ཌོ་ལན་ཇི་བོན་གཞིས་ཉིན་སློབ།

[toc]

༡།     འགོ་འཛུགས།

ཌོ་ལན་ཇི་བོན་གཞིས་དབུས་བོད་མིའི་སློབ་གྲྭ་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་མེས་པོ་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་གི་གཤམ་དུ་ཌོ་ལན་ཇི་ས་གནས་ལ་ཆགས་ཡོད། དེ་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ནས་ཀི་ལོ་མི་ཊར་༦༡ ཙམ་དང༌། སོ་ལན་རྫོང་ཐོག་ནས་ཀི་ལོ་མི་ཊར་༡༦ ཙམ་གྱི་སར་ཡོད། ཕྱི་ལོ་༡༩༦༦ ལོར་ྋསྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་ཀེ་ཐོ་ལིག་ངལ་སེལ་ཞབས་ཞུ་སྡེ་ཚན་གྱི་སྐུ་ཚབ་ལྕམ་སྐུ་ར་མི་ལ་ཀ་པུར་(Ramilla Kapoor) གྱི་ལམ་སྟོན་འོག ཌོ་ལན་ཇི་བོད་མིའི་གཞིས་ཆགས་འདི་བཞིན་ཀེ་ཐོ་ལིག་ངལ་སེལ་ཞབས་ཞུ་ཚོགས་པ་(Catholic Relief Centre) གྱི་རོགས་རམ་འོག་གཞིས་ཁང་འཛུགས་སྐྲུན་གྱི་ལས་གཞི་འགོ་འཛུགས་གནང༌། ཕྱི་ལོ་༡༩༦༧ ལོར་ཧི་མ་ཅལ་མངའ་སྡེ་གཞུང་ནས་ཐོག་མར་སློབ་ཕྲུག་༢༠ དང་དགེ་རྒན་༡ ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་ཞིག་གསར་འཛུགས་གནང༌། ཐོག་མར་སློབ་ཁང་གི་དོད་དུ་རྩྭ་འདམ་གྱིས་བཟོས་པའི་ཁང་པའི་སྟེང་རྩྭ་ཁེབས་བཏིང་ཡོད་པ་དེའི་ནང་འཛིན་གྲྭ་འཚུགས་ནས་སློབ་ཁྲིད་གནང༌། ཕྱིས་སུ་ཁང་མིག་༣ གསར་རྒྱག་གནང་ནས་ཁང་མིག་༢ འཛིན་ཁང་དང་ཁང་མིག་༡ ཡིག་ཚང་བཟོས། ཕྱི་ལོ་༡༩༧༥ ལོར་སློབ་གྲྭ་འདི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་འཇུག་བཞེས་ཀྱིས་བོན་གཞིས་ཌོ་ལན་ཇི་དབུས་བོད་མིའི་སློབ་གྲྭ་ཞེས་པར་མིང་བསྒྱུར། སྐབས་དེར་སློབ་ཕྲུག་༦༠ དང་དགེ་རྒན་༢ ཡོད། ཕྱི་ལོ་༡༩༨༨ ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས། ྋསྐྱབས་རྗེ་ྋརྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་གནས་སྟངས་སྙན་གསན་ཞུས་པར་སློབ་གྲྭ་འདི་དམའ་རིམ་སློབ་གྲྭ་ནས་འབྲིང་རིམ་སློབ་གྲྭར་གནས་སྤར་དགོས་པའི་བཀའ་སློབ་གནང་བར་བརྟེན། ཕྱི་ལོ་༡༩༨༩ ལོར་སློབ་གྲྭ་འདི་འབྲིང་རིམ་སློབ་གྲྭར་གནས་སྤར་གནང༌། དེ་ནས་སླར་ཡང་ཕྱི་ལོ་༢༠༠༣ ལོར་གཞི་རིམ་གོང་མའི་གནས་རིམ་དུ་སྤར་ཆ་གནང༌། ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་༥༠༩ དང༌། དགེ་རྒན་༢༨ ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

