ཀ་སྦུག་གཏན་སློབ།

[toc]

༡།     འགོ་འཛུགས།

ཀ་ལོན་སྦུག་དབུས་བོད་མིའི་སློབ་གྲྭ་ནི། རྒྱ་གར་གྱི་ནུབ་བྷང་གལ་མངའ་སྡེའི་རྡོར་གླིང་ཊོབ་ཁ་ན་ཞེས་པའི་ས་གནས་ཁོངས་སུ་ཆགས་ཡོད། སློབ་གྲྭ་འདི་ཐོག་མར་ཕྱི་ལོ་༡༩༦༤ ཟླ་༧ ཚེས་༡༧ ཉིན་གསར་འཛུགས་གནང༌། སྐབས་དེར་དགེ་རྒན་དང་ལས་བྱེད་གྲངས་༤༠ དང༌། གཏན་སློབ་གྲངས་༦༢༡ ཉིན་སློབ་གྲངས་༡༠༣ བཅས་ཡོད།

སློབ་གྲྭ་འདི་བཞིན་ཇག་དྷམ་བྷ་ཁང་པ་ཞེས་བལ་འཇོག་སའི་ཁང་པ་ཞིག་ཡོད་པ་དེ་གཡར་པོ་ཞུས་ནས་གཞུང་གིས་གསར་འཛུགས་གནང༌། སློབ་གྲྭའི་མིང་ལ་སྐྱབས་བཅོལ་བོད་མིའི་སློབ་གྲྭ་ཞེས་འབོད་ཅིང༌། དེའི་འཛིན་སྐྱོང་ལྡི་ལི་སྐྱབས་བཅོལ་བོད་མིའི་སློབ་གྲྭ་ཚོགས་པ་ནས་གནང་གི་ཡོད། ཕྱིས་སུ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སུ་ཞུགས། ཕྱི་ལོ་༡༩༧༡ ལོར་འཛིན་རིམ་མར་ཕབ་སྟེ་འབྲིང་རིམ་འཛིན་གྲྭར་བསྒྱུར་ནས་གཏན་སློབ་རྣམས་བོད་སློབ་གཞན་དུ་བཏང༌། ཕྱོགས་མཐར་ཁ་འཐོར་གནས་སྡོད་བོད་མི་དང་ཉམ་ཐག་ཕྲུ་གུ་ཚོའི་སློབ་སྦྱོང་སླད་བོད་དགེ་ཚོས་ཉལ་ཁང་ཆུང་ཆུང་ཞིག་ཟུར་དུ་འཛིན་སྐྱོང་གནང༌། ཉལ་ཁང་ནང་སྡོད་མཁན་ཕལ་ཆེ་བ་ས་ཐག་རིང་པོར་གནས་མཁན་བལ་ཡུལ། འབྲུག འབྲས་ལྗོངས་དང་ཨ་རུ་ན་ཅལ་མངའ་སྡེ་སོགས་ནས་ཡོང་བའི་སློབ་ཕྲུག་རྣམས་ཡིན།

སློབ་གྲྭ་འདི་ཕྱི་ལོ་༡༩༨༨ ལོར་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་པར་བསྒྱུར་ཡོད་པ་དང༌། ཕྱི་ལོ་༡༩༩༦ ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་སླར་ཡང་གཏན་སློབ་ཏུ་བསྒྱུར། སྐབས་དེར་གཏན་སློབ་ཕྲུག་གྲངས་༣༠༠ ཡོད།

ཕྱི་ལོ་༢༠༠༨ ལོའི་སློབ་ཕྲུག་དང་དགེ་རྒན་གྲངས་འབོར་ནི། དགེ་རྒན་གྱི་གྲངས་འབོར་༢༩ སྟེང༌། འཛིན་སྐྱོང་ལས་བྱེད་༡༥ བསྡོམས་ཁྱོན་༤༤ དང༌། ཁྱོན་བསྡོམས་སློབ་ཕྲུག་༤༧༠ ཡོད།

༢།     མཐུན་རྐྱེན་འཛུགས་སྐྲུན།

ཕྱིས་སུ་བཅའ་སྡོད་སློབ་གྲྭའམ་གཏན་སློབ་ཏུ་སླར་གསོ་བྱུང་རྗེས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་རྒྱ་བསྐྱེད་ཐེངས་མང་གནང་བ་ཁག་ལས་འཛུགས་སྐྲུན་ལས་གཞི་དང་རོགས་སྐྱོར་གནང་མཁན་གཙོ་བོ་ཁ་ཅིག་གཤམ་གསལ།

