༡༩༩༤

༡༽    ལོ་སྔོན་མ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ ༨༥ ཡོད་པའི་ཐོག་འདི་ལོ་ལ་དྭགས་པི་ཐུབ་སློབ་གྲྭ་དང༌། སྦིར་བོད་ཁྱིམ་མམ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་གཉིས་གསར་དུ་བསྣན་པས་ཁྱོན་བསྡོམས་སློབ་གྲྭ་ ༨༧ ༼བོད་སློབ་འཛིན་ཚོགས་སློབ་ཁག༌༣༡ ཤེས་རིག་ཐད་འཛིན་སློབ་ཁག ༣༤ ཟུར་སྐྱོང་སློབ་ཁག ༢༢༽ ནང་སློབ་ཕྲུག་ཕོ་མོ་ ༢༦༩༧༥ དང༌། དགེ་རྒན་ ༡༣༩༦ ལས་བྱེད་ ༡༠༢༤ ཡོད།
        ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་པུར་བཅས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་ཚད་དུ་ཞུགས་མཁན་ ༣༠༣ ཡོད་པའི་ནང་ནས་ཨང་སྡེ་དང་པོ་ ༡༢༠ ཨང་སྡེ་གཉིས་པ་ ༡༦༤ ཨང་སྡེ་གསུམ་པ་ ༢༩ བསྐྱར་རྒྱུགས་གཏོང་དགོས་ ༢༩ རྒྱུགས་མ་འཕྲོད་པ་ ༡༡ བཅས་ཡོད།
༢༽    ལོ་འདིར་མཐོ་རིམ་སློབ་ཡོན་གསར་དུ་ཐབས་འཚོལ་ཐུབ་པ་ ༧༨ བྱུང་བ་ལྟར་སློབ་ཡོན་བགོས་འགྲེམས་ཀྱིས་ཁྱོན་བསྡོམས་སློབ་ཕྲུག ༨༥ མཐོ་སློབ་དང་སློབ་གཉེར་ཁང་ནང་རང་རང་གི་འདོད་མོས་ཡོད་པའི་སློབ་ཚན་ཐོག་སློབ་གཉེར་བྱེད་ཐུབ་པ་བྱུང༌།
༣༽    ཨ་རིའི་གཞུང་གི་སློབ་ཡོན་ལས་གཞིའི་འོག་སྔ་ལོ་འདེམས་སྒྲུག་བྱས་པའི་སློབ་ཕྲུག་ ༡༥ ཐོག ༡༩༩༢ ལོར་བསྐྱོད་བསྡད་ལྷག་མ་ ༤ བཅས་བསྡོམས་ ༡༩ ལོ་འདིའི་ཕྱི་ཟླ་ ༨ ནང་ཨ་རིར་བཏང༌།
        ༡༩༩༥ ལོར་གཏོང་རྒྱུའི་སློབ་ཕྲུག ༡༨ སྔར་ལམ་ལྟར་འདེམས་སྒྲུག་ཟིན་ཏེ་ལོ་རྗེས་མའི་ནང་ཨ་རིར་གཏོང་གཏན་འཁེལ། ཨི་ཊ་ལི་གཞུང་གིས་གཞི་རིམ་སློབ་ཐོན་བོད་ཕྲུག་གཉིས་དང་གསོ་རིག་ཐོན་ཟིན་གཅིག་བཅས་ལ་གསོ་བ་རིག་པ་དང་དམིགས་བཀར་ཆེད་ལས་སློབ་སྦྱོང་གི་རོགས་རམ་གནང་བའི་མི་འགྲོ་དྲག་འདེམས་བྱས་ཟིན་ལྟར་ལོ་འདིར་དངོས་སུ་ཨི་ཊ་ལིར་བཏང༌།
        པོ་ལན་ཌི་ཡུལ་དུ་འཛིན་རིམ་ ༡༢ སློབ་ཐོན་བོད་ཕྲུག་བཞི་ལ་གསོ་བ་རིག་པ་དང༌། ཚན་རིག ཨང་རྩིས་བཅས་ཀྱི་སློབ་སྦྱོང་གོ་སྐབས་ཐོག དེ་དག་ལ་ལྟ་སྐྱོང་དང་སློབ་སྟོན་བྱེད་མཁན་བོད་དགེ་གཅིག་བཅས་གཏོང་འཐུས་ཀྱི་གོ་སྐབས་བྱུང་བ་ལྟར་མི་འགྲོ་དྲག་འདེམས་སྔོན་ཟིན་འདི་ལོ་དངོས་སུ་བཏང༌།
        ནོར་ཝེ་ཡུལ་གྱི་གཙུག་ལག་སློབ་ཁང་དུ་བོད་ཕྲུག་ཕོ་མོ་གཉིས་ལ་རྒྱལ་སྤྱིའི་ཚོང་འབྲེལ་ཐད་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གི་སློབ་ཡོན་ཐབས་འཚོལ་ཐུབ་པ་བཞིན་སྔ་ལོ་མི་འགྲོ་དྲག་འདེམས་བྱས་ཏེ་འདི་ལོ་གཏོང་ཐབས་བྱས་ཀྱང་གཙུག་ལག་རབ་འབྱམས་ཀྱི་སློབ་སྦྱོང་བྱེད་པར་དགོས་མཁོའི་སྔོན་འགྲོའི་ཡིག་རྒྱུགས་ཚད་ལོངས་མ་བྱུང་བར་བརྟེན་ལོ་འདིར་གཏོང་མ་ཐུབ།
        ཧང་གྷ་རི་གཙུག་ལག་སློབ་ཆེན་དུ་བོད་ཕྲུག ༤ ལ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱེད་རྒྱུའི་ཞབས་སྟེགས་གནང་བ་བཞིན་གསལ་བསྒྲགས་ཀྱིས་སྙན་ཞུ་བསྡུ་འགོ་བཙུགས།
༤༽    ལོ་འདིར་གཞི་རིམ་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༤༤༨ གསར་འཚོལ་ཐུབ་ཅིང༌། དེ་དག་སློབ་ཡུན་ལོ་ ༦ དང་ཟླ་རེར་ཧིན་སྒོར་༣༠༠ བརྩིས་ཚེ་ཧིན་སྒོར་ ༩༦༧༦༨༠༠ ཆགས་ཀྱི་ཡོད། ལོ་འདིར་གཏན་སློབ་ཁག་ཏུ་ཁྱོན་བསྡོམས་སློབ་ཕྲུག༌༧༢༣ སློབ་འཇུག་བྱས་ཤིང༌། དེའི་ཁོངས་ནས་སློབ་ཕྲུག ༤༦༥ ཤེས་རིག་གིས་སློབ་ཡོན་ནར་གཏོང་དང༌། སློབ་ཕྲུག ༡༢༠ ལ་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་སྩལ་ཡོད། འཕྲོས་ ༡༣༨ ཕ་མ་རང་ངོས་ནས་སློབ་ཡོན་ཕུལ་ཏེ་སློབ་འཇུག་བྱས་པ་རེད།
༥༽    ༡༩༩༤ ཟླ་ ༥ ཚེས་ ༡ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དྷ་ས་གངས་ཅན་སྐྱིད་གཤོངས་སུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་འཚོགས་སྐོང་བྱས་ཤིང༌། ཚོགས་འདུར་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་དང༌། རྒྱ་བོད་སློབ་སྤྱི། དགེ་ཆེ། གཞིས་འགོ་བདེ་དོན་སོགས་ཚང་འཛོམས་ཀྱིས་བོད་ཕྲུག་ཚོའི་ཤེས་ཡོན་དང་འབྲེལ་བའི་གོ་བསྡུར་ལྷུག་པོ་བྱུང༌།བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་བཅར་བ་ཡོངས་ལ་ྋགོང་ས་མཆོག་ནས་བཀའ་སློབ་སྩོལ་བཞིན་པ།
༦༽    ༡༩༩༤ ཟླ་ ༡༢ ཚེས་ ༢༢ ནས་ ༣༡ བར་བོད་ཀྱི་ཆོས་དང་རིག་གཞུང༌། བོད་ནང་གི་དངོས་ཡོད་གནས་སྟངས་སོགས་ལ་མཁས་པའི་སྐུ་ཞབས་ཐོན་ཟུར་དང་དཔལ་ལྡན་རྒྱ་མཚོ། སེར་བྱེས་དགེ་བཤེས་འཇམ་དཔལ་སེང་གེ། བློ་གླིང་དགེ་བཤེས་དབང་ཆེན་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་ལྷོ་གཞིས་ཁག་བརྒྱད་ཀྱི་སློབ་གྲྭ་ཁག་ལ་ཆེད་གཉེར་གྱིས་གསུང་བཤད་གནད་སྨིན་གནང༌།
