཨ་སམ་གྱི་ཁང་པ་ཡིན་སྟབས་སླར་ཡང་སྐྱར་བེད་ཆེད་ཕྱི་ལོ་༡༩༨༠ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་འཛིན་ཁང་༨ དང་ཡིག་ཚང༌། དཔེ་མཛོད་ཁང༌། གཉེར་ཁང་བཅས་གསར་རྒྱག་གནང༌། དེ་རྗེས་ཕྱི་ལོ་༡༩༩༧ འཛིན་ཁང་གསར་པ་༣ དང་ལུས་རྩལ་ཟློས་གར་འཁྲབ་ཆས་འཇོག་ས་བཅས་ཁང་མིག་༥ གསར་རྒྱ་གནང༌།
ད་བར་འཛིན་ཁང་ལ་ཉམས་བཟོ་ཆེ་གྲས་༡ དང་ལས་ཤག་ལ་དེ་སྔ་ཉམས་བཟོ་ཐེངས་གཅིག་དང༌། ད་ཆ་ཧིན་སྒོར་འབུམ་དགུ་ཡི་ཉམས་བཟོ་འགྲོ་བཞིན་ཡོད།
སློབ་གྲྭའི་གློག་ཀླད་སྦྱོང་བརྡར་ཁང་ནང་གློག་ཀླད་གྲངས་༡༤ དང༌། པར་སློག་འཕྲུལ་ཆས་ཆེ་ཆུང་༢ དེང་དུས་དང་མཐུན་པའི་སློབ་ཁྲིད་ཡོ་ཆས་གསར་པ་ཡང་མང་པོ་ཡོད།
སློབ་གྲྭའི་ཆ་རྐྱེན་སློབ་དེབ་གཙོར་གྱུར་དཔེ་མཛོད་ཀྱི་གནས་སྟངས་ནི་བོད་མིའི་སློབ་གྲྭ་སྤྱི་མཚུངས་ལྟར་སློབ་ཕྲུག་ཡོངས་ལ་སློབ་དེབ་དང་གཞན་ཡང་དགོས་མཁོའི་དེབ་རིགས་འདང་ངེས་རིན་མེད་འགྲེམས་སྤེལ་གནང་བཞིན་ཡོད་པ་དག་གོང་རིམ་གྱི་སྒྲིག་གཞི་ལམ་སྟོན་ལྟར་མིག་སྨན་མིག་ཐོག་ཏུ་ཕན་སླད་དགེ་ཕན་སྤྱོད་བཞིན་ཡོད།

༣།    སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༨ བར་འདས་པའི་ལོ་ངོ་༢༠ རིང་གི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདི་ནས་ཕྱི་ལོ་༡༩༦༩ ནས་༢༠༠༨ བར་ཉུང་མཐར་སློབ་ཕྲུག་གྲངས་༥༠༠ ཙམ་སློབ་མཐར་ཕྱིན་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོར་དེར་སློབ་ཕྲུག་བུ་༦༣ དང་བུ་མོ་༦༠ བཅས་ཁྱོན་བསྡོམས་སློབ་ཕྲུག་༡༢༣ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། དེ་དག་ལས་སློབ་ཕྲུག་༡༢༠ བོད་རིགས་དང༌། སློབ་ཕྲུག་༣ ཡུལ་མིའི་ཕྲུ་གུ་ཡིན། དགེ་རྒན་༡༡ དང་སྤྱིར་བཏང་ལས་བྱེད་༣ བཅས་ཁྱོན་བསྡོམས་དགེ་ལས་༡༤ ཡོད།