སློབ་ཕྲུག་བུ་དང་བུ་མོའི་ཉལ་ཁང་ལོགས་སུ་བཀར་ཏེ་བཟོ་བཅོས་བརྒྱབས་པའི་ལས་འཆར་དང༌། སློབ་གྲྭའི་སྨན་ཞབས་ཁང་གསར་རྒྱག འཛིན་ཁང་དང་འཚེམ་བཟོ་སྡེ་ཚན། སིལ་སྤོལ་རྩེད་ཐང༌། བར་འཁྱམ་བཅས་བཟོ་བཅོས་གནང་འཆར་ཐོག་འགྲོ་གྲོན་གཏོང་མཁན་འཇར་མན་བོད་སྐྱོར་རོགས་ཚོགས་(German Aid to Tibetan)ཡིན།

དཔེ་མཛོད་སྡེ་ཚན་བཟོ་བཅོས་ཀྱི་འགྲོ་གྲོན་གཏོང་མཁན་ནི། ད་ལྟ་འབུམ་སྡེ་ལ་དང་རྟ་དབང་ས་ཁུལ་དུ་གནས་བཞུགས་གནང་མཁན་ཀ་སྦུག་གཏན་སློབ་ཀྱི་སློབ་ཕྲུག་ཟུར་པ་རྣམས་ཡིན།

དབུས་བོད་སློབ་འཛིན་ཚོགས་ཀྱིས་འགྲོ་གྲོན་བཏང་སྟེ་ཤིང་བཟོ་སྡེ་ཚན་དང་ལས་ཤག་གསར་རྒྱག སློབ་གྲྭའི་ཕྱི་བསྐོར་ས་མཚམས་ཁག་ལ་ར་བསྐོར་གསར་རྒྱག་བྱས།

གཞན་ཡང༌། བོད་གཞུང་ཤེས་རིག་ལས་ཁུངས་དང༌། ཌོག་ཊར་ཧེལ་མུཏ་ཤི་ཝི་ཛར།(Dr. Helmut Schwitzer)འཇར་མན་བོད་སྐྱོར་རོགས་ཚོགས་བཅས་ཀྱི་རོགས་རམ་འོག་སློབ་གྲྭའི་སློབ་ཕྲུག་ཁྲུས་ཁང་དང༌། གསང་སྤྱོད། ཆུ་མཛོད་བཅས་ཀྱི་མཐུན་རྐྱེན་གསར་རྒྱག་གནང༌།

རང་གཞུང་ཤེས་ལས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་འགྲོ་གྲོན་འོག་སློབ་གྲྭའི་གསོལ་ཐབ་ཁང་ལེགས་བཅོས་དང་ཡོ་ཆས་གསར་སྒྲུབ་བྱས།

ཞལ་འདོན་ཁང་དང་སྤྱོད་སྒོ་སྣ་མང་ཅན་གྱི་ཚོགས་ཁང་གསར་རྒྱག་སླད་རང་གཞུང་ཤེས་རིག་ལས་ཁུངས་དང༌། ཀ་སྦུག་དགེ་ལས་མི་མང༌། འཇར་མན་བོད་སྐྱོར་རོགས་ཚོགས་བཅས་ཀྱི་དངུལ་གྲོན་རོགས་རམ་འོག་ལེགས་གྲུབ་བྱུང༌།

སློབ་གྲྭ་འདིར་ཕྱི་ལོ་༢༠༠༧ ལོར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་འགྲོ་གྲོན་བཏང་སྟེ་སློབ་གྲྭའི་རྩེད་ཐང་ར་བ་ཞིག་གསོ་དང༌། ཕྱི་ལོ་༢༠༠༨།༠༩ ལོར་སློབ་གྲྭ་དེར་ཚན་རིག་ཚོད་ལྟ་ཁང་དང༌། གསང་སྤྱོད། འཛིན་ཁང་༧ ལས་ཤག་༩ བཅས་གསར་རྒྱག་གི་ལས་འཆར་འགྲོ་མུས་ཡིན།

