༢༠༠༦

༡༽     ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱ་བལ་འབྲུག་གསུམ་ཁུལ་ལ་གཏན་ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བསྡོམས་གྲངས་ ༨༠ ཡོད་ཅིང༌།  དེ་དག་ཁོངས་སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༨༧༩༡ དང་དགེ་རྒན་ལས་བྱེད་བསྡོམས་གྲངས་ ༢༠༤༢ ཡོད་པའི་སློབ་གྲྭའི་འཛིན་སྐྱོང་གནས་སྟངས་གཤམ་གསལ་ལྟར་ཡིན། 

ཨང༌། སྡེ་ཁག་སོ་སོའི་མཚན། སློབ་གྲྭ་གྲངས།
རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས། ༢༨
སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ལས་ཁང་ཁོངས། ༡༦
དྷ་ས་བོད་ཁྱིམ་ཁོངས། ༡༧
མ་སུ་རི་བོད་ཁྱིམ་ཁོངས།
བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས། ༡༣
སྒེར་སྐྱོང་སློབ་གྲྭ
  བསྡོམས། ༨༠

༢༽    འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་སུ་ཞུགས་མཁན་གྲས་མ་སུ་རི་གཏན་སློབ་དང༌། ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། རྡོར་གླིང་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་ཉིན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀ་ལ་མོན་ཊོན་སློབ་གྲྭ། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྦེལ་ཀོབ་བོད་ཁྱིམ། གྷོ་པར་སྤུར་བོད་ཁྱིམ། བལ་ཡུལ་རྣམ་རྒྱལ་མཐོ་སློབ་༼འདི་བགྲང་པ་ཙམ་ལས་གྲངས་ཐོ་དངོས་གནང་ཡིག་རྒྱུགས་གྲུབ་འབྲས་འབྱོར་མི་འདུག་པས་དོན་དངོས་སུ་སློབ་ཁག ༡༤ རེད་༽བཅས་ཀྱི་སློབ་ཕྲུག་རྩ་བའི་ཆར་ ༡༠༩༡ ཡོད་པའི་ཁོངས་ནས་ཡིག་རྒྱུགས་འཕྲོད་པ་ ༩༥༤ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་ ༧༧ ཡིག་རྒྱུགས་མ་འཕྲོད་པ་ ༢༠ འབྱོར་ཐོ་མ་བཀོད་པ་ ༤༠ བྱུང་ཡོད།
༣༽    གཏན་ཉིན་སློབ་གྲྭ་ཁག་དང་མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌།  སྤྱི་ཚོགས་ཀྱི་འཕྲལ་ཕུགས་དགོས་གལ་ལ་གཞིགས་པའི་མཐོ་རིམ་ཆེས་མཐོའི་སློབ་སྦྱོང་དང༌། བཟོ་རིག་དང་ལས་རིགས་སློབ་སྦྱོང་བཅས་པར་སློབ་ཡོན་འཆར་བཀོད་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲས་ལོ་འདིར་སློབ་ཡོན་གྲངས་ ༢༥༣ དོན་སོན་བྱུང༌།