ཐོག་མར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རོགས་སྐྱོར་འོག་འཛིན་ཁང་༤ གསར་རྒྱག་གནང༌། དེ་རྗེས་ཕྱི་ལོ་༡༩༩༧ ལོར་ཨ་རིའི་ལྕམ་སྐུ་ཐེ་ལུ་ཁ་(Mrs.Thealuka)ནས་ཁང་མིག་གཉིས་ཀྱི་སྦྱིན་བདག་གནང༌། སླར་ཡང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༠༠ ལོར་འཛིན་ཁང་༣ གསར་རྒྱག་གནང༌། དེ་མིན་གྱི་འཛིན་ཁང་ཕལ་ཆེ་བ་ཕྱི་ལོ་༢༠༠༡ ལོར་སུད་སིར་གནས་སྡོད་དགོན་པའི་སྦྱིན་བདག་སྐུ་ཞབས་ཇོ་སིཕ་ཨོབ་ཊི་ཀར་(Mr.Joseph Optiker)ལགས་ཀྱིས་རོགས་སྐྱོར་གནང༌། ཕྱི་ལོ་༢༠༠༥ ལོར་དབུས་བོད་སློབ་འཛིན་ཚོགས་ཀྱིས་འཛིན་ཁང་༥ གསར་རྒྱག་གནང༌། སློབ་གྲྭའི་སློབ་ཁང་ཕལ་མོ་ཆེ་ཌོ་ལན་ཇི་བོན་པོའི་གཞིས་ཆགས་མི་མང་ནས་གསར་རྒྱག་གནང་ཞིང༌། བཟོ་བཅོས་དང་བདག་གཅེས་ཀྱི་ལས་དོན་རྣམས་ཌོ་ལན་ཇི་བོན་པོ་གཞིས་ཆགས་ལས་ཁང་ནས་འགན་བཞེས་གནང༌། ཕྱི་ལོ་༢༠༠༣ ལོར་སློབ་གྲྭའི་འཛིན་ཁང་ཐོག་བརྩེགས་གསུམ་ཅན་གསར་རྒྱག་གིས་དབུས་བོད་སློབ་འཛིན་སྐྱོང་ཚོགས་པར་བོགས་མའི་ཐོག་རྩིས་སྤྲོད་གནང༌། དེ་ནས་བཟུང་བཟོ་བཅོས་དང་བདག་གཅེས་ཀྱི་ལས་དོན་ཡོངས་རྫོགས་དབུས་བོད་སློབ་འཛིན་ཚོགས་པས་ཐུགས་འགན་བཞེས་མུས་ཡིན། དབུས་བོད་སློབ་འཛིན་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་འོག་སློབ་གྲྭའི་ནང་ཚན་རིག་བརྟག་དཔྱད་ཁང་དང༌། ཉུང་མཐའི་སྦྱང་བྱའི་གནས་ཚད་ཁང༌། རྩིས་རིག་བརྟག་དཔྱད་ཁང༌། ཤེས་ཡོན་ཐོན་ཁུངས་ལྟེ་གནས་ཁང༌། ཀམ་པུ་ཊར་སྦྱོང་བརྡར་ལྟེ་གནས་སོགས་ཀྱི་ཆ་རྐྱེན་ཡོད།

༣།     སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོར་དེར་སློབ་ཕྲུག་བུ་༣༠༤ དང་བུ་མོ་༡༩༩ བཅས་ཁྱོན་བསྡོམས་སློབ་ཕྲུག་༥༠༤ ཡོད་པ་ཚང་མ་ཉིན་སློབ་ཡིན་ཞིང༌། སློབ་ཕྲུག་༤༧༩ བོད་རིགས་ཡིན། དགེ་རྒན་༢༨ དང་ལས་བྱེད་༤ བཅས་ཁྱོན་བསྡོམས་དགེ་ལས་༣༢ ཡོད། ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་ཌོ་ལན་ཇི་བོད་གཞིས་སློབ་གྲྭ་འདིའི་སློབ་ཕྲུག་གྲངས་འབོར་འཕར་ཆག་གི་གནས་སྟངས་གཤམ་གསལ། སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་ལོ་འཁོར་ཡིག་རྒྱུགས་སྐབས་རྒྱུགས་འཕྲོད་བརྒྱ་ཆ་དུས་རྒྱུན་ཕལ་ཆེ་བར་བརྒྱ་ཆ་༡༠༠ བླངས་ཡོད། འདས་པའི་ལོ་ལྔ་རིང་འཛིན་རིམ་ལྔ་པ་ནས་བཅུ་པ་བར་གྱི་ལོ་འཁོར་ཡིག་རྒྱུགས་གནས་སྟངས་གཤམ་གསལ།

བྱ་ར།          ༢༠༠༡    ༢༠༠༢    ༢༠༠༣    ༢༠༠༤    ༢༠༠༥    ༢༠༠༦    ༢༠༠༧    ༢༠༠༨
འཛིན་རིམ་དྲུག་པ།    ༡༠༠%    ༩༢%    ༨༢%    ༩༥%    ༩༢%    ༩༧%    ༧༧%    ༡༠༠%
འཛིན་རིམ་བདུན་པ།    ༡༠༠%    ༩༢%    ༩༨%    ༩༦%    ༡༠༠%    ༩༢%    ༩༡%    ༡༠༠%
འཛིན་རིམ་བརྒྱད་པ།    ༨༣%    ༡༠༠%    ༩༠%    ༡༠༠%    ༡༠༠%    ༩༧%    ༩༡%    ༡༠༠%
འཛིན་རིམ་དགུ་པ།      ༠      ༠      ༧༦%    ༩༧%    ༨༢%    ༩༧%    ༩༤%    ༡༠༠%
འཛིན་རིམ་བཅུ་པ།    ༠      ༠      ༠      ༠      ༨༦་༣༦%    ༧༤%    ༡༠༠%    ༡༠༠%

