༡༩༩༣

༡༽    ལོ་སྔོན་མ་དང་མཚུངས་པར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ ༨༥ ཡོད་པའི་ནང་སློབ་ཕྲུག་ཕོ་མོ་ ༢༩༢༡༣ དང༌། དགེ་རྒན་ ༡༤༣༢ ལས་བྱེད་ ༩༥༧ ཡོད།
        ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་པུར་བཅས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་ཚད་དུ་ཞུགས་མཁན་ ༢༩༨ ཡོད་པའི་ནང་ནས་ཨང་སྡེ་དང་པོ་ ༤༨ ཨང་སྡེ་གཉིས་པ་ ༡༧༤ ཨང་སྡེ་གསུམ་པ་ ༢༠ བསྐྱར་རྒྱུགས་གཏོང་དགོས་ ༤༣ རྒྱུགས་མ་འཕྲོད་པ་ ༡༣ བཅས་ཡོད།
༢༽    ལོ་འདིར་མཐོ་རིམ་སློབ་ཡོན་གསར་དུ་ཐབས་འཚོལ་ཐུབ་པ་ ༩༥ བྱུང་བ་ལྟར་སློབ་ཡོན་བགོས་འགྲེམས་ཀྱིས་ཁྱོན་བསྡོམས་སློབ་ཕྲུག ༨༤ མཐོ་སློབ་དང་སློབ་གཉེར་ཁང་ནང་རང་རང་གི་འདོད་མོས་ཡོད་པའི་སློབ་ཚན་ཐོག་སློབ་གཉེར་བྱེད་ཐུབ་པ་བྱུང༌།
༣༽    ཨ་རིའི་གཞུང་གི་སློབ་ཡོན་ལས་གཞིའི་འོག་སྔ་ལོ་འདེམས་སྒྲུག་བྱས་པའི་སློབ་ཕྲུག ༢༡ ༼མི ༡ སྔ་ལོ་ཐོན་དགོས་ཀྱང་བཀའ་ཤག་བཀའ་འབྲེལ་ལོ་འདི་བར་ཕྱི་འགྱངས་ཀྱི་བཀའ་འཁྲོལ་གནང་བ་ཞིག་རེད།༽ལོ་འདིའི་ཕྱི་ཟླ་ ༨ ནང་ཨ་རིར་བཏང༌། ༡༩༩༤ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་ཟིན། སྔ་ལོ་ཨི་ཊ་ལི་གཞུང་གིས་གཞི་རིམ་སློབ་ཐོན་བོད་ཕྲུག་གཉིས་ལ་གསོ་བ་རིག་པ་དང༌། གསོ་རིག་ཐོན་ཟིན་པ་གཅིག་ལ་དམིགས་བཀར་ཆེད་ལས་སློབ་སྦྱོང་གི་རོགས་རམ་གནང་གཏན་འཁེལ་བའི་མི་འགྲོ་དྲག་འདེམས་བྱས་ཟིན་པ་གསུམ་ལོ་འདིར་དངོས་སུ་ཨི་ཊ་ལིར་བཏང༌།
༤༽    པོ་ལན་ཌི་ཡུལ་དུ་འཛིན་རིམ་ ༡༢ སློབ་ཐོན་བོད་ཕྲུག་བཞི་ལ་གསོ་བ་རིག་པ་དང༌། ཚན་རིག ཨང་རྩིས་བཅས་ཀྱི་སློབ་སྦྱོང་གོ་སྐབས་ཐོག