༢༠༠༠

༡༽    ལོ་འདིར་བལ་ཡུལ་མཱ་ནང་སློབ་གྲྭ་གསར་སྣོན་བྱས་པར་བརྟེན་ཤེས་རིག་ཁྱབ་ཁོངས་སུ་གཏན་ཉིན་སློབ་གྲྭ་ ༨༡ དང༌། སློབ་ཕྲུག་ཕོ་མོ་བསྡོམས་གྲངས་ ༢༧༧༢༤ དགེ་རྒན་ལས་བྱེད་བསྡོམས་གྲངས་ ༢༢༥༢ བཅས་ཡོད། དེ་ཡང་
    ཀ    བོད་སློབ་འཛིན་ཚོགས་དང་ཤེས་རིག་ཐུན་མོང་གིས་གཟིགས་རྟོག་དགོས་པ་སློབ་གྲངས།    ༢༨
    ཁ    སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་སློབ་གྲངས།                ༡༥
    ག    བོད་ཁྱིམ་གཉིས་ཁྱབ་ཁོངས་དང་བཅས་ལ་སློབ་གྲངས།                ༢༠
    ང    ཤེས་རིག་ནས་གཟིགས་རྟོག་འོག་བལ་ཡུལ་ཁུལ་དུ་སློབ་གྲངས།            ༡༤
    ཅ    སྒེར་སོ་སོས་འཛིན་སྐྱོང་འོག་སློབ་ཁག                        ༤
        བཅས་གོང་གསལ་ཁག་བསྡོམས།                            ༨༡
༢༽    རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་གཏོང་མཁན་གྲས་མ་སུ་རི་གཏན་སློབ་དང་རྡོར་གླིང་གཏན་སློབ། ཌལ་ཧོར་གཏན་སློབ། སིམ་ལ་གཏན་སློབ། ཀ་སྦུག་གཏན་སློབ། མོན་གྷོ་གཏན་སློབ། སྦེལ་ཀོབ་གཏན་སློབ། ཧར་པ་སྤུར་གཏན་སློབ། སྤོན་ཊ་གཏན་སློབ། ཀ་ལ་མེན་ཊོན་སློབ་གྲྭ། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། བྷེལ་ཀོབ་བོད་ཁྱིམ་བཅས་སྔོན་ཡོད་སློབ་གྲྭ་ ༡༣ ཐོག་འདི་ལོ་བལ་ཡུལ་རྣམ་རྒྱལ་མཐོ་སློབ་གསར་དུ་བསྣན་པས་ཁྱོན་སློབ་ཁག་བཅུ་བཞིའི་སློབ་ཕྲུག་བསྡོམས་གྲངས་ ༩༠༤ ཡིས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་བཏང་ཁོངས་ནས་གྲུབ་འབྲས་ཨང་སྡེ་དང་པོ་གྲངས་ ༣༢༤ དང་ཨང་སྡེ་གཉིས་པ་གྲངས་ ༣༧༡ ཨང་སྡེ་གསུམ་པ་གྲངས་ ༩༨ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་གྲངས་ ༧༦ རྒྱུགས་མ་འཕྲོད་པ་གྲངས་ ༣༥ བཅས་བྱུང༌།