༧༽    ༡༩༩༤ ཟླ་བ ༢ ནང་ཤེས་རིག་བཀའ་བློན་དང་དྲུང་ཆེ་སོགས་ཅན་དྷི་སྒར་པན་ཇབ་གཙུག་ལག་སློབ་གྲྭར་ཕེབས་ཏེ་གཙུག་ལག་སློབ་ཁང་དེའི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཕྱོགས་སྐོར་བཀའ་བསྡུར་གནང༌།
༨༽    འཛིན་རིམ་ལྔ་པ་མན་དུ་ཕྱིའི་སྐད་ཡིག་ཕུད་དེ་མིན་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ནས་སློབ་ཁྲིད་གནང་འགོ་བཙུགས་ཟིན་པ་ལྟར་དགོས་མཁོའི་དགེ་རྒན་གསོ་སྐྱོང་ཆེད། དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་ ༡༩༩༤ ཟླ་ ༤ ཚེས་ ༡༨ ནས་ལོ་གཉིས་རིང་མི་གྲངས་ ༢༠ ལ་གཞི་རིམ་འོག་མའི་དགེ་རྒན་གྱི་འོས་སྦྱོང་གོ་སྒྲིག་བྱས།
༩༽    ༡༩༩༤ ཟླ་བ་ ༥ ཚེས་ ༡༠ ནས་བོད་གཞུང་ཟློས་གར་དུ་ལོ་གཅིག་དང་ཕྱེད་ཀའི་རིང་མི་གྲངས་ ༢༡ ལ་ཟློས་གར་དགེ་རྒན་གྱི་འོས་སྦྱོང་གོ་སྒྲིག་བྱས།
༡༠༽    བོད་སློབ་འཛིན་ཚོགས་ཀྱིས་ ༡༩༩༤ ཟླ་བ་ ༡༢ ནང་མ་སུ་རིར་གཞི་རིམ་འོག་མའི་དགེ་རྒན་གྱི་ཟབ་སྦྱོང་གོ་སྒྲིག་གནང་སྐབས་ཤེས་རིག་ནས་མཁས་པ་ཆེད་བརྫངས་ཀྱིས་གཞི་རིམ་འོག་མར་བོད་སྐད་ཀྱི་ཐོག་ནས་ཚན་རིག་སོགས་སློབ་ཚུལ་སློབ་ཁྲིད་བྱས།
༡༡༽    འཛིན་རིམ་ ༦།༧།༨ གསུམ་གྱི་སློབ་ཚན་ཁག་སློབ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་དཔྱད་གཞིའི་ཟུར་དེབ་ཁག་རྩོམ་སྒྲིག་མཇུག་སྐྱོང་པར་སྐྲུན་གྱིས་འགྲེམས་སྤེལ་བྱས།
༡༢༽    མ་ན་ལི་སློབ་གྲྭ་ཆགས་ཡུལ་ས་ཆར་གཅིག་ནས་ས་གནས་ཀྱི་བཙོག་ཆུ་གསོག་ས་བཟོ་གཏན་འཁེལ་བ་དང༌། གཉིས་ནས་ས་དེར་ཆུ་ལོག་ཆེན་པོ་བྱུང་བར་བརྟེན། ས་གནས་གཞུང་གིས་གནང་བའི་ས་ཚབ་ཐོག ༡༩༩༤ ཟླ་བ་ ༦ ནང་ཨར་ལས་འགོ་འཛུགས་ཀྱིས་འཛིན་ཁང་དང༌། ལས་ཁུངས། དཔེ་མཛོད་བཅས་ཛ་དྲག་གི་སྒོ་ནས་གསར་རྒྱག་བྱེད་འགོ་བཙུགས།
༡༣༽    ཅོན་ཏ་རའི་འཛིན་ཁང་འཕར་མ་དང༌། དཔེ་མཛོད། དོད་ཁང་བཅས་གསར་རྒྱག་དང་རྒྱ་སྐྱེད་ཀྱི་ལས་དོན་མཇུག་སྒྲིལ་ཅིང༌། སྤོན་ཊར་ཉལ་ཁང་ཐོག་རྩེག་གཉིས་ཅན་ཁག་དྲུག་གསར་རྒྱག་བྱས་ཟིན། དྷོ་ལན་ཇི་བོན་གཞིས་སློབ་གྲྭའི་ཉལ་ཁང་ཐོག་བརྗེས་དང་ཟ་ཁང་གི་འཛིན་ཆས་གསར་བཟོ་བྱས།