༣།     སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་རྩིས་ལྟར་ན། ལོར་དེར་ཀ་སྦུག་གཏན་སློབ་ནང་སློབ་ཕྲུག་བུ་༢༠༧ དང་བུ་མོ་༢༦༥ བཅས་ཁྱོན་བསྡོམས་སློབ་མ་༤༧༢ ཡོད་པའི་ནང་བོད་པའི་ཕྲུ་གུ་༤༠༦ དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༦༦ བཅས་ཡོད། གཏན་སློབ་ཕྲུག་གྲངས་༢༩༣ དང་ཉིན་སློབ་༡༧༩ བཅས་ཡོད།

སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་ཀ་སྦུག་གཏན་སློབ་ཀྱི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ།

སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༩ བར་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།

བྱ་ར། ༡༠ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ། ༡༢ པའི་ཕྲུག་གྲངས། རྒྱུགས་འཕྲོད་བརྒྱ་ཆ།
ཕྱི་ལོ་༡༩༩༨ ༥༢ ༥༠་༠༠ ༡༩ ༩༤་༧༣
ཕྱི་ལོ་༡༩༩༩ ༢༥ ༨༤་༠༠ ༡༩ ༡༠༠་༠༠
ཕྱི་ལོ་༢༠༠༠ ༦༦ ༩༢་༤༢ ༡༧ ༡༠༠་༠༠
ཕྱི་ལོ་༢༠༠༡ ༤༧ ༦༨་༠༩ ༢༤ ༡༠༠་༠༠
ཕྱི་ལོ་༢༠༠༢ ༦༠ ༦༡་༦༠ ༣༨ ༨༤་༢༡
ཕྱི་ལོ་༢༠༠༣ ༤༢ ༣༡་༧༠ ༢༨ ༡༠༠་༠༠
ཕྱི་ལོ་༢༠༠༤ ༤༢ ༩༠་༢༤ ༣༢ ༡༠༠་༠༠
ཕྱི་ལོ་༢༠༠༥ ༤༥ ༨༦་༦༧ ༣༢ ༡༠༠་༠༠
ཕྱི་ལོ་༢༠༠༦ ༥༨ ༩༦་༥༥ ༢༨ ༡༠༠་༠༠
ཕྱི་ལོ་༢༠༠༧ ༦༤ ༩༨་༤༤ ༢༨ ༧༨་༥༧
ཕྱི་ལོ་༢༠༠༨ ༦༨ ༨༣་༨༢ ༣༨ ༩༧་༣༧
ཕྱི་ལོ་༢༠༠༩ ༧༣ ༩༠་༤༡ ༣༨ ༩༤་༧༤

གོང་གསལ་གྲངས་ཐོ་ཁག་ལས་མཐོང་གསལ་ལ། ཀ་སྦུག་གཏན་སློབ་འདིའི་གཞི་རིམ་གོང་མའི་རྒྱུགས་འབྲས་བཟང་ཞིང༌། དམིགས་བསལ་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།

༤།     ཤེས་ཡོན་ལས་རིམ།

ཕྱི་ལོ་༡༩༩༣ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རེ་སྐུལ་འོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཐོག་སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་གྲྭ་ལྔ་པ་བར་བོད་ཡིག་ཐོག་སློབ་ཁྲིད་བྱེད་པའི་ཐག་གཅོད་དང་སྦྲགས། ཐོག་མའི་ཆར་ལྷོ་ཕྱོགས་བྷེལ་ཀོབ་ཅོག་ཀུར་ཉིན་སློབ་དང༌། ཨར་ལི་ཀུ་མ་རི་ཉིན་སློབ་གཉིས་ནང་ཚོད་ལྟ་དང་ཉམས་གསོག་གནང་རྒྱུ་དང༌། དེ་རྗེས་ཕྱི་ལོ་༡༩༩༣།༡༩༩༤ ལོའི་སློབ་དུས་ནས་འཛིན་རིམ་དང་པོ་ནས་འགོ་འཛུགས་གནང་བ་ལྟར། ཀ་སྦུག་གཏན་སློབ་འདིས་ཀྱང་ཕྱི་ལོ་༡༩༩༤ ལོ་ནས་བཟུང་གཞི་རིམ་འོག་མའི་སློབ་ཚན་ཚང་མ་བོད་ཡིག་ཐོག་སློབ་ཁྲིད་འགོ་འཛུགས་གནང་སྟེ། དེང་གཞི་རིམ་འོག་མའི་ནང་བོད་ཡིག་བརྒྱུད་ལམ་བཀོལ་སྤྱོད་བྱ་རྒྱུར་དཀའ་ཚེགས་མེད་པའི་ཚད་དུ་སླེབས་ཡོད།