༣༽    གཏན་ཉིན་སློབ་གྲྭ་ཁག་དང༌། མཐོ་སློབ་ཁག་ནས་སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་ཁོངས་ནས་རང་རང་ཤེས་ཚད་དང༌། རང་རེའི་སྤྱི་ཚོགས་ལ་འཕྲལ་ཕུགས་གཉིས་སྨན་དགོས་གལ་ལ་གཞིགས་པའི་ལག་ཤེས་ཅི་རིགས་སློབ་སྦྱོང་དང༌། མཐོ་སློབ་ཆེས་མཐོའི་སློབ་སྦྱོང་སོགས་ལ་སློབ་ཡོན་འཆར་བསྒྲིགས་ཀྱིས་ཕྱི་ནང་རོགས་ཚོགས་ཁག་ལ་རོགས་རམ་འབོད་སྐུལ་ཞུས་འབྲས་ལོ་འདིར་སློབ་ཡོན་གྲངས་ ༡༥༠ དོན་སོན་བྱུང་ཡོད།
༤༽    ལོ་འདིར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་དགེ་འོས། སྨན་ཞབས། ཁྲིམས། རི་མོ། ཀམ་པུ་ཊར། ལུས་རྩལ་དགེ་རྒན། སྨན་སྦྱོར་སོགས་ཀྱི་སློབ་སྦྱོང་ཆེད་ཁྱོན་བསྡོམས་སློབ་ཡོན་ ༡༨༠ བགོ་འགྲེམས་བྱས་ཤིང༌། སློབ་ཡོན་དེ་དག་དངུལ་སྒྱུར་བྱས་ན་ཧིན་སྒོར་ ༥༤༥༥༨༧༠།༠༠ ཐོབ།
༥༽    ཨ་རི་གཞུང་ནས་ལོ་ལྟར་བོད་ཕྲུག་གྲངས་ ༡༥ ལ་ཨ་རིར་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་རོགས་རམ་གནང་མུས་ལྟར་ ༡༩༩༩ ལོར་འདེམས་སྒྲུག་ཟིན་པའི་སློབ་མ་ ༡༥ ཐོག་འདི་ལོ་དམིགས་བསལ་ཞབས་སྟེགས་ ༢༡ འཕར་མ་གནང་བ་བསྡོམས་ཁྱོན་བསྡོམས་མི་གྲངས་ ༣༦ ཆ་ཚང་དང༌། St. Andrews མཐོ་སློབ་ཏུ་སློབ་སྦྱོང་ཆེད་མི་འགྲོ་ ༡ དབྱིན་ཡུལ་པེ་སེ་ཊོལ་ལོ་ཇི་(England, Pestalozzi Village)ཞེས་པ་ནས་བོད་ཕྲུག ༤ ལ་སློབ་ཡོན་གནང་བ་བཅས་ཚ་ཚང་འདེམས་སྒྲུག་ཟིན་ཏེ་ཕྱི་ལོ་ ༢༠༠༠ ནང་རྒྱ་གར་ནས་ཐོན། ཕྱི་ལོ་ ༢༠༠༡ ལོར་ཨ་རིར་སློབ་སྦྱོང་དུ་གཏོང་རྒྱུའི་མི་འགྲོ་ ༡༥ དང༌། ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་གཏོང་རྒྱུའི་སློབ་སློབ་གཉེར་བ་ ༢ ཐེ་ཝན་གཞུང་ནས་རང་རིགས་སློབ་ཕྲུག་ ༨ ལ་ཐེ་ཝན་ལ་སློབ་སྦྱོང་དུ་ལེན་འཆར་ལྟར་གྱི་མི་འགྲོ་ཡོངས་རྫོགས་སྔར་ལམ་ལྟར་འདེམས་སྒྲུག་ཟིན།
༦༽    ལོ་འདིའི་ནང་ཕྱི་རྒྱལ་རོགས་ཚོགས་ཁག་དང་རང་རིགས་འབྱོར་ལྡན་ཁག་ལ་སློབ་ཡོན་དང་འཚོ་སྣོན་རོགས་རམ་འབོད་སྐུལ་ཞུས་ཏེ་གསར་དུ་དོན་སྨིན་བྱུང་བ་ ༢༩༠ བྱུང༌།
༧༽    ཆེས་ཉམ་ཐག་དང་སྤྱིར་བཏང་ཉམ་ཐག དམིགས་བསལ་ཉམ་ཐག་ཁག་ལ་སྔར་ལམ་ལྟར་གཟིགས་སྐྱོང་བྱས་ཐོག གཞུང་ཞབས་བུ་ཕྲུག་རྣམས་བོད་ཁྱིམ་གཉིས་དང་སཾ་བྷོ་ཊ་བོད་གཞུང་སློབ་ཁག་བཅས་པར་ཆ་བགོས་རྒྱན་སྐྱུར་གྱིས་སློབ་འཇུག་བྱས། དེ་བཞིན་ལོ་འདིར་གཏན་སློབ་ཁག་ཏུ་སློབ་ཕྲུག ༨༢༢ སྔར་ལམ་ལྟར་སློབ་འཇུག་བྱས་ཤིང༌། དེའི་ཁོངས་སློབ་ཡོན་རྩ་ཆག་ཐོག་སློབ་བཞེས་གནང་བ་ཕྲུག་གྲངས་ ༡༨༡ དང་སློབ་ཡོན་སྣེ་སེལ་ཆག་ཡང་ཐོག་སློབ་འཇུག་སོང་བ་ཕྲུག་གྲངས་ ༣༥༨ སློབ་ཡོན་ཆ་ཚང་ཕ་མ་རང་ངོས་ནས་སྒྲུབ་འཇལ་ཐོག་སློབ་འཇུག་ཞུས་པ་ཕྲུག་གྲངས་ ༢༨༣ ཡོད།
༨༽    ཆེས་ཉམ་ཐག་ལས་གཞི་འགོ་བཙུགས་ཕྱག་བསྟར་གནང་ནས་ཕྱི་ལོ་ ༢༠༠༠ ཕྱི་ཟླ་ ༤ ཚེས་ ༣༠ བར་ལོ་གསུམ་ཧྲིལ་པོ་འཁོར་བཞིན་པར་བརྟེན། ཐོག་མའི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ནང་སྲིད་དང་ཤེས་རིག་འཕྲོད་བསྟེན་གསུམ་མཉམ་རུབ་ཐོག་ནས་ཆེས་ཉམ་ཐག་ལས་གཞིའི་གནས་སྟངས་སྐོར་ཞིབ་འཇུག་གནང་དགོས་ཀྱང་བསྐྱར་ཞིབ་ཆ་ཚང་བ་ཞུ་མ་ཐུབ།
༩༽    ཅོན་ཏ་ར་སློབ་གྲྭ་རྒྱ་སྐྱེད་ཆེད་གཞིས་ལས་ཁང་གི་བཀའ་འཁྲོལ་དང་འབྲེལ་ད་ཡོད་སློབ་གྲྭའི་ས་འདྲེས་སུ་ཡོད་པ་གཞིས་མི་ཁག་གསུམ་གྱི་ས་ཆ་མི་ཊར་གྲུ་བཞི་ ༤༢༧༢།༤༧ ནང་བཤུགས་སྤུས་གཟིགས་ཀྱིས་ས་རིན་ཧིན་སྒོར་ ༣༡༦༤༧༨།༠༠ གནང༌། དེ་བཞིན་སློབ་གྲྭ་དེར་དགེ་ལས་གྲངས་འབོར་འཕར་བ་ལ་གཞིགས་པའི་ལས་ཤག་དགོས་གལ་ཆེ་བར་བརྟེན། དགེ་ལས་མི་ཧྲེང་གི་ལས་ཤག་ཐབ་ཚང་དང་ཁྲུས་ཁང་རང་འགྲིག་ཅན་ ༤ དང༌། སློབ་ཕྲུག་ཆེད་ཇ་ཁང་དང་སྐམ་ཟས་ཁང་གསར་རྒྱག་ཟིན། དེ་བཞིན་ཅོན་ཏ་ར་སློབ་གྲྭའི་འཛིན་སྐྱོང་འོག་གཞིས་ཆགས་ནང་སྔོན་འགྲོ་སློབ་གྲྭའི་འཛིན་ཁང་གསུམ་གསར་རྒྱག་དང༌། དེ་ཁུལ་གྱི་འཐུང་ཆུའི་དཀའ་ངལ་གཙང་སེལ་བྱས།
        སྤོན་ཊ་གཏན་སློབ་ཀྱི་བུ་མོའི་ཉལ་ཁང་གསར་རྒྱག་གི་ལས་གཞི་མཇུག་སྒྲིལ་ཞུས་ཐོག་དགོས་མཁོའི་འཛིན་ཆས་ཁག་ཀྱང་ཆ་ཚང་མཁོ་སྒྲུབ་ཀྱིས་དབུ་འབྱེད་དང༌། ཤེ་ལོང་སློབ་གྲྭར་དགོས་ངེས་ཀྱི་འཛིན་ཁང་གསར་སྐྲུན་ལེགས་གྲུབ་ཟིན།
         སྒང་ཏོག་སློབ་གྲྭ་གསར་རྒྱག་གི་ཨར་ལས་མཇུག་སྒྲིལ་དང་འཛིན་ཆས་སོགས་སྤུས་ཉོས་ཀྱིས་ལས་གཞི་མཇུག་སྒྲིལ་ཟིན། མོན་གྷོ་གཏན་སློབ་དང་གཞིས་ཆགས་ཐུན་མོང་གིས་བེད་སྤྱོད་ཆེད་ཚོགས་ཁང་ཞིག་གསར་རྒྱག་ཞུ་རྒྱུའི་མ་གནས་འཆར་རྩིས་ཀྱི་བརྒྱ་ཆ་ ༥༠ ཤེས་རིག་ནས་གནང་རྒྱུ་གནང་བ་ལྟར་ཁུངས་སུ་དངུལ་འབབ་གནང་སྟེ་ཨར་ལས་མཇུག་སྒྲིལ་ཟིན། དེ་བཞིན་བལ་ཡུལ་སྲོང་བཙན་སློབ་གྲྭར་སྔོན་འགྲོའི་སློབ་ཁང་ཞིག་གསར་སྐྲུན་གྱི་ཨར་ལས་མཇུག་སྒྲིལ་ལེགས་གྲུབ་ཟིན།
        སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་སྤོག་རེ་སྦོང་སློབ་གྲྭར་ཚོགས་ཁང་གསར་རྒྱག་གི་ཨར་ལས་མཇུག་སྒྲིལ་ལེགས་གྲུབ་ཟིན་པ་མ་ཟད་ལས་ཤག་ཁག་གི་ཨར་ལས་མཇུག་སྒྲིལ་ཟིན་ཉེར་གནས། མ་ན་ལི་དང༌། བདེ་སྐྱིད་གླིང༌། ཅོན་ཏ་ར། སྦིར། སྒང་ཏོག གངས་སྐྱིད་བཅས་ཀྱི་སློབ་གྲྭའི་དགོས་ངེས་ཀྱི་འཛིན་ཆས་གསར་བརྗེ་ཐུབ་པ་བྱུང་ཡོད།
༡༠༽    ཕྱི་ལོ་ ༡༩༩༨ ལོར་བཙུགས་པའི་གཞི་རིམ་འོག་མའི་དགེ་འོས་རྣམས་ལེགས་ཐོན་གྱིས་སོ་སོའི་གྲུབ་འབྲས་ལ་གཞིགས་པའི་གཏན་ཉིན་སློབ་གྲྭ་ཁག་ནང་དུ་ལས་བགོས་བྱས། ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༢༢ ནས་ཟླ་ ༣ ཚེས་ ༨ བར་དབུས་བོད་སློབ་འཛིན་ཚོགས་ཀྱི་དམའ་རིམ་དགེ་རྒན་གཙོ་བོར་གྱུར་པའི་བོད་དགེ་གྲངས་ ༣༥ ལ་ཚན་རིག་སོགས་སློབ་ཁྲིད་གནང་ཐབས་ཐོག་ས་རཱ་རིགས་སློབ་ཏུ་ཟབ་སྦྱོང་གཱུ་སྒྲིག་བྱས། སཾ་བྷོ་ཊའི་སློབ་གྲྭ་ཁག་གི་འགན་འཛིན་དང་རྩིས་པ་བཅས་ལ་ཕྱི་ལོ་ ༢༠༠༠ ཕྱི་ཟླ་ ༡༠ ཚེས་ ༡༩ ནས་ཚེས་ ༢༥ བར་རྩིས་ཁྲ་ཉར་སྟངས་དང་འཛིན་སྐྱོང་ཐོག་ཟབ་སྦྱོང་སྤྲད། བལ་ཡུལ་ཁུལ་གྱི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མེད་པ་ཚོར་དུས་ཐུང་འོས་སྦྱོང་ཞིག་ཆེད་དུ་གོ་སྒྲིག་བྱས།
༡༡༽    ཕྱི་ལོ་ ༢༠༠༠ ཕྱི་ཟླ་ ༨ ཚེས་ ༢༥ ཉིན་གཏན་ཉིན་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་གནས་ཚད་གོང་མཐོར་གཏོང་ཐབས་སུ་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་གྱི་བོད་ཡིག་འབྲི་རྩོམ་འགྲན་བསྡུར་སྔ་ལོ་བཞིན་གོ་སྒྲིག་ཞུས་ཏེ་འཛིན་རིམ་སོ་སོའི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་ལེགས་སྐྱེས་ཕྱག་འཁྱེར་གནང༌། སློབ་མ་རྣམས་བོད་ཡིག་ལ་དོ་སྣང་དམིགས་བསལ་ཡོང་སླད་སྔ་ལོ་བཞིན་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་ ༥། ༨། ༩། ༡༡། བཅས་ཀྱི་ལོ་འཁོར་རྒྱུགས་སྤྲོད་སྐབས་སློབ་གྲྭ་ཚང་མའི་བོད་ཡིག་རྒྱུགས་འབྲས་རྩེར་སོན་ལྔ་རེ་ལ་ཕྱག་དངུལ་གྱི་བྱ་དགའ་གནང༌། ལོ་འདིར་ཉི་ཧོང་སུ་ཀི་ཡ་སུས་སྦྱིན་བདག་གནང་བ་ལྟར།
    ཀ༽  གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་ལྔ་པ་དང་དྲུག་པར་རི་མོ་འགྲན་བསྡུར།
    ཁ༽  འཛིན་རིམ་དགུ་པ་དང་བཅུ་གཉིས་ལ་འབྲི་རྩོམ་འགྲན་བསྡུར།
    ག༽  བོད་ཁྱིམ་གཉིས་དང་སམ་བྷོ་ཊའི་ཁྱབ་ཁོངས་དགེ་རྒན་ལ་དབྱིན་ཇིའི་འབྲི་རྩོམ་འགྲན་བསྡུར་བཅས་གོ་སྒྲིག་བྱས།
༡༢༽    ཤེས་ཡོན་སྲིད་བྱུས་བཟོ་འགོད་ཀྱི་ལས་དོན་མུ་མཐུད་ལག་བསྟར་བྱས་པ་བརྒྱུད་འདི་ལོ་སྲིད་བྱུས་ཀྱི་ཟིན་བྲིས་དབྱིན་ཡིག་ཐོག་བཀོད་འགོ་བཙུགས།
༡༣༽    དགེ་རྒན་ལག་དེབ་དང༌། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་ཨང་རྩིས། ཚན་རིག སྤྱི་ཚོགས་རིག་གནས་བཅས་ཀྱི་སློབ་ཚན་ཁག་བྱེད་སྒོའི་ལམ་ནས་སློབ་ཁྲིད་གནང་ཐབས་བོད་སྐད་ཐོག་ཕབ་སྒྱུར་ཞུས་ཏེ་པར་སྐྲུན་གྱིས་སློབ་གྲྭ་ཚང་མར་འགྲེམས་སྤེལ་ཞུས། ཨང་རྩིས་སློབ་དེབ་ལྔ་པ་བསྐྱར་བཅོས་གཏན་འབེབས་ཀྱིས་པར་འགྲེམས་ཟིན་ཅིང༌། ཕ་ཡུལ་ཤེས་བྱའི་བང་མཛོད་ཟླ་རེར་ཐེངས་རེ་དང༌། གངས་ལྗོངས་བྱིས་པའི་བརྙན་དེབ་ཟླ་དྲུག་མཚམས་ཐེངས་རེ་འདོན་མུས་ཐོག ལེགས་བཤད་གཏམ་རྒྱུད་དེབ་གཅིག་དང༌། ཕ་ཡུལ་གང་ལྗོངས་ནས་ཕྱོགས་བསྡུས་དེབ་གྲངས་ལྔ་པར་སྐྲུན་བྱས། བསྐྱར་བཅོས་ཟིན་པའི་དམའ་རིམ་སློབ་དེབ་བཞི་པ་པར་སྐྲུན་དང༌། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་ཀྱི་ཟིན་བྲིས་ཐོག་ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་ཚོགས་སྐོང་གིས་བཀའ་བསྡུར་གནང༌།