༤༽    གཏན་ཉིན་སློབ་གྲྭ་ཁག་ནས་སློབ་ཐོན་དང༌། དང་སློབ་འཛུལ་ཞུགས་ཁོངས་ནས་སྒྲིག་གསལ་ལོ་ཡུན་གཙང་སྟེ་ལུགས་མཐུན་རྩ་དགོངས་ཞུས་འཁྲོལ་བྱུང་བ། བོད་ནས་གསར་འབྱོར་བ་བཅས་ན་གཞོན་སློབ་སྦྱོང་དོན་གཉེར་ཅན་ཨང་རིམ་རྩེ་བཏོག་གིས་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་ཤེས་རིག་སློབ་ཡོན་ཚོགས་ཆུང་གིས་འདི་ལོ་ ༡༡༢ ལ་གཙུག་ལག་རབ་འབྱམས་པ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། ཀམ་པུ་ཊར། ཁྲིམས་དོན། སྨན་པ། སྨན་ཞབས། རྩིས་སོགས་སློབ་སྦྱོང་གི་སློབ་ཡོན་གནང༌།
༥༽    ཨ་རིའི་གཞུང་ནས་ལོ་བསྟར་བོད་ཕྲུག ༡༥ ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ཕྱི་ལོ་ ༢༠༠༥ ལོར་འདེམས་སྒྲུག་ཟིན་པའི་སློབ་ཕྲུག་ ༡༥ ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༨ ནང་ཨ་རིར་བཏང་ཞིང༌། ༢༠༠༧ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས།
༦༽    སྐུ་སྒེར་ཡིག་ཚང་ནས་བསྩལ་བའི་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་སྒྲིག་ཞུགས་ཁོངས་གྲངས་ ༥ དང་སྒྲིག་ཞུགས་མ་ཡིན་པ་གྲངས་ ༥ བཅས་ས་མིག་བཅུ་ཡོད་ཁོངས་ཕྱི་ལོ་ ༢༠༠༦ ལོར་སྒྲིག་ཞུགས་མ་ཡིན་པའི་སློབ་ཡོན་ཁོངས་སྙན་འབུལ་བ་གཅིག་བྱུང་བ་བཞིན་སློབ་ཡོན་གནང༌།
༧༽    སྐུ་སྒེར་ཡིག་ཚང་ནས་བསྩལ་བའི་སྲོང་བཙན་སློབ་ཡོན་ཁོངས་རང་རིགས་སློབ་ཕྲུག་ ༤༦ ནས་འཚང་སྙན་བ་ལྟར་གཞི་རིམ་ཆ་རྐྱེན་ཚང་བ་གྲངས་ ༢༣ ལ་ཟླ་ ༧ ཚེས་ ༢༥ ཉིན་ཆེད་བཙུགས་ཚོགས་ཆུང་གིས་དགོས་གལ་ཆ་རྐྱེན་སློབ་སྤྱིའམ། ས་གནས་འགོ་འཛིན་གཉིས་ནས་སྒྲིག་གསལ་རྒྱབ་གཉེར་འགེངས་ཤོག་མཉམ་ཕུལ་བྱུང་ཁག་དྲང་བདེན་ཚད་འཕེར་ཡོད་མེད་ཞིབ་བཤེར་དང་རྟོག་ཞིབ་ཀྱིས་མཐའ་མའི་སློབ་ཕྲུག༌༡༠ དང༌། སྒུག་ཐོ་ ༥ བཅས་འདེམས་སྒྲུག་ཞུས།
༨༽    དབྱིན་ཡུལ་པེ་སེ་ཊོལ་ལི་ཇི་ནས་ཧེ་སེ་ཊིང་མཐོ་སློབ་ཏུ་མཐོ་རིམ་སློབ་སྦྱོང་ཆེད་སློབ་ཕྲུག་གཉིས་འདེམས་སྒྲུག་བྱུང་རྗེས་ཟླ་ ༨ ནང་དངོས་སུ་གཏོང་ཐུབ་པ་བྱུང༌། རྒྱ་གར་སྤུ་ན་མཐོ་སློབ་ནང་རང་རིགས་སློབ་ཕྲུག་གཅིག་ལ་མཐོ་རིམ་སློབ་ཡོན་ཞལ་བཞེས་བྱུང་དོན་ལྟར་འདེམས་སྒྲུག་ཞུས་རྗེས་ཟླ་ ༨ ནང་བཏང༌། ཨིན་ཡུལ་ཨེཊ་ལན་ཊིག་མཐོ་སློབ་སློབ་ཡོན་ཆེད་རང་རིགས་འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་གཅིག་འདེམས་སྒྲུག་གིས་ ༩ ནང་བཏང༌། དབྱིན་ཡུལ་གྱི་ཨི་ཌིང་བྷག་གཙུག་ལག་སློབ་ཁང་(University of Edinburg) ནང་རང་རིགས་སློབ་ཕྲུག་གཅིག་ལ་སློབ་ཡོན་ཞལ་བཞེས་བྱུང་བ་ལྟར་འདེམས་སྒྲུག་གིས་ཟླ་ ༩ ནང་བཏང༌། ཨ་རི་ཝུ་ཡོ་མིང་གཙུག་ལག་སློབ་ཁང་དུ་རང་རིགས་སློབ་ཕྲུག་གཅིག་ལ་སློབ་ཡོན་ཞལ་བཞེས་བྱུང་དོན་ལྟར་སློབ་ཕྲུག་གཅིག་འདེམས་སྒྲུག་བྱུང་སྟེ་ཕྱི་ལོ་ ༢༠༠༧ ཟླ་ ༩ ནང་གཏོང་གཏན་འཁེལ།
༩༽    རང་རིགས་འབྱོར་ལྡན་ཁག་དང་ཕྱི་ནང་རོགས་ཚོགས་ཁག་ལ་འབོད་སྐུལ་གྱིས་ཐབས་ཤེས་ཞུས་འབྲས་སུ་འདི་ལོ་གཞི་རིམ་སློབ་ཡོན་གསར་པ་ཁྱོན་བསྡོམས་ ༣༧༡ དོན་སོན་བྱུང༌། རོགས་ཐོབ་སློབ་ཕྲུག་རྣམས་ལ་ལོ་རེའི་རོགས་དངུལ་ཐོབ་འབབ་ཁུངས་སྤྲོད་དང༌། ལོ་འཁོར་ནང་ཕྲུ་གུའི་ལོ་ཕྱེད་དང་ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་མཉམ་དུ་ཕྲུ་གུ་རང་ཉིད་ཀྱི་ལག་བྲིས་ཡི་གེ་དང་རི་མོའི་རིགས་སོགས་བསྡུ་ལེན་གྱིས་དུས་ཐོག་སྦྱིན་བདག་སོ་སོར་གཏོང་བ་དང༌། དེ་བཞིན་སྦྱིན་བདག་ཁག་ཅིག་ནས་དུས་ཚོད་ངེས་མེད་ཕྲུ་གུ་སྒེར་ལ་ཟུར་དུ་གནས་བྲིས་དང་རྔན་པ། རྩེད་ཆས། ལག་དངུལ། གྱོན་གོས་རིགས་རིམ་བསྐུར་བྱུང་བ་རྣམས་འབྱོར་འཕྲལ་ས་གནས་འགོ་འཛིན་དང་སློབ་སྤྱི་སོགས་འབྲེལ་ཡོད་བརྒྱུད་ཕྲུ་གུ་དོ་བདག་གམ་ནང་མི་སུ་རུང་ལ་ཁུངས་སྤྲོད་དང་འབྲེལ་ཕྲུ་གུ་སོ་སོ་ནས་སྦྱིན་བདག་ལ་འབྱོར་ལན་ཡི་གེ་ཡང་སྐབས་འཕྲལ་བསྡུ་ལེན་གྱིས་འབུལ་མུས་ཡིན། ཕྱོགས་མཚུངས་ལོ་ལྟར་ཡེ་ཤུའི་འཁྲུངས་ཚེས་དུས་སྟོན་དང་ཕྱི་ལོ་གསར་ཚེས་སོ་སོར་ཕྲུ་གུ་རྣམས་ནས་སོ་སོའི་སྦྱིན་བདག་ལ་འཚམས་འདྲི་ཤིས་ཤོག་དང་ཕྲུ་གུ་སོ་སོའི་ད་ལྟའི་སྐབས་ཀྱི་འདྲ་དཔར་བཅས་བསྐུར་ལམ་ཡོད་པ་མུ་མཐུད་ལག་བསྟར་བྱེད་མུས།
༡༠༽    འདི་ལོར་དབུས་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ནས་རྒྱ་བལ་འབྲུག་གསུམ་ས་གནས་སོ་སོའི་ཉམ་ཐག་ཕྲུ་གུའི་ཐོ་གཞུང་འབྱོར་བ་ཁག་ལ་ཞིབ་འཇུག་དང་སྦྲགས་བཀའ་ཤག་བརྒྱུད་རོགས་སྐྱོར་དགོས་ཕེབས་ཕྲུག་གྲངས་ ༢༠༧༤ བྱུང༌། དེ་ཁོངས་ནས་ ༦༦༡ དྷ་ས་བོད་ཁྱིམ་དང་ཕྲུག་གྲངས་ ༣༥༠ མ་སུ་རི་བོད་ཁྱིམ་བཅས་ནས་གཟིགས་རྟོག་གནང་བཞིན་པ་དང༌། དེ་འཕྲོས་ཕྲུག་གྲངས་ ༡༠༦༣ ལ་ཤེས་རིག་ལས་ཁུངས་ནས་གཟིགས་རྟོག་ཞུ་དགོས་ཀྱི་ཡོད་རུང༌། འདི་ལས་ནས་གཟིགས་རྟོག་དགོས་པའི་ཉམ་ཐག་ཕྲུ་གུའི་ཁོངས་གཞིས་ཆགས་སོ་སོའི་ཉིན་སློབ་ནང་འགྲོ་བཞིན་པ་གྲངས་ ༢༨༥ ཡོད་པ་དེ་དག་ལ་འཛིན་སྐྱོང་བཀའ་ཤག་གི་ལམ་སྟོན་བཞིན་སློབ་དོད་ཟླ་རེར་ ༥༠༠ རེ་དང༌། གཏན་སློབ་ཁག་ནང་ཡོད་པ་ཕྲུག་གྲངས་ ༡༡༦ ལ་ཟས་གོས་གནས་མལ་གླ་དོད་ཐོབ་འབབ་རྩ་ཆག་བཏང་ཐོག། ལམ་སྟོན་བཞིན་ཕྲུ་གུ་རྣམས་ལ་ལག་དངུལ་དང་སློབ་ཞུགས་སྐབས་ལམ་གྲོན་བཅས་གནང༌། དེ་འཕྲོས་སློབ་དོད་ས་གནས་ནས་གནང་མུས་ཕྲུག་གྲངས་ ༤༧༦ ཡོད།
        འབུམ་ལ་ཁུལ་ཁ་ཐོར་དུ་གནས་སྡོད་ཉམ་ཐག་བོད་ཕྲུག་རྣམས་བསྟན་འཛིན་སྒང་ས་གནས་སློབ་གྲྭའི་ཉལ་ཁང་ནང་སློབ་འཇུག་ཞུས་ཏེ་སློབ་དོད་སྒོར་ ༤༠༠ རེ་གནང༌།
        འདི་ལོ་ཀྲུ་ཀྲིང་ཁུལ་གྱི་ཕྲུ་གུ་མ་སུ་རི་དང༌། ཅོན་ཏ་ར། ཤེ་ལོང༌། སྤོག་རེ་སྦོང༌། བསུ་ན་མདའ་བཅས་གཏན་སློབ་ཁག་ལྔ་ནང་ཟས་གོས་གནས་མལ་གླ་དོད་རྩ་ཆག་ཐོག་སློབ་འཇུག་ཞུས་པ་གྲངས་ ༨༨ བྱུང༌། སློབ་ཕྲུག་དེ་རྣམས་སློབ་བཅར་སྐབས་ཕྲུ་གུ་དང་སྐྱེལ་མི་བཅས་ཀྱི་ལམ་གྲོན་དང་ཟས་དོད་ཆེད་སྒོར་ ༢༤༩༤༧༡ དང་གྱོན་ཆས་ལ་སྒོར་ ༣༩༣༢༠ འགྲོ་གྲོན་བཏང་བ་དང༌། དེ་བཞིན་ཀྲུ་ཀྲིང་ཕྲུ་གུ་ཇི་ཡོད་ལ་ལག་དངུལ་ཟླ་རེར་སྒོར་ ༧༥ རེ་སློབ་གྲྭ་སོ་སོའི་སློབ་སྤྱི་བརྒྱུད་སྔར་བཞིན་ཁུངས་སྤྲོད་བྱས། གཏན་སློབ་ཏུ་སྐྱོད་མུས་ཀྲུ་ཀྲིང་གི་ཕྲུ་གུ་རྣམས་དགུན་ཁའི་གུང་སེང་བསུ་ལེན་བྱེད་མཁན་མེད་རིགས་ལ་གུང་སེང་རིང་ལམ་གྲོན་དང་ཟས་དོད་སོགས་བཏང་སྟེ་ཅོན་ཏ་ར་གཏན་སློབ་དང་རྡོར་གླིང་སྤོག་རའི་སྦོང༌། བྷུན་ཏར་བཅས་ཀྱི་ཉལ་ཁང་ནང་བདག་ཉར་བྱས། ད་ཕན་ཀྲུ་ཀྲིང་ཁུལ་ནས་ཕྲུ་གུ་བསྡོམས་ ༦༨༥ གཏན་སློབ་ཁག་ནང་སློབ་བཞེས་བྱུང་ཡོད།
༡༡༽    ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་ཁུ་ནུ་དང༌། པི་ཏི། རྟ་དབང༌། འབྲས་ལྗོངས། ཀུ་ལུ། གར་ཤ། ཟངས་དཀར་བཅས་ཀྱི་ཕྲུ་གུ་ལ་ལོ་ལྟར་དམིགས་བསལ་ཐོག་སློབ་བཞེས་གནང་བཞིན་ཡོད་པ་ལྟར་འདི་ལོ་ཕྲུག་གྲངས་ ༩ ལ་སློབ་འཇུག་གོ་སྐབས་གནང་ཁོངས་ནས་ཕྲུག་གྲངས་ ༥ ངོ་བཅར་བྱུང༌། དེ་དག་གི་ཟས་གོས་གནས་མལ་གླ་དོད་ཉམ་ཐག་ཕྲུ་གུ་སྤྱི་མཚུངས་བཞིན་རྩ་ཆག་གནང༌། ད་བར་གཏན་སློབ་ཁག་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་འཇུག་ཟིན་པ་ཕྲུ་གུ་ ༣༤ བྱུང་ཡོད།