༤།     ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

སློབ་གྲྭ་འདིར་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་(NCERT)ཀྱིས་གཏན་འབེབས་སློབ་གཞི་ལག་བསྟར་གྱིས་གཞི་རིམ་གོང་མའི་ཡིག་རྒྱུགས་སྐབས་དབུས་འབྲིང་སློབ་ཤེས་ཡོན་ལྷན་ཚོགས་ཀྱིས(CBSE)ཡོངས་ཁྱབ་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མུས་ཡིན། སྔོན་འགྲོ་ནས་གཞི་རིམ་འོག་མ་བར་སློབ་ཁྲིད་ཀྱི་བརྒྱུད་ལམ་གཙོ་བོ་བོད་ཡིག་ཡིན་པ་དང༌། འཛིན་རིམ་དྲུག་པ་ཡན་ཨིན་ཡིག་ཐོག་སློབ་ཁྲིད་གནང་བཞིན་ཡོད། འཛིན་རིམ་བཅུ་གཉིས་ཐོན་རྗེས་སློབ་ཕྲུག་རྒྱུགས་འབྲས་བཟང་བ་རྣམས་ལ་དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་མཐོ་སློབ་སློབ་ཡོན་རོགས་རམ་ཐོབ་ཀྱི་ཡོད། སློབ་གྲྭའི་ནང་རྒྱུན་ལྡན་སློབ་སྦྱོང་རིགས་ཕུད་ད་དུང་བོད་ཀྱི་རིག་གཞུང་གཅེས་འཛིན་དང་ལུས་སེམས་བདེ་ཐང་ལ་དམིགས་པའི་བྱེད་སྒོ་སྣ་མང་གོ་སྒྲིག་གནང་བཞིན་ཡོད། དེ་ཡང་དཔེར་ན། སློབ་ཕྲུག་ཚོར་མིག་དཔེ་སྟོན་སླད་དུས་ཆེན་ཁག་ཏུ་དགེ་ལས་རྣམས་ཀྱིས་སྲོལ་རྒྱུན་གླུ་གར་ཞབས་བྲོ་འཁྲབ་སྟོན། སློབ་ཕྲུག་ཁྲོད་གཞས་སྣ་དང་ཟློས་གར་འགྲན་བསྡུར། རིག་གཞུང་དང་སྤྱི་ཚོགས་གནད་དོན་བགྲོ་གླེང་འགྲན་བསྡུར། སྙན་ཚིག་སྐྱོར་འདོན། ཨིན་ཧིན་བོད་ཡིག་ཐོག་རྩོམ་ཡིག་དང་ཡིག་གཟུགས་འགྲན་བསྡུར། གཏམ་བཤད་དང་རིག་རྩལ་འགྲན་བསྡུར། སྲོལ་རྒྱུན་རྩེད་རིགས་དང་རི་མོ་འགྲན་བསྡུར། ལུས་རྩལ་འགྲན་ཚོགས་སོགས་ཡོད་པ་མ་ཟད། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་བཞིན་སྔ་དགོང་སློབ་གྲྭའི་ཞལ་འདོན་ཆག་མེད་ཐོག རང་སྦྱོང་ཡང་རང་མོས་ངང་ཚུགས་བཞིན་ཡོད། སློབ་གྲྭ་འདིའི་སློབ་མ་ཚོས་སོ་ལན་རྫོང་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཚོགས་བྱེད་སྒོའི་ཁྲོད་འཛུལ་ཞུགས་ཀྱིས་གཟེངས་རྟགས་མང་པོ་བླངས་ཡོད། ཕྱི་ལོ་༢༠༠༥ ལོ་ལྟ་བུར་མཚོན་ན། རྫོང་སློབ་གྲྭའི་ལོ་འཁོར་ལུས་རྩལ་འགྲན་ཚོགས་ཁྲོད་མི་ཊར་༡༠༠ དང་༢༠༠ རྒྱུག་ཤར་དང༌། འཛིན་རིམ་ལྔ་པ་དང༌། དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་སྦེ་ག་(Wrestling)ཨང་རིམ་དང་པོ་ཐོབ། མངའ་སྡེའི་འགྲན་ཚོགས་སྐབས་འཛིན་རིམ་ལྔ་པ་དང༌། དྲུག་པ། བརྒྱད་པ་བཅས་ཀྱི་སྦེ་གའི་རྟགས་མ་ཐོབ། རིག་གཞུང་བྱེད་སྒོར་མཚོན་ན། འཛིན་རིམ་དགུ་པ་དང་བཅུ་པའི་རྩོམ་ཡིག་སྐྱོར་འདོན་དང༌། འཛིན་རིམ་དགུ་པའི་རིག་རྩལ་འགྲན་བསྡུར། ཨིན་ལན་བོད་ཀྱི་ཐེབས་རྩས་གོ་སྒྲིག་གནང་བའི་རྒྱལ་ཡོངས་རྩོམ་ཡིག་འགྲན་བསྡུར་ཁྲོད་འཛིན་རིམ་བདུན་པའི་སློབ་མ་ཚེ་དབང་འབུམ་མཆོག་ལ་གཟེངས་རྟགས་དང་བྱ་དགའ་སྒོར་༡༠༠༠ ཐོབ། ཕྱི་ལོ་༢༠༠༣ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་ཡོངས་གཏན་ཉིན་སློབ་གྲྭའི་བོད་ཡིག་རྩོམ་ཡིག་འགྲན་བསྡུར་ལས་རིམ་ཁྲོད། སློབ་གྲྭ་འདིའི་འཛིན་རིམ་དགུ་པའི་སློབ་ཕྲུག་ཉི་མ་འབྲུག་གྲགས་ལ་ཕུལ་བྱུང་རྩོམ་ཡིག་གི་གཟེངས་བསྟོད་ལག་འཁྱེར་དང་ཕྱག་དངུལ་བཅས་གསོལ་རས་ཐོབ། ཕྱི་ལོ་༢༠༠༦ ལོར་འཛིན་གྲྭ་བརྒྱད་པའི་སློབ་མ་བསྟན་འཛིན་འགྲོ་དོན་དང་ཚེ་དབང་འབུམ་མཆོག་གཉིས་ལ་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཡོངས་ཀྱི་བོད་སྐད་བགྲོ་གླེང་འགྲན་བསྡུར་ནང་ཨང་རིམ་དང་པོའི་བྱ་དགའ་གསོལ་རས་ཐོབ། དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་དགེ་རྒན་ཚོར་ཆེད་ལས་ཡར་རྒྱས་གཏོང་སླད་སྦྱོང་བརྡར་རིམ་ཅན་དུ་སྤྲོད་མུས་ཐོག བོད་གཞུང་ཤེས་རིག་ལས་ཁུངས་ནས་བོད་སྐད་ཐོག་སློབ་ཚན་འཁྲིད་ཐབས་ཀྱི་ཟབ་སྦྱོང་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་གྱི་ཟབ་སྦྱོང་སོགས་དགོས་ངེས་ཟབ་སྦྱོང་གོ་སྒྲིག་གནང་བར་དང་དོད་ཆེན་པོས་འཛུལ་ཞུགས་བྱས་པ་དེས། སློབ་གྲྭ་འདིའི་དགེ་རྒན་ཚོའི་སློབ་ཁྲིད་བྱེད་ཕྱོགས་སྤྱི་དང་ཆེད་ལས་ནུས་ཚད་གོང་མཐོར་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།