༡༤༽    ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ྋརྒྱལ་མཆོག་རིམ་བྱོན་གྱི་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ ༦༠ དང༌། གང་ཉིད་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་ལས་རིམ་གྱི་ཆ་ཤས་གལ་ཆེན་ཞིག་ཏུ། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཨཙཱརྱ་ཀརྨ་སྨོན་ལམ་གྱིས་འགན་ཁུར་འོག་ལོ་མང་རྩོམ་སྒྲིག་བྱས་པའི་དབྱིན་བོད་ཚིག་མཛོད་གསར་མ་ཤོག་གྲངས་ ༩༠༠ མ་ཟིན་ཙམ་ཡོད་པ་ཞིག་ལོ་འདིར་དངོས་སུ་པར་སྐྲུན་དང་འགྲེམས་སྤེལ་བྱས། ཚིག་མཛོད་འདིའི་ནང་དབྱིན་བོད་ཐ་སྙད་ ༦༠༠༠༠ བརྒལ་བ་དང༌། དཔེ་རིས་ ༣༥༠ ལྷག ཚན་རིག་སོགས་ཀྱི་ཐ་སྙད་གསར་པ་ ༣༠༠༠ ལྷག་ཡོད་པར་བརྟེན་ད་ཕན་ཐོན་པའི་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་ནང་ནས་རྒྱས་ཤོས་དེར་གྱུར། ཚིག་མཛོད་འདི་ལོ་འཁོར་གཅིག་རིང་སློབ་གྲྭའི་སློབ་ཕྲུག་ལ་བརྒྱ་ཆ་ ༥༠ ཆག་ཡང་གིས་ཚོང་འགྲེམས་བྱས།
༡༥༽    ལོ་འདིའི་ཕྱི་ཟླ་ ༡༢ ནང་ཤེས་རིག་ལས་ཁུངས་ཀྱི་གཞུང་འབྲེལ་དྲྭ་ཚིགས་ www.tcewf.org འམ་ www.sherig.org ཞེས་པ་དེ་གསར་འཛུགས་བྱས། དྲྭ་རྒྱ་དེའི་ནང་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ལས་དོན་དང་འཆར་གཞི། གསལ་བསྒྲགས་ཁག་བཀོད་ཡོད་པ་རེད།
༡༦༽    བཀའ་ཤག་གི་བཀའ་འབྲེལ་ལྟར་ཤེས་རིག་ལས་ཁུངས་ཀྱིས་སྣེ་ལེན་འབྲེལ་མཐུད་ཁང་གི་ཁོངས་གཏོགས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཡུན་རིང་དུ་གཏོང་ཕྱོགས་དང་སློབ་ཚན་འཇོག་ཕྱོགས་སྐོར་ལ་ཤེས་རིག་ཟུང་དྲུང་རི་ཁ་བཀྲ་ཤིས་ནོར་བུ་དང༌། སྤྱི་འཐུས་ཧོར་གཙང་འཇིགས་མེད། བོད་ཁྱིམ་ཤེས་ཡོན་འགན་འཛིན་ངག་དབང་རྡོ་རྗེ། རིགས་སློབ་དབུ་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ། སྣེ་འབྲེལ་ཁང་གི་ལས་བྱེད་ངག་དབང་ནོར་བུ། ཤེས་རིག་ལས་བྱེད་ཆུང་ཚེ་རིང་བཅས་ལས་གྲུབ་པའི་ཚོགས་ཆུང་གསར་འཛུགས་གནང༌། ཚོགས་ཆུང་གི་སྙན་ཐོ་ལྟར་བཀའ་ཤག་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཡུན་རིང་མཐའ་ལོ་ལྔ་ལ་སྤར་ཆ་གནང༌།