༤།    ཤེས་ཡོན་ལས་རིམ།

ཕྱི་ལོ་༢༠༠༤ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ལྔ་པ་དང་བརྒྱད་པའི་ལོ་འཁོར་ཡིག་རྒྱུགས་ཁྲོད་སློབ་གྲྭ་འདིར་ཡིག་རྒྱུགས་བརྒྱ་ཆ་༡༠༠ ཐོབ། སློབ་ཕྲུག་རྣམས་ས་ཁུལ་ཆ་རྐྱེན་ཞན་ས་ནས་སླེབས་རྐྱེན་ཁང་ཚན་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་བྱེད་སྒོ་དང༌། རྩེད་མོ་དང་ལུས་རྩལ་འགྲན་བསྡུར་སོགས་སློབ་གྲྭའི་རིག་གཞུང་བྱེད་སྒོའི་ནང་དང་དོད་ཆེན་པོས་འཛུལ་ཞུགས་བྱེད། བྷལ་ཇཱ་གྷད་ཟེར་བའི་རྒྱལ་གར་རྒྱལ་ཡོངས་རླུང་འཕྲིན་ལས་རིམ་ནང་འཛུལ་ཞུགས་བྱེད་པ་དང༌། ཕྱི་ལོ་༢༠༠༤ ལོར་མཚོ་ན་མིད་རྒྱ་མཚོའི་རླུང་འཚུབ་གནོད་སྐྱོན་སྐབས་ཞལ་འདེབས་བསྡུ་རུབ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་རིམ་སྤེལ།
སློབ་གྲྭའི་དགེ་རྒན་ཚང་མ་ཆེད་ལས་འོས་སྦྱོང་ཐོན་པ་ཤ་སྟག་ཡིན་ལ། དབུས་བོད་སློབ་འཛིན་ཚོགས་དང་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་དུས་སྐབས་འོས་འཚམས་སུ་མཉམ་འབྲེལ་ལམ་ལོགས་བཀར་ཅི་རིགས་ཐོག་འབྲེལ་ཡོད་སློབ་ཚན་དང་གནད་དོན་འདྲ་མིན་ཐོག་དགེ་ལས་རྣམས་ལ་ཟབ་སྦྱོང་རིམ་པ་གོ་སྒྲིག་གནང་བར་བརྟེན། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་དགེ་ལས་ཚོའི་གོ་རྟོགས་དང་ནུས་རྩལ་ཡར་རྒྱས་བཏང་སྟེ་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་ཐབས་བྱས་ཡོད། ཁྱད་པར་ས་ཁུལ་འདི་ནི་རྒྱ་གར་གྱི་མཐའ་མཚམས་སུ་གནས་ཡོད་སྟབས། འགྲིམ་འགྲུལ་དང་བརྡ་འཕྲིན་ཧ་ཅང་སྟབས་བདེ་མེད་པ། མི་མང་གི་དཔལ་འབྱོར་གནས་སྟངས་ཞན་པ་ཡིན་པ། བོད་ཀྱི་སྐད་ཡིག་རིག་གཞུང་ཉམས་ཞན་ཆེ་བ་བཅས་ལ་བརྟེན། དཀའ་ངལ་འདི་དག་ལ་གདོང་ལེན་ཆེད་དབུས་བོད་མིའི་སློབ་གྲྭའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་འབད་རྩོལ་ཆེན་པོ་གནང་ཡོད་ལ། དངོས་ཡོད་གནས་སྟངས་ལ་གཞིགས་པའི་གྲུབ་འབྲས་གང་ཙམ་བླངས་ཡོད་སྙམ།
ལོ་རེར་བོད་གཞུང་ཤེས་རིག་ལས་ཁུངས་ནས་འཛིན་རིམ་དྲུག་པ་ཡན་གྱི་སློབ་མ་ཚོར་བོད་ཡིག་རྩེ་ཕུད་བྱ་དགའ་གསོལ་རས་གནང་བ་དང༌། རྒྱལ་ཡོངས་བོད་ཡིག་འབྲི་རྩོམ་འགྲན་བསྡུར། རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་ཕུལ་བྱུང་འདེམས་སྒྲུག་ལས་རིམ་སོགས་སྤེལ་བཞིན་ཡོད་ལ། ལས་རིམ་འདི་དག་ནང་ཏི་ཛུ་སློབ་གྲྭའི་སློབ་མ་རྣམས་འཛུལ་ཞུགས་བྱས་ཏེ་གྲུབ་འབྲས་གང་ལེགས་བླངས་ཡོད། ཕྱི་ལོ་༢༠༠༣ ཟླ་༩ ཚེས་༤ ཉིན་གྱི་འགྲན་བསྡུར་ནང་སློབ་གྲྭ་འདིའི་འཛིན་རིམ་བརྒྱད་པའི་སློབ་མ་སངས་རྒྱས་ཆོས་སྒྲོན་ལ་ཨང་རིམ་གཉིས་པའི་ལག་ཁྱེར་དང་གསོལ་རས་ཐོབ་ཡོད་ལ། འཛིན་རིམ་སོ་སོའི་བོད་ཡིག་རྩེ་ཕུད་སློབ་མར་བྱ་དགའ་གནང་མུས་ཡིན།

༥།    གཞུང་འབྲེལ་འཚམས་གཟིགས།

ལོ་རབས་བདུན་ཅུའི་ནང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཐུབ་བསྟན་ཉིན་བྱེད་དང་ནང་སྲིད་བཀའ་བློན་དབང་འདུས་རྡོ་རྗེ་མཆོག་རྣམ་གཉིས་སློབ་གྲྭར་དམིགས་བསལ་འཚམས་གཟིགས་བསྐྱངས་ནས་བཀའ་སློབ་ཟབ་རྒྱས་གནང༌།
དེ་རྗེས་བོད་མི་མང་སྤྱི་འཐུས་དང་རང་གཞུང་གི་མཛད་གཙོ་རྣམ་པ། མངའ་སྡེའི་བློན་ཆེན་དང་དཔོན་རིགས་ཆེ་ཁག དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་རིམ་བྱོན། ཤེས་ཡོན་འགན་འཛིན་རྣམ་པ་བཅས་ཀྱིས་ཐུགས་ཁུར་ཆེན་པོས་དུས་སྐབས་སོ་སོའི་དགོས་མཁོ་ལ་གཞིགས་པའི་ལམ་སྟོན་རིམ་པར་གནང༌། ཁྱད་པར་ཕྱི་ལོ་༢༠༠༠ ནང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་ཆེ་མཆོག་གིས་དགེ་སློབ་མི་མང་ཡོངས་ལ་ནང་ཆོས་ཀྱི་དོན་སྙིང་ངོ་སྤྲོད་དང༌། དེང་དུས་འཛམ་གླིང་གི་འགྱུར་འགྲོས་དང་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར། ནང་ཆོས་གཙོས་པའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་འཕྲལ་ཕུགས་ཕན་ནུས། གནའ་དེང་གཉིས་ཀའི་ཤེས་ཡོན་སྦྱང་བརྩོན་ཆེར་བསྐྱེད་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་བས་དགེ་སློབ་མི་མང་རྒན་གཞོན་ཚང་མར་ཕན་འབྲས་ཆེན་པོ་བྱུང་ཡོད།
སྔོན་ཆད་དང་བསྡུར་ན་ཕྲུ་གུའི་གཙང་སྦྲ་འཕྲོད་བསྟེན་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང༌། དེང་སང་འཛིན་རིམ་འོག་མ་དང་བར་མ་ནས་སློབ་མཚམས་བཞག་ནས་འགྲོ་མཁན་གཅིག་ཀྱང་མེད་ལ། ཁྱིམ་ཚང་ཕ་མ་དང་ཕྲུ་གུ་བཅས་ནས་དོ་སྣང་ཆེན་པོས་གཞི་རིམ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ལོངས་སུ་སྤྱོད་བཞིན་ཡོད།