ཀོ་ལེ་གྷལ་དབུས་སློབ།

[toc]

༡།     འགོ་འཛུགས།

ཀོ་ལེ་གྷལ་དོན་ལྡན་གླིང་དབུས་བོད་མིའི་སློབ་གྲྭ་ནི། རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ཎ་ཊ་ཀའི་ཨོ་ཌེ་ཡར་པ་ལི་ཡ་(Odeyarpalya)ཞེས་པའི་གྲོང་གསེབ་ཏུ་ཆགས་ཡོད། སློབ་གྲྭ་དང་ཐག་ཉེ་ཤོས་ཀྱི་གྲོང་བརྡལ་ནི་ཀོ་ལེ་གྷལ་ཡིན་ཞིང༌། བར་ཐག་ཀི་ལོ་མི་ཊར་༤༥ ཡས་མས་ཡོད།
སློབ་གྲྭ་ཆགས་ཡུལ་གྱི་ཁོར་ཡུག་དང་ཡུལ་ལྗོངས་མཛེས་ཤིང་གཙང་ལ་ཁ་ཁུ་སིམ་པ། ཨེར་ཀ་༩་༤ ཙམ་གྱི་གཞི་རྒྱ་ཆེ་བའི་ས་ཁྱོན་སྟེང་སློབ་གྲྭའི་འཛུགས་སྐྲུན་རྒྱ་ཆེར་སྤེལ་ཡོད། སློབ་གྲྭ་འདི་ཐོག་མར་མའེ་སོར་གཞིས་ཆགས་གསར་འཛུགས་དང་ཡར་རྒྱས་ལས་ཁུངས་(MYRADA)ནས་ཕྱི་ལོ་༡༩༧༦ ལོར་གསར་འཛུགས་གནང༌། ཕྱིས་སུ་ཕྱི་ལོ་༡༩༧༨ ཟླ་༡ ཚེས་༡ ཉིན་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སུ་བླངས། སྐབས་དེར་སློབ་ཕྲུག་གྲངས་༣༥༠ དང་དགེ་རྒན་གྲངས་༢༥ ཡོད།
སློབ་གྲྭ་འདིར་གཞི་རིམ་འོག་མའི་འཛིན་གྲྭའི་ཁང་བརྩེགས་༣ ཡོད་པ་དང༌། སྔོན་འགྲོ་ནས་འཛིན་རིམ་བཅུ་པའི་བར་ཡོད། ཕྱི་ལོ་༢༠༠༨ ལོར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༥༦༡ ཡོད། སློབ་སྤྱི་༡ གཞི་རིམ་འོག་མའི་དགེ་ཆེ་༡ གཏན་འཇགས་དགེ་རྒན་༢༦ ཚོད་ལྟ་ཁང་གི་ལས་བྱེད་༡ འཛིན་སྐྱོང་ལས་བྱེད་༦ ཆོད་གན་དགེ་རྒན་༤ བཅས་ཁྱོན་བསྡོམས་དགེ་ལས་༣༩ ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།
སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༧༦ ལོར་མའེ་སོར་གཞིས་ཆགས་གསར་འཛུགས་དང་ཡར་རྒྱས་ལས་ཁུངས་(MYRADA)ནས་གསར་འཛུགས་གནང་ཞིང༌། སྐབས་དེར་འཛིན་ཁང་༢༤ དང་ལས་ཤག་༡༢ ཡོད།
ཕྱིས་སུ་ཕྱི་ལོ་༡༩༧༨ ཟླ་༡ ཚེས་༡ ཉིན་དབུས་བོད་སློབ་འཛིན་སྐྱོང་ཚོགས་པར་རྩིས་སྤྲོད་བྱུང་བ་ནས་བཟུང༌། དུས་ནས་དུས་སུ་ལས་ཤག་དང་འཛིན་ཁང་བཅས་བཟོ་བཅོས་རིམ་པ་གནང་བ་ལས་ཉེ་བའི་ལོ་ཤས་རིང་གི་ལས་རིམ་ཁག་ཅིག་གཤམ་གསལ།