༡༢༽    ལོ་འདིར་གཏན་སློབ་ཁག་ཏུ་བུ་གྲངས་ ༣༦༥ དང་བུ་མོ་གྲངས་ ༣༦༨ བཅས་བསྡོམས་ཕྲུག་གྲངས་ ༧༣༣ གསར་དུ་སློབ་འཇུག་བྱས།
༡༣༽    ལོ་འདིའི་ནང་ཀུ་ལུ་བྷུན་ཏར་སློབ་གྲྭ་དང༌། ཅོན་ཏ་ར་གཏན་སློབ། སྒང་ཏོག་སློབ་གྲྭའི་འཛིན་ཁང༌། ཨོ་རི་ས་ཕུན་ཚོགས་གླིང་སློབ་གྲྭའི་ཉལ་ཁང༌། ཅོན་ཏ་ར་གཏན་སློབ་ཀྱི་ཕྲུ་གུའི་རྩེད་ཐང་བཅས་ཀྱི་ཉམས་གསོ་དང༌། སྦིར་ཉིན་སློབ་ཀྱི་ལས་ཤག་འཕར་མ། དཔེ་སྟོན་སློབ་གྲྭའི་ཆུ་མཛོད་དང་གསང་སྤྱོད། ཤྲི་ན་གྷར་བོད་རིགས་ཁ་ཆེའི་སློབ་གྲྭའི་སྔོན་སློབ་འཛིན་ཁང་དང་ཡིག་ཚང༌། དཔེ་མཛོད་བཅས་གསར་རྒྱག སྤོག་རེ་སྦོང་སཾ་བྷོ་ཊ་སློབ་གྲྭའི་འཐུང་ཆུ་གསར་འཁྲིད་བཅས་ཀྱི་ལས་དོན་ལེགས་གྲུབ་ཟིན།
༡༤༽    ཟླ་ ༡ ཚེས་ ༢༣ ནས་ཟླ་ ༢ ཚེས་ ༡༨ ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སྔོན་འགྲོའི་དགེ་རྒན་ཟབ་སྦྱོང་འཚོགས་བཞིན་པ།བར་ཨེཧཱ་མ་དྷ་བཊ་ཨེཀ་ལབ་ཡཱ་དགེ་འོས་སློབ་ཁང་དུ་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭའི་གཞི་རིམ་འོག་མའི་དགེ་རྒན་རྣམས་སྡེ་ཁག་གཉིས་སུ་ཕྱེ་ནས་ཨང་རྩིས་དང་ཚན་རིག་སློབ་ཁྲིད་དང་འབྲེལ་བའི་རིན་ཐང་ཆུང་བའི་ཁྲིད་ཆས་བེད་སྤྱོད་གཏོང་ཕྱོགས་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས། དེ་རྗེས་ཟླ་ ༢ ཚེས་ ༡ ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་འབྲིང་རིམ་དགེ་རྒན་འོས་སྦྱོང་ཞིག་ས་རཱ་མཐོ་སློབ་ཏུ་འགོ་འཛུགས་ཞུས་ཤིང༌། འོས་སྦྱོང་ནང་འོས་སྦྱོང་པ་གྲངས་ ༣༠ ཡོད།
༡༥༽     གཏན་ཉིན་སློབ་གྲྭ་ཁག་གི་སྔོན་འགྲོ་དགེ་རྒན་གྲངས་ ༣༢ ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་དང་པོ་ཟླ་ ༣ ཚེས་ ༡༥ ནས་ ༢༣ བར་དང༌། ཟླ་ ༤ ཚེས་ ༩ ནས་ ༢༥ བར་སམ་བྷོ་ཊའི་སློབ་གྲྭ་ཁག་གི་འགན་འཛིན་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་དང་པོ། ཟླ་ ༥ ཚེས་ ༩ ནས་ ༣༠ བར་སམ་བྷོ་ཊའི་ཁྱབ་ཁོངས་དགེ་ལས་སྡེ་ཁག་གཉིས་པར་གོང་མཚུངས་ཟབ་སྦྱོང་གོ་སྒྲིག་ཞུས། དེ་ཡང་ ༢༠༠༦ ལོའི་སློབ་དུས་ནས་བཟུང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གཏན་འཁེལ་དོན་བཞིན། སློབ་གྲྭ་ཁག་གི་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དང་ཤེས་ཡོན་སྲིད་བྱུས་དགོངས་དོན་སློབ་མ་སྐྱོང་ཚུལ་རྒྱུས་མངའ་དགོས་པར་སོང༌། ཟབ་སྦྱོང་དང་པོར་དགེ་རྒན་དང་འགན་འཛིན་གྲངས་ ༢༡ གཉིས་པར་ ༣༠ བཅས་ཁྱོན་ ༥༡ ལ་ཟབ་སྦྱོང་ཕུལ་བ་མ་ཟད། ཟབ་སྦྱོང་ཁག་གཉིས་ཀར་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཆ་ཚང་དང་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ། སློབ་མ་སྐྱོང་ཚུལ་བཅས་ཀྱི་སྐོར་ལ་ཅེ་ནཱཡེ་ ཆེས་མཐོའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་ཌོག་ཌར་རཱ་མུ་མ་ནི་ཝ་ནན་མཆོག་དང་གོ་ཝ་ཐེབས་རྩའི་ཌོག་ཊར་ཀལོཌ་ཨེལ་ཝ་རིསེ་(Dr. Claude Alvares)མཆོག་གཙོས་རྒྱ་གར་བ་མཁས་པ་གྲངས་ ༨ དང་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག ཝཱ་ཎཱ་མཐོ་སློབ་ཀྱི་སློབ་དཔོན་དགྲ་འདུལ་རྣམ་རྒྱལ་ལགས་དང་ཉམས་ཞིབ་འགན་འཛིན་གཞོན་པ་སྤེན་པ་རྡོ་རྗེ་ལགས་ཀྱི་གཙོས་བོད་རིགས་མཁས་པ་ ༡༡ བཅས་གདན་ཞུས་སློབ་ཁྲིད་དང༌། དེ་བཞིན་སློབ་ཁྲིད་སྐབས་ཀྱི་གསུང་བཤད་རྣམས་འཁོར་ལེབ་ནང་བཅུག་སྟེ་སློབ་ཁག་ཚང་མར་འགྲེམས་སྤེལ་ཞུས།
༡༦༽    ཟླ་ ༧ ཚེས་ ༡༠ ནས་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་ལོ་གཉིས་ཀྱི་སྔོན་འགྲོའི་དགེ་རྒན་འོས་སྦྱོང་ཞིག་ཨེམ་དྷ་བྷདྷ་ (Eklavya Institute of Teacher Education, Ahmedabad)དགེ་འོས་སློབ་ཁང་དུ་གོ་སྒྲིག་ཞུས་ཤིང་འོས་སྦྱོང་དེའི་ཁོངས་སུ་སློབ་གཉེར་བ་བོད་ཕྲུག་གྲངས་ ༢༥ འཛུལ་ཞུགས་བྱས་ཡོད།
༡༧༽    ཟླ་ ༩ ཚེས་ ༢༥ ནས་ ༣༠ བར་སློབ་ཁག་བཅུ་གཅིག་གི་དགེ་རྒན་གྲངས་ ༢༧ ལ་བདུན་གཅིག་གི་ཤེས་ཡོན་བརྗེ་རེས་ལས་འཆར་ཞིག་བྱང་ཕྱོགས་སློབ་ཁག་བཅུ་གསུམ་ནང་སྤེལ། ཤེས་ཡོན་བརྗེ་རེས་ལས་འཆར་རིང་སྐོར་བསྐྱོད་དགེ་རྒན་རྣམས་ནས་ས་གནས་སློབ་ཁག་སོ་སོར་ཕེབས་ནས་ཉིན་གཉིས་རིང་སློབ་ཁྲིད་གནང་རྒྱུ་དང༌། དེ་ལ་ས་གནས་སློབ་གྲྭའི་དགེ་རྒན་གྱིས་རྟོག་ཞིབ། དེ་བཞིན་ཉིན་གཉིས་རིང་ས་གནས་སློབ་གྲྭའི་དགེ་རྒན་གྱི་སློབ་ཁྲིད་ལའང་རྟོག་ཞིབ་ཞུས་ཏེ་ཕན་ཚུན་ཉམས་མྱོང་སོགས་བརྗེ་རེས་དང༌། གཞན་ཡང་ཉིན་ལྷག་མ་གཉིས་རིང་སློབ་གྲྭའི་ཕྱི་ནང་གི་གནས་སྟངས་ཁག་ལ་རྟོག་ཞིབ་དང་འབྲེལ་དགེ་རྒན་དང་སློབ་ཕྲུག་ཚོགས་འདུར་མཐོང་སྣང་ཇི་བྱུང་དང་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་སྤེལ་རེས། གཞན་ཡང་དགེ་རྒན་རྣམས་སོ་སོའི་སློབ་གྲྭར་ཕྱིར་འཁོར་མ་ཐག་སློབ་གྲྭ་གང་དུ་ཕྱིན་པའི་སློབ་གྲྭ་དེའི་ཕྱི་ནང་གི་མཐོང་ཚུལ་བརྗེ་རེས་གནང་བ་མ་ཟད། ལས་བསྡོམས་ཤེས་རིག་ལས་ཁུངས་སུ་འབུལ་ལམ་ཞུས་པ་ཁག་ཕྱོགས་བསྡོམས་ཀྱིས་སློབ་ཁག་སོ་སོར་འགྲེམས་སྤེལ་ཞུས།
༡༨༽    ཟླ་ ༡༠ ཚེས་ ༢༤ ནས་ ༢༨ བར་བྱང་ཁུལ་མདུན་ལམ་སློབ་སྟོན་འགན་ཁུར་བ་དགེ་རྒན་གྲངས་ ༡༤ ལ་མདུན་ལམ་སློབ་སྟོན་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས། ཟབ་སྦྱོང་རིང་མ་འོངས་མདུན་ལམ་དང་དྲྭ་གནས་བརྒྱུད་མདུན་ལམ་གོ་རྟོགས་སྤེལ་ཕྱོགས། ཉལ་ཐ་དང་བཟི་སྨན་གྱི་གནོད་སྐྱོན་དང་སྔོན་འགོག དབང་པོ་སྐྱོན་ཅན་ལ་ལྟ་སྐྱོང་བྱེད་སྟངས། སློབ་གྲྭའི་ནང་རྩོད་རྙོག་སེལ་ཐབས་སོགས་སློབ་སྟོན་བྱས།
༡༩༽    ཤེས་རིག་གིས་གོ་སྒྲིག་བྱས་པ་ལྟར་ཟླ་ ༡༠ ཚེས་ ༡༠ ནས་ ༢༥ བར་ཆབ་སྲིད་བཙོན་ཟུར་སྤེན་པ་ཚེ་རིང་དང་བློ་བཟང་རྣམ་གཉིས་ནས་ཨོ་རི་ས་དང་བྷན་དྷ་ར། མན་སྤར་ཉིན་སློབ་བཅས་ལ་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་འགྲེམས་སྟོན་གོ་སྒྲིག་ཞུས།
༢༠༽    ཤེས་རིག་གསར་འཕྲིན་འདོན་ཐེངས་བཞི་དང༌། མདུན་ལམ་དུས་དེབ་འདོན་ཐེངས་བཞི། ཕ་ཡུལ་ཤེས་བྱའི་བང་མཛོད་འདོན་ཐེངས་ ༡༢ གངས་ལྗོངས་བྱིས་པའི་བརྙན་དེབ། ཐང་སྟོང་རྒྱལ་པོའི་རྣམ་ཐར། ཟློས་གར་དང་སྒྱུ་རྩལ། མི་དྲེད་རྦབ་སྒྲིལ་བཏང་བ། གླིང་སྒྲུང་དོན་འདུས་གཞོན་ནུའི་མགྲིན་རྒྱན་ཁོངས་རྒྱ་ནག་པོའི་ལེའུ། བོད་དགེ་ཟུར་པ་ངག་དབང་བློ་བཟང་གིས་བརྩམས་པའི་བྱ་ཚིག་ཉམས་ཞིབ་དང༌། སྐུ་ཞབས་བསྟན་འཛིན་ཐབས་མཁས་ཀྱིས་བརྩམས་པའི་བརྡ་དག་བློ་གསལ་ཉེར་མཁོ། ས་རཱ་མཐོ་སློབ་སློབ་དཔོན་ལྷ་མོ་སྐྱབས་ཀྱིས་བརྩམས་པའི་དབྱངས་ཅན་སྤྲུལ་པའི་གླེགས་བམ་པོད་ཅ་པ། སྨྱུག་གསར་དུས་དེབ། ཤེས་རིག་དུས་དེབ་བཅས་རྩོམ་སྒྲིག་དང་པར་སྐྲུན་བྱས།