བོད་སློབ་འཛིན་སྐྱོང་ཚོགས་པ་དང༌། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དུས་རྒྱུན་དགོས་མཁོ་དང་གནས་སྟངས་ལ་གཞིགས་ཏེ་དགེ་རྒན་འོས་སྦྱོང་རིགས་འདྲ་མིན་རྒྱུན་བསྟུད་གོ་སྒྲིག་གནང་བར་འཛུལ་ཞུགས་གནང་བས། དགེ་རྒན་ཚོའི་ཤེས་ཚད་སྤྱི་དང་དུས་རབས་དང་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པའི་སློབ་ཁྲིད་ཀྱི་ཐབས་ཇུས་ལག་བསྟར་གནང་སྟངས་དང༌། བསམ་བློའི་གོ་རྟོགས་ཡར་རྒྱས་འགྲོ་བར་ཕན་ཐོགས་ངེས་ཅན་བྱུང་ཡོད། དེང་སྐབས་སློབ་གྲྭའི་ནང་དགེ་རྒན་ཚང་མར་ཚད་ལྡན་འོས་སྦྱོང་ཐོབ་པ་ཤ་སྟག་ཆགས་ཡོད།

སློབ་གྲྭ་འདི་འགོ་བཙུགས་པ་ནས་ཕྱི་ལོ་༢༠༠༨ བར་འཛིན་གྲྭ་མཐོ་ཤོས་ཐོན་པའི་གྲངས་འབོར་ནི་འཛིན་རིམ་བཅུ་པ་ཐོན་པ་༡༤༥༠ ཡས་མས་དང༌། འཛིན་རིམ་བཅུ་གཉིས་ཐོན་པ་༦༠༠ ཡས་མས་བྱུང་ཡོད།

ཕྱི་ལོ་༢༠༠༩ ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད། ཀ་སྦུག་གཏན་སློབ་ཀྱི་སློབ་མ་སངས་རྒྱས་ཆོས་སྒྲོན་གྱིས་སྒྱུ་རྩལ་སྡེ་ཚན་ཁོངས་བརྒྱ་ཆ་༨༧་༢ བླངས་ཏེ་བོད་སློབ་ཡོངས་ལས་ཨང་དང་པོ་ཐོབ།

ཕྱི་ལོ་༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་རྗེས། དབུས་བོད་སློབ་འཛིན་ཚོགས་ནས་སྲིད་བྱུས་ལག་བསྟར་གནང་ཕྱོགས་ལམ་སྟོན་ཁ་གསལ་མ་ཕེབས་ཀྱང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བོད་རིགས་དགེ་ལས་རྣམས་ལ་སྲིད་བྱུས་དགོངས་དོན་སྐོར་ཟབ་སྦྱོང་དང་ཚོགས་འདུ་རིམ་པ་གོ་སྒྲིག་ལ་འཛུལ་ཞུགས་ཐོག སློབ་གྲྭ་རང་ངོས་ནས་དགེ་སློབ་ཚང་མའི་གོ་རྟོགས་གོང་མཐོར་སྤེལ་ཏེ། སློབ་ཁག་སོ་སོའི་བོད་མི་དགེ་ལས་རྣམས་ཀྱིས་རང་དོན་རང་གཅེས་ཀྱིས་ལྷག་བློ་ཆེན་པོས་སྲིད་བྱུས་ནང་གསལ་ལྟ་གྲུབ་དང༌། ངོས་འཛིན། ཐབས་བྱུས་རིགས་དུས་རྒྱུན་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་བཀོལ་སྤྱོད་གང་ཐུབ་ཞུ་མུས་ཡིན།