ཕྱི་ལོ་༡༩༩༧ ལོར་སྒོར་འབུམ་༡༧ ལྷག་གི་འགྲོ་གྲོན་བཏང་སྟེ་སློབ་ཕྲུག་གསོལ་ཚིགས་ཁང་ཞིག་གསར་རྒྱག་དང༌། ཕྱི་ལོ་༢༠༠༥ ལོར་སློབ་གྲྭའི་ནང་གསང་སྤྱོད་མཐུན་རྐྱེན་ཟུར་འཛུགས་གནང༌། སློབ་གྲྭའི་འཐུང་ཆུའི་དཀའ་ངལ་སེལ་ཕྱིར་ཁྲོན་པ་བྲུས་པ་དང་ལྷན་ཆུ་མཛོད་མཐུན་རྐྱེན་གསར་སྐྲུན་གནང༌། ཧིན་སྒོར་འབུམ་༨ ལྷག་བཏང་སྟེ་སློབ་གྲྭའི་ཕྱི་སྐོར་ར་བ་གསར་རྒྱག་འགོ་འཛུགས་གནང༌། ཕྱི་ལོ་༢༠༠༦ ལོར་སླར་ཡང་སྒོར་འབུམ་༡༥ སྤར་ཆ་གནང་སྟེ་ར་སྐོར་གསར་རྒྱག་ལས་གཞི་མུ་མཐུད་གནང་བ་མ་ཟད། སློབ་གྲྭའི་རྩེད་ཐང་ཚོགས་རའི་མཐུན་རྐྱེན་འཛུགས་སྐྲུན་གནང༌། ཕྱི་ལོ་༢༠༠༧།༠༨ ལོར་འཛིན་ཁང་༦ དང༌། ལས་ཤག་༨ སྣུམ་འཁོར་དང་སྦག་སྦག་འཇོག་སའི་ཐོག་ཁེབས། ཚོགས་རའི་རྩེད་ཐང་ཡར་རྒྱས། གློག་ཆས་དང་ལས་ཤག་རྙིང་པ་ཞིག་གསོ་སོགས་ལས་གཞི་དུ་མའི་འཛུགས་སྐྲུན་ལག་བསྟར་གནང་མུས་ཡིན།
ད་བར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་སྔར་ཡོད་འཛིན་ཁང་ཐོག་གསར་དུ་འཛིན་ཁང་༡༢ ཁ་སྣོན་བརྒྱབས་ཡོད་པ་དང༌། ཡིག་ཚང་༡ གསང་སྤྱོད་ཁག ཚོགས་ཁང༌། ཚད་ལྡན་གྱི་སིལ་སྤོལ་རྩེད་ཐང༌། རྒྱང་སྐོར་ར་བ་དང་ལས་ཤག་༧ བཅས་གསར་བསྐྲུན་ཞུས་ཡོད་པ་དང༌། འཛིན་ཁང་༦ དང་ལས་ཤག་༨ རྐང་འཁོར་ཁང་གཡབ་བཅས་འཛུགས་སྐྲུན་གནང་བཞིན་ཡོད།
ཕྱི་ལོ་༡༩༨༥ ལོར་སློབ་གྲྭ་འདི་བཞིན་འབྲིང་རིམ་འོག་མ་ནས་འབྲིང་རིམ་གོང་མར་གནས་སྤར་བྱས།
སློབ་གྲྭ་འདིར་དེང་རབས་ཀྱི་མཁོ་ཆས་ཆ་ཚང་ལྡན་པའི་དཔེ་མཛོད་ཁང་ཞིག་ཡོད་པའི་ནང་ཨིན་བོད་ཧིན་གསུམ་གྱིས་གཙོས་པའི་སྐད་རིགས་འདྲ་མིན་གྱི་དཔེ་དེབ་གང་མང་ཡོད། དེ་མིན་ད་དུང་སློབ་ཕྲུག་རྒན་པའི་དཔེ་མཛོད་ནང་དེབ་གྲངས་༣༥༠༠ ཡོད་པ་དང༌། སློབ་ཕྲུག་གཞོན་པའི་དཔེ་མཛོད་དུ་དེབ་གྲངས་༥༠༠ ཡོད་ཐོག་ཟླ་རེའི་གསར་དེབ་དང་ཉིན་རེའི་གསར་ཤོག་དང་ཚགས་པར་ཡང་འབྱོར་བཞིན་ཡོད།