༥།     གཞུང་འབྲེལ་འཚམས་གཟིགས།

བོད་སློབ་འཛིན་སྐྱོང་ཚོགས་པ་དང་བོད་གཞུང་ཤེས་རིག་ལས་ཁུངས་གཉིས་ཀྱི་ཤེས་ཡོན་ལས་འཛིན་ཡང་ནས་ཡང་དུ་གཟིགས་སྐོར་གནང་བ་དེས་སློབ་གྲྭའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཞིང༌། ལྷག་པར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཕྱི་ལོ་༡༩༨༨ དང་༢༠༠༧ སོ་སོར་ཆིབས་བསྒྱུར་གནང་སྐབས་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་ཞིང༌། ྋསྐྱབས་རྗེ་ྋརྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་པའི་ས་གནས་ཤེས་ཡོན་སློབ་སྟོན་ཚོགས་པའི་ཚོགས་གཞོན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་དང༌། ས་གནས་འགོ་འཛིན། བོད་མི་མང་སྤྱི་འཐུས་བཅས་ནས་དུས་རྟག་ཏུ་འཚམས་གཟིགས་ཀྱིས་ཐུགས་འཁུར་དང་རྒྱབ་སྐྱོར་ཤུགས་ཆེར་གནང་དང་གནང་མུས་ཡིན།