དེ་དག་ལ་ལྟ་སྐྱོང་དང་སློབ་སྟོན་བྱེད་མཁན་བོད་དགེ་གཅིག་བཅས་གཏོང་འཐུས་ཀྱི་གོ་སྐབས་བྱུང་བ་ལྟར་མི་འགྲོ་དྲག་འདེམས་ཟིན་ནས་ལོ་རྗེས་མའི་ནང་གཏོང་གཏན་འཁེལ། དེ་བཞིན་ནོར་ཝེ་ཡུལ་གྱི་གཙུག་ལག་སློབ་ཁང་དུ་བོད་ཕྲུག་ཕོ་མོ་གཉིས་ལ་རྒྱལ་སྤྱིའི་ཚོང་འབྲེལ་ཐད་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གི་སློབ་ཡོན་ཐབས་འཚོལ་ཐུབ་པ་བཞིན་མི་འགྲོ་དྲག་འདེམས་བྱས་ཏེ་ལོ་རྗེས་མའི་ནང་གཏོང་གཏན་འཁེལ།
༥༽    ལོ་འདིར་གཞི་རིམ་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༧༤༧ གསར་འཚོལ་ཐུབ་ཅིང༌། དེ་དག་སློབ་ཡུན་ལོ་ ༦ དང་ཟླ་རེར་ཧིན་སྒོར་༣༠༠ བརྩིས་ཚེ་ཧིན་སྒོར་ ༡༦༡༡༣༦༠༠ ཆགས་ཀྱི་ཡོད། ལོ་འདིར་གཏན་སློབ་ཁག་ཏུ་ཁྱོན་བསྡོམས་སློབ་ཕྲུག༌༥༨༥ སློབ་འཇུག་བྱས་ཤིང༌། དེའི་ཁོངས་ནས་སློབ་ཕྲུག ༢༨༡ ཤེས་རིག་གིས་སློབ་ཡོན་ནར་གཏོང་དང༌། སློབ་ཕྲུག༌༡༥༨ ལ་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་སྩལ་ཡོད། འཕྲོས་ ༡༤༦ ཕ་མ་རང་ངོས་ནས་སློབ་ཡོན་ཕུལ་ཏེ་སློབ་འཇུག་བྱས་པ་རེད།
༦༽    ཤེས་རིག་དྲུང་ཆེ་བལ་ཡུལ་དུ་ངོ་ཕེབས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༤།༥ ཉིན་གཉིས་རིང་བལ་ཡུལ་སྐུ་ཚབ་དོན་གཅོད་དང༌། བལ་ཡུལ་སློབ་ཁག ༡༡ གི་འགན་འཛིན། དགེ་ཆེ། ས་གནས་ཁག་གི་གཞིས་འགོ་བཅས་ཡོད་པའི་བལ་ཡུལ་ཤེས་རིག་ལྷན་ཚོགས་ཐེངས་དང་པོ་དེ་འཚོགས་ཏེ་དེ་ཁུལ་གྱི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གོ་བསྡུར་གྱིས་གྲོས་ཆོད་སྣོལ་འཇོག་བྱས།
༧༽    གཏན་ཉིན་སློབ་གྲྭ་ཁག་ཏུ་ཟློས་གར་དགེ་རྒན་ལྡང་ངེས་བསྐོ་བཞག་བྱ་རྒྱུའི་དམིགས་སྒོར་བོད་མི་ ༡༨ ལ་ལོ་གཅིག་རིང་ཟློས་གར་འོས་སྦྱོང་ཚད་ལྡན་གོ་སྒྲིག་བྱས་ཏེ་ལོ་འདིའི་ནང་སློབ་གྲྭ་ཁག་ཏུ་བསྐོ་བཞག་བྱས། དེ་བཞིན་ཟླ་བ་ ༥ ནང་སློབ་གྲྭ་ཁག་གི་ཟློས་དགེ་རྙིང་པ་ཆ་ཚང་བོད་གཞུང་ཟློས་གར་དུ་བསྐོངས་ནས་གཟའ་འཁོར་གཉིས་རིང་གར་རོལ་གྱི་ཟབ་སྦྱོང་སྤྲད་ཅིང༌། ཟབ་སྦྱོང་གི་མཇུག་ཏུ་མི་རེར་སྒྲ་སྙན་རེ་དང་གཞས་དེབ་རེ་གནང༌།