གཞན་ཡང་ཚན་རིག་ཚོད་ལྟ་ཁང༌། ཤེས་ཡོན་མཐུན་རྐྱེན་ལྟེ་གནས། རྩིས་རིག་ཚོད་ལྟ་ཁང༌། འཚེམ་ཁང་དང་ཤིང་བཟོ་ལག་རྩལ་སྡེ་ཚན། རི་མོ་འབྲི་ཁང༌། རྩེད་ཆས་དང་ལུས་སྦྱོང་ཁང༌། གཞས་དང་ཞབས་བྲོ་ཁང༌། སློབ་ཕྲུག་ཆུང་བའི་དཔེ་མཛོད་ཁང༌། འདུ་འཛོམས་ཐང་ཆེན་དང༌། རྐང་རྩེད་སྤོ་ལོ་རྩེད་ཐང༌། ཀམ་པུ་ཊར་སྦྱོང་བརྡར་ཁང་དང་ལྷན་དུ་དྲ་རྒྱའི་མཐུན་རྐྱེན་དང༌། མྱུར་འཕྲིན། གློག་འདོན་འཕྲུལ་ཆས། སྐམ་གློག པར་སློག་འཕྲུལ་ཆས་སོགས་ཀྱི་ཆ་རྐྱེན་ལྡན་ཡོད།
བོད་སློབ་འཛིན་སྐྱོང་ཚོགས་པ་ནས་སློབ་གྲྭ་དང་ལས་ཤག་ལ་ཆུའི་དཀའ་ངལ་མི་འཕྲད་པའི་ཆེད་ཁྲོན་པ་བྲུས་ཏེ་འཐུང་ཆུའི་མཐུན་རྐྱེན་དང་ལྷན་ཆུ་མཛོད་ཀྱང་གསར་སྐྲུན་བྱས། སློབ་ལོ་འགོ་འཛུགས་སྐབས་བོད་པའི་སློབ་ཕྲུག་ཚང་མར་རིན་མེད་ཐོག་སློབ་དེབ་དང་འབྲི་དེབ་མཁོ་སྤྲོད་བྱེད་ཀྱི་ཡོད།
སློབ་གྲྭ་འདིའི་སློབ་མའི་སྒྲིག་ཆས་ནི། སློབ་ཕྲུག་བུ་རྣམས་ཀྱིས་སྟོད་ཐུང་དཀར་པོ་དང༌། དོར་མ་སྔོན་པོ་ཅན་ཡིན་ཞིང༌། སློབ་ཕྲུག་བུ་མོ་ཚོས་སྦྱག་མ་སྔོན་པོ་གྱོན། སློབ་ཕྲུག་ཚང་མས་སྐེ་འཆང་ཚོན་སྣ་གསུམ་ཅན་ཞིག་དང༌། ཀོ་ལྷམ་ནག་པོ་བཅས་གྱོན་ཞིང༌། རེས་གཟའ་པ་སངས་ཉིན་ལུས་རྩལ་ལྷམ་བཅས་དང༌། དགུན་དུས་སློབ་ཕྲུག་ཚོས་མཚོ་སྔོན་མདོག་ཅན་གྱི་བལ་གོས་བཅས་གྱོན་པ་ཡིན།
སློབ་གྲྭའི་ངོས་ནས་སློབ་ཕྲུག་ཕ་མ་དང༌། ས་གནས་ཡུལ་མི། ས་གནས་འགོ་འཛིན་ལས་ཁང་བཅས་དང་འབྲེལ་ལམ་དམ་ཟབ་ཡོད་པ་མ་ཟད། ས་གནས་རྫོགས་ཆེན་དགོན་པ་དང༌། དགེ་རྒན་ཕ་མའི་འཐུས་ཚོགས་སོགས་ས་གནས་སྒྲིག་འཛུགས་ཁག་གིས་ཀྱང་ལྷག་བློ་ཆེན་པོས་སློབ་གྲྭའི་ལས་རིམ་ཐོག་རོགས་འདེགས་གང་ལེགས་ཞུ་བཞིན་ཡོད།