༢༡༽    དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ནས་གསར་དུ་བཏོན་པའི་འཛིན་གྲྭ་ལྔ་པའི་ཨང་རྩིས་སློབ་དེབ་དང༌། འཛིན་གྲྭ་བརྒྱད་པའི་ཨང་རྩིས་སློབ་དེབ་བོད་སྒྱུར་དང་པར་སྐྲུན་བྱས།
༢༢༽    བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་ལག་བསྟར་ཆེད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་སྐྱོང་གི་ལས་ཁུར་གཙོ་བོ་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཐད་ཀར་གནང་བཞིན་པའི་ཐོག སློབ་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད། གཙང་འཕྲོད་སོགས་གང་ཅིའི་ཐད་དབུས་ལས་ཁུངས་ནས་དམིགས་བསལ་བལྟ་སྐྱོང་འཐུས་ཤོར་མེད་པ་དགོས་ངེས་ལ་བརྟེན། དཔེ་སྟོན་སློབ་གྲྭར་ཆེད་དུ་དམིགས་པའི་འཛིན་སྐྱོང་དང་ཤེས་ཡོན་ཚོགས་ཆུང་ཆེད་འཛུགས་ཡོད་པ་བརྒྱུད་དུས་རྒྱུན་རྟོག་ཞིབ་དང་གཟིགས་སྐྱོང་ཆག་མེད་ཞུ་མུས་དང༌། དེའི་ཐོག་འདི་ལོའི་ཟླ་ ༧ པ་ནས་ཤེས་རིག་སྡེ་ཚན་སོ་སོ་ནས་རེས་མོས་ཀྱིས་རྟོག་ཞིབ་རྒྱུན་མཐུད་དུ་ཞུས་ཏེ། སློབ་གྲྭའི་ཕྱི་ནང་ལས་དོན་སྤྱི་དང༌། ཁྱད་པར་ཤེས་ཡོན་སློབ་སྤེལ་གྱི་སྤུས་ཚད་དམ་འཛིན་ཞུས།
        ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སྔོན་འགྲོ་ནས་གཞི་རིམ་གོང་མ་བར་གྱི་སློབ་ཁྲིད་ཀྱི་རྩ་འཛིན་བཟོ་འགོད་དགོས་པ་ལྟར། ཟླ་ ༩ པའི་ནང་ཚོགས་མི་ ༨ ལས་གྲུབ་པའི་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་སློབ་ཚན་འཆར་འགོད་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ། བཅའ་ཁྲིམས་རིན་པོ་ཆེ་དང༌། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས། ཤེས་ཡོན་སློབ་གསོའི་ཐོག་རང་གཞུང་གི་ཁྲིམས་གཞི་དང་མཛད་བྱུས་རིམ་པའི་དགོངས་དོན་གཞི་རྩར་བཟུང་སྟེ། སྔོན་འགྲོ་ནས་གཞི་རིམ་འོག་མ་འཛིན་གྲྭ་ལྔ་པ་བར་གྱི་སློབ་ཁྲིད་ཀྱི་རྩ་འཛིན་བཟོ་འགོད་དང༌། འཛིན་རིམ་དེ་དག་གི་རིག་ཚན་ ༣༩ ཡི་ནང་དོན་གཏན་འབེབས།། ཚོགས་ཐུན་འཆར་འགོད་བཅས་ཀྱི་རགས་ཟིན་ཡོངས་སུ་གྲུབ།
༢༣༽    ཟླ་ ༡༢ ཚེས་ ༡༥ ཉིན་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་རྒྱ་གར་དགེ་རྒན་ཉི་ཤུ་ལ་བོད་ཀྱི་སྐད་ཡིག་གི་ཡིག་རྒྱུགས་གོ་སྒྲིག་ཞུས་ཏེ་རྒྱུགས་འཕྲོད་པ་རྣམས་ལ་གཟེངས་བསྟོད་ལག་འཁྱེར་གནང༌།