༨༽    གཞི་རིམ་བོད་ཡིག་དགེ་རྒན་གྱི་དམིགས་སྒོར་དྷ་ས་རིགས་སློབ་ཏུ་མི་གྲངས་ ༡༥ ལ་ཕྱི་ལོ་ ༡༩༩༢ ནས་ལོ་གཉིས་རིང་འོས་སྦྱོང་གོ་སྒྲིག་བྱས་པ་དེ་ ༡༩༩༣ ཟླ་བ་ ༡༠ ནང་མཇུག་སྒྲིལ་ཏེ་སློབ་གྲྭ་ཁག་ཏུ་བསྐོ་བཞག་བྱས།
༩༽    འཛིན་རིམ་ལྔ་པ་མན་གྱི་སློབ་ཚན་ཆ་ཚང་བོད་སྐད་དུ་སློབ་ཁྲིད་བྱ་རྒྱུའི་ལས་རིམ་ཚགས་ཚུད་ཡོང་ཐབས་སུ་ལས་དོན་སྣ་མང་འཆར་འགོད་བྱས་པའི་ཁོངས་སུ་ཤེས་རིག་ཐད་འཛིན་སློབ་ཁག་དང༌། སྦེལ་ཀོབ་སྔོན་འགྲོའི་སློབ་གྲྭ་བཅས་ཀྱི་ཨང་རྩིས་དང་ཚན་རིག སྤྱི་ཚོགས་རིག་གནས་བཅས་ཀྱི་གཞི་རིམ་འོག་མའི་དགེ་རྒན་རྣམས་བྷེལ་ཀོབ་དང༌། སྒང་ཏོག སྤོན་ཊ་སོགས་ས་ཁུལ་ཁག་ལྔ་ལ་བསྡུ་སྐོང་བྱས་ཐོག དྷ་ས་བོད་ཁྱིམ་ནས་མྱོང་རྒྱུས་ཟབ་པའི་མཁས་པ་གདན་ཞུས་ཀྱིས་༡༩༩༣ ཟླ་བ་ ༧ ནས་ ༨ བར་ཟླ་བ་གཅིག་ལྷག་རིང་ཟབ་སྦྱོང་སྤྲད་པ་དེས་ཕན་ཐོགས་ཆེན་པོ་བྱུང༌། ༡༩༩༣ ཟླ་ ༦ ཚེས་ ༡༢ ནས་ ༡༨ བར་སྤོན་ཊ་གཏན་སློབ་ཏུ་ཟབ་སྦྱོང་འཚོགས་སྐབས་བསྒྲོན་པའི་དགེ་སློབ་ལྷན་འཛོམས་ཀྱི་འདྲ་པར། གཡས་ནས་གཡོན་དུ་བརྩིས། མདུན་གྲལ། ཐང་དུ་བཞུགས་པ། ༡ བློ་བཟང་ཆོས་སྒྲོན། ༢ སྤེན་པ། ༣ ཚེ་དབང་རབ་བརྟན། ༤ ཚེ་དབང་ནོར་བུ། ༥ བྱམས་པ་སྒྲོལ་མ། ༦ བསོད་ནམས་དབྱངས་ཅན། ༧ བརྩོན་འགྲུས་བཟང་མོ། ༨ ཚེས་བཅུ། བར་གྲལ། ཞབས་སྟེགས་སུ་འཁོད་པ། ༡ ཕུན་ཚོགས། ༢ སྤོན་ཊའི་སློབ་སྤྱི་ཚེ་རིང་ཕུན་ཚོགས། ༣ ཟབ་སྦྱོང་དགེ་རྒན་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ཤེས་རབ་རྒྱ་མཚོ། ༤ ཟབ་སྦྱོང་དགེ་རྒན་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འཇམ་དཔལ་ཕུན་ཚོགས། ༥ བཀྲ་ཤིས་རྣམ་རྒྱལ། རྒྱབ་གྲལ། ༡ བསྟན་འཛིན་སྒྲོལ་མ། ༢ ཀུན་དགའ་ཚེ་འཕེལ། ༣ དབྱངས་ཅན་སྒྲོལ་དཀར། ༤ ཀུན་དགའ་ཆོས་སྒྲོན། ༥