༣།     སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༡༩༨༦ ནས་༢༠༠༨ བར་སློབ་གྲྭ་འདི་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ལེགས་ཐོན་བྱུང་བའི་སློབ་ཕྲུག་༧༣༥ བྱུང་ཡོད།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ཀོ་ལེ་གྷལ་སློབ་གྲྭར་སློབ་ཕྲུག་བུ་༢༩༨ དང་བུ་མོ་༣༤༡ བཅས་ཁྱོན་བསྡོམས་སློབ་ཕྲུག་༦༣༩ ཡོད་པ་ཚང་མ་ཉིན་སློབ་ཡིན། སློབ་ཕྲུག་དེ་དག་ནང་༧ མ་གཏོགས་ཚང་མ་བོད་རིགས་ཡིན་ཞིང༌། དགེ་རྒན་༣༣ དང་ལས་བྱེད་༣ བཅས་ཁྱོན་དགེ་ལས་༣༦ ཡོད།
ཕྱི་ལོ་༡༩༨༩ ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་ཀོ་ལེ་གྷལ་སློབ་གྲྭའི་སློབ་ཕྲུག་གྲངས་འབོར་གནས་སྟངས་གཤམ་གསལ།

སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

བྱ་ར། རྒྱུགས་ཞུགས། འཕྲོད་པ། བསྐྱར་རྒྱུགས། མ་འཕྲོད་པ། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༢༥ ༢༠ ༨༠་༠༠
ཕྱི་ལོ་༡༩༩༩ ༤༢ ༤༠ ༧༤་༠༠
ཕྱི་ལོ་༢༠༠༠ ༣༥ ༣༥ ༡༠༠་༠༠
ཕྱི་ལོ་༢༠༠༡ ༥༥ ༥༢ ༩༤་༥༥
ཕྱི་ལོ་༢༠༠༢ ༢༠ ༢༠ ༡༠༠་༠༠
ཕྱི་ལོ་༢༠༠༣ ༧༠ ༢༦ ༤༡ ༣༧་༡༤
ཕྱི་ལོ་༢༠༠༤ ༣༣ ༣༢ ༩༦་༩༧
ཕྱི་ལོ་༢༠༠༥ ༣༧ ༣༧ ༡༠༠་༠༠
ཕྱི་ལོ་༢༠༠༦ ༧༡ ༥༤ ༡༧ ༧༦་༠༦
ཕྱི་ལོ་༢༠༠༧ ༤༥ ༤༣ ༩༥་༥༦
ཕྱི་ལོ་༢༠༠༨ ༤༩ ༤༩ ༡༠༠་༠༠
ཕྱི་ལོ་༢༠༠༩ ༧༡ ༧༠ ༩༨་༥༩

གོང་གསལ་རྒྱུགས་འབྲས་ལས་ང་ཚོས་མཐོང་གསལ་ལ། ཀོ་ལེ་གྷལ་དབུས་སློབ་འདི་ཉིད་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ལོ་ངོ་བསྟུད་མར་ཧ་ཅང་བཟང་པོ་ཐོབ། སློབ་གྲྭ་འདི་ནས་འཛིན་རིམ་བཅུ་པ་ལེགས་ཐོན་བྱུང་རྗེས། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་ཆེད་ལས་སློབ་སྦྱོང་སླད་གཏན་སློབ་གཞན་དུ་འགྲིམས་བཞིན་ཡོད། འཛིན་རིམ་བཅུ་གཉིས་ཐོན་རྗེས་སློབ་ཕྲུག་ཚོས་ཆེད་ལས་སློབ་ཚན་མང་དག་ཅིག་ནང་ཞུགས་ཏེ་སྨན་པ་དང༌། ཚོང་རིག སྒྱུ་རྩལ། འཛིན་སྐྱོང་དོ་དམ། ཀམ་པུ་ཊར། བཟོ་སྐྲུན་ཆེད་ལས་པ། རིགས་གཅིག་རྐང་འཛིན་པ་སོགས་ལས་རིགས་དུ་མའི་ནང་ཞུགས་བཞིན་ཡོད། ཉེ་བའི་གཙུག་ལག་རབ་འབྱམས་སྨན་ཞབས་དང་ཌེབ་ལོ་མ་སྨན་ཞབས་ཐོན་པ་མང་པོ་བྱུང་ཡོད། སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་ལོ་རེ་ནས་ལོ་རེར་ཡར་རྒྱས་འགྲོ་བཞིན་ཡོད། ཕྱི་ལོ་༢༠༠༧ ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་འཛིན་རིམ་བཅུ་པའི་སློབ་མ་ཚེ་རིང་བསྟན་པས་རྩིས་རིག་ཨང་ཐོབ་བརྒྱ་ཆ་༡༠༠ བླངས་ཡོད།

༤།     ཤེས་ཡོན་ལས་རིམ་དང་གྲུབ་འབྲས།

ཕྱི་ལོ་༢༠༠༨ ཟླ་༩ པར་ཀར་ཎ་ཊ་ཀ་མངའ་སྡེ་གཞུང་གིས་གོ་སྒྲིག་གནང་བའི་ཚན་རིག་ཁྱད་ནུས་འཚོལ་ཞིབ་ཀྱི་ཡིག་རྒྱུགས་ཁྲོད་འཛིན་རིམ་དགུ་པའི་སློབ་མ་རིན་ཆེན་བཟང་མོར་མངའ་སྡེ་རིམ་པའི་རྟགས་མ་ཐོབ་པ་དང༌། འཛིན་རིམ་བཅུ་པའི་སློབ་མ་ཚེ་རིང་ལྷ་མོ་དང་འཛིན་རིམ་བརྒྱད་པའི་སློབ་མ་བསྟན་འཛིན་དབང་ཕྱུག་གཉིས་ལ་རྫོང་རིམ་པའི་རྟགས་མ་ཐོབ། འཛིན་རིམ་བདུན་པའི་སློབ་མ་བསྟན་འཛིན་ཟླ་གསལ་ལ་ས་གནས་རིམ་པའི་རྟགས་མ་ཐོབ།
ཕྱི་ལོ་༢༠༠༨ ཟླ་༡༠ པར་ཀར་ཎ་ཊ་ཀ་མངའ་སྡེ་གཞུང་རྩིས་རིག་ཚན་པས་གོ་སྒྲིག་གནང་བའི་རྩིས་རིག་ཁྱད་ནུས་འཚོལ་ཞིབ་ཀྱི་ཡིག་རྒྱུགས་ཁྲོད་འཛིན་རིམ་དྲུག་པའི་སློབ་མ་༡ འཛིན་རིམ་བདུན་པའི་སློབ་མ་༣ འཛིན་རིམ་དགུ་པའི་སློབ་མ་༢ འཛིན་རིམ་བཅུ་པའི་སློབ་མ་༡ བཅས་ལ་རྒྱལ་ཁབ་དང་མངའ་སྡེ། རྫོང་བཅས་ཀྱི་རིམ་པའི་རྟགས་མ་༨ ཐོབ་ཡོད།
ད་ལྟ་སློབ་གྲྭ་འདིར་དགེ་རྒན་འོས་སྦྱོང་ཚད་ལྡན་ཐོན་པའི་དགེ་རྒན་གྲངས་༣༤ ཡོད། དགེ་རྒན་ཚོར་དབུས་ནས་དུས་ནས་དུས་སུ་ཆེད་ལས་གོང་མཐོར་དང་ཕྱུག་ཏུ་གཏོང་ཆེད་སྦྱོང་བརྡར་སྤྲད་དང་སྤྲོད་བཞིན་ཡོད། འཛིན་རིམ་དང་པོ་ནས་ལྔ་པ་བར་སློབ་ཁྲིད་ཀྱི་སྐད་བརྡ་བོད་ཡིག་ལ་བསྒྱུར་རྗེས་སྔོན་འགྲོའི་དགེ་རྒན་ཚོར་བཞུགས་སྒར་དྷརྨ་ཤཱ་ལཱའི་སཱ་ར་མཐོ་སློབ་དང༌། མོན་གྷོ་གཏན་སློབ། བོད་སློབ་འཛིན་ཚོགས་དབུས་བཅས་ནས་དགེ་རྒན་མདུན་ལམ་སློབ་སྟོན་པར་ཟབ་སྦྱོང་དང༌། དམའ་རིམ་དགེ་རྒན། འབྲིང་རིམ་དགེ་རྒན། ཀམ་པུ་ཊར་སྦྱོང་བརྡར། སྡེ་ཚན་གཞན་ཁག་གི་དགེ་རྒན་བཅས་ལ་བརྗོད་གཞི་འདྲ་མིན་ཐོག་ཟབ་སྦྱོང་དང་སྦྱོང་བརྡར་རིམ་ཅན་དུ་གོ་སྒྲིག་གནང་སྟེ། ས་ཁྲ། དཔེ་རིས། དཔེ་གཟུགས། དཔེ་མཚོན། གློག་བརྙན་སྟོན་བྱེད་འཕྲུལ་འཁོར། རྩིག་བརྙན་འཕྲུལ་ཆས། ཀམ་པུ་ཊར། སྒྲ་དང་གཟུགས་མཐོང་བརྙན་པར་བཅས་དེང་རབས་ཀྱི་ཡོ་ཆས་བཀོལ་སྤྱོད་ཀྱི་ལམ་ནས་སློབ་ཁྲིད་བྱེད་ཐབས་སློབ་སྤེལ་གྱིས་དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་ངོ་སྤྲོད་གནང་བས། སྦྱོང་བརྡར་ལས་བྱུང་བའི་ཤེས་ཡོན་རྣམས་འཛིན་གྲྭའི་སློབ་ཁྲིད་ཀྱི་བྱ་རིམ་ཁྲོད་ལག་ལེན་ཐོག་ཕན་ཐོགས་དང་དོ་དབྱིངས་ཆེན་པོ་བྱུང་ཡོད།
སློབ་ཁྲིད་གཞོགས་འདེགས་ཀྱི་བྱེད་སྒོ་དང་ལས་རིམ་མང་པོ་ཞིག་སློབ་ཞོར་དུ་སྤེལ་བཞིན་པའི་ཁོངས་སུ། བགྲོ་གླེང་དང་དྲི་རྩད་འགྲན་བསྡུར། འགྲེམས་སྟོན། རྩེད་མོ་དང་ལུས་རྩལ། སློབ་ཕྲུག་བུའི་གདོང་ལེན་རུ་ཁག་དང༌། སློབ་ཕྲུག་བུ་མོ་རྣམས་ལ་སློབ་སྟོན་ལས་བྱེད་བཅས་སྤེལ་མུས་ཡིན། ཕྱི་ལོ་༢༠༠༥ ལོར་པན་ཆི་མ་རི་ཉེན་ཞུགས་སྦྱོང་བརྡར་ཁང་(National Adventure Institute, Pachmarhi)དུ་རྒྱ་གར་རྒྱལ་ཡོངས་ཉེན་ཞུགས་ལས་རིམ་ཐེངས་༡༨༥ པའི་ནང་འཛུལ་ཞུགས་བྱས། སྤྱི་ཚོགས་ཞབས་ཞུའི་ལས་རིམ་མང་པོ་གོ་སྒྲིག་གནང་བཞིན་ཡོད།

༥།     གཞུང་འབྲེལ་འཚམས་གཟིགས།

དབུས་བོད་སློབ་འཛིན་ཚོགས་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་རྟོག་ཞིབ་སོགས་རྒྱུན་གཏན་དུ་གནང་མུས་མ་ཟད། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། དཔལ་ལྡན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ། གཞན་ཡང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་དང་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་བཅས་གཞུང་འབྲེལ་གནད་ཡོད་མི་སྣ་དུ་མས་སློབ་གྲྭ་འདིར་གཟིགས་སྐོར་དང་རྟོག་ཞིབ་གནང་བ་དེས་སློབ་ཕྲུག་ཙམ་དུ་མ་ཟད་ངལ་བ་མེད་པར་བོད་པའི་སློབ་ཕྲུག་ཚོའི་ཆེད་དུ་ཕྱག་ལས་གནང་མཁན་དགེ་ལས་སློབ་ཕྲུག་ཕ་མ་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་ཞིང༌། ཁོང་རྣམ་པའི་བཀའ་སློབ་དགོངས་དོན་སྙིང་བཅངས་ཀྱིས་བོད་མིའི་མ་འོངས་སོན་རྩ་བསྐྱེད་བསྲིང་ཚགས་ཚུད་འབྱུང་ཐབས་ཐོག་དགེ་ལས་ཡོངས་ནས་འབད་བརྩོན་ལྷོད་མེད་གནང་བཞིན་ཡོད།
ལྷག་པར་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༡༨ ཉིན། ཀོ་ལེ་གྷལ་དོན་ལྡན་གླིང་འགོ་དམངས་སྤྱི་མགྲིན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་འདིར་ཞབས་སོར་འཁོད། མངའ་ཁུལ་དེའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རིན་ཌར་(Mr.Narendra R.MLA-kollegal)དང༌། ས་གནས་རྫོང་དཔོན།(DC)ས་གནས་སྐོར་སྲུང་སྤྱི་ཁྱབ།(SP) བོད་གཞུང་ནང་སྲིད་དྲུང་ཚབ་དངོས་གྲུབ་རྡོ་རྗེ། རྫོགས་ཆེན་རིན་པོ་ཆེ། རྟ་རྣ་རིན་པོ་ཆེ། བསྟན་པ་ཉི་མ་རིན་པོ་ཆེ། ས་གནས་འཐུས་མིའི་ཚོགས་གཙོ། ས་གནས་འགོ་འཛིན། སློབ་སྤྱི་བཅས་ནས་གུས་བསུའི་མཇལ་དར་དཀར་གཙང་འབུལ་ལམ་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས། ཉིན་དེར་ྋགོང་ས་མཆོག་ལ་མན་ཌལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས། ྋགོང་ས་མཆོག་ནས་སློབ་གྲྭའི་རྩེད་ཐང་དུ་འདུས་པའི་སེར་སྐྱ་མི་མང་དང་དགེ་སློབ་བཅས་འདུས་པ་སྟོང་ཕྲག་མང་པོར་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ།
ཕྱི་ལོ་༢༠༠༩ ཟླ་༧ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལས་ཐོག་ངག་དབང་ལྷ་མོ་ལགས་དང༌། ཚེ་རིང་གཡུ་སྒྲོན་ལགས་སློབ་གྲྭ་འདིར་འཚམས་གཟིགས་ཀྱིས་རྒྱ་གར་དགེ་ལས་ཡོངས་ལ་བོད་མི་མང་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་དང༌། རང་རིགས་སློབ་ཕྲུག་རྣམས་ལ་རྩ་ཆེའི་དུས་ཚོད་གཅེས་འཛིན་གྱིས་སློབ་སྦྱོང་ལ་འབད་བརྩོན་ཡོང་བའི་རེ་སྐུལ་གནང༌།