༥།     གཞུང་འབྲེལ་འཚམས་གཟིགས།

སློབ་གྲྭ་འདིར་ྋསྤྱི་ནོར་ྋ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྔ་ཕྱི་ཐེངས་གསུམ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད། དེ་ཡང་ཐོག་མར་ཕྱི་ལོ་༡༩༧༥ ཟླ་༥ ཚེས་༢༥ ཉིན་ཆིབས་བསྒྱུར་བསྐྱངས་འདུག་པ་དང༌། དེ་རྗེས་ཕྱི་ལོ་༡༩༨༡ ལོར་ཆིབས་བསྒྱུར་གྱིས་གསུང་ཆོས་དང་བཀའ་སློབ་སྩལ། ཉེ་ལམ་ཕྱི་ལོ་༢༠༠༡ ཟླ་༡༡ ཚེས་༡༡ ཉིན་སློབ་གྲྭ་འདིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་གསུང་གི་བདུད་རྩི་ཟབ་རྒྱས་སྩལ་བ་བཅས་དགེ་སློབ་སེར་སྐྱ་མི་མང་བཅས་ལ་གང་གི་གསེར་ཞལ་མཇལ་བ་དང་གསུང་ཆོས་ཞུ་བའི་སྐལ་བཟང་ཐོབ།

དབུས་བོད་སློབ་འཛིན་ཚོགས་དང༌། བོད་གཞུང་ཤེས་རིག་ལས་ཁུངས་གཉིས་དབུས་པའི་འབྲེལ་ཡོད་ཚན་པའི་འགོ་འཁྲིད་དང་ལས་བྱེད་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང་མུས་རིགས་ཕུད། གཞན་ཡང་སྤྱི་ཚོགས་དང་སློབ་གྲྭའི་དམིགས་བསལ་དགོས་མཁོར་གཞིགས་ཏེ་སྤྱི་ཚོགས་ཁྲོད་གལ་གནད་ཅན་གྱི་བླ་སྤུལ་དང་མཁས་དབང༌། ཆབ་སྲིད་བཙོན་པ། ཆེད་ལས་པ་སོགས་གདན་ཞུས་སམ་གོང་རིམ་གྱིས་ཆེད་གཏོང་ཅི་རིགས་ཀྱི་ལམ་ནས་སློབ་གྲྭའི་ནང་བཞུགས་མོལ་དང་བཀའ་སློབ་ལས་རིམ་གོ་སྒྲིག་ཞུས་ཡོད།

ཕྱི་ལོ་༢༠༠༣ ཟླ་༩ ཟླ་མཇུག་ཏུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་རྟོག་ཞིབ་འགན་འཛིན་ཇེ་ཨེ་སཱ་ཎི་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་གཉིས་ཀྱིས་ལོ་འཁོར་ཤེས་ཡོན་རྟོག་ཞིབ་གནང༌།

ཕྱི་ལོ་༢༠༠༤ ཟླ་༡༠ ཟླ་དཀྱིལ་ནང་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་དྲུང་གཞོན་སྒྲོལ་མ་ལགས་ཆེད་ཕེབས་ཀྱིས་སློབ་ཕྲུག་རྣམས་ལ་མ་འོངས་མདུན་ལམ་འདེམས་ཕྱོགས་དང་འབྲེལ་བའི་ལམ་སྟོན་གནང༌།

ཕྱི་ལོ་༢༠༠༤ ཟླ་༡༡ པའི་ཚེས་འགོར་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་ཆོས་སྒྲོན་དང་ཨ་མ་བསོད་ནམས་ཆོས་སྒྲོན་གཉིས་ཆེད་ཕེབས་ཀྱིས་དེང་སྐབས་བོད་ནང་གི་གནས་སྟངས་སྤྱི་དང་ཁྱད་པར་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་གསུང་བཤད་གནང༌།

ཕྱི་ལོ་༢༠༠༥ ཟླ་༥ པའི་ཟླ་མཇུག་ཏུ་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་དང༌། བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་གཉིས་ཆེད་ཕེབས་ཀྱིས་སློབ་གྲྭའི་སྤྱི་ཁྱབ་གནས་སྟངས་ལ་གཟིགས་རྟོག་དང་ལམ་སྟོན་ཟབ་རྒྱས་གནང༌།

ཕྱི་ལོ་༢༠༠༧ ཟླ་༡ ཟླ་དཀྱིལ་དུ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་མཐོ་སློབ་སློབ་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་བཀྲ་ཤིས་སྒྲོལ་མ་དང་ལས་རོགས་བཅས་ཆེད་ཕེབས་ཀྱིས་དགེ་སློབ་རྣམས་ལ་མཐོ་སློབ་སློབ་ཡོན་ཞུ་ཕྱོགས་དང་འབྲེལ་བའི་ལམ་སྟོན་གནད་སྨིན་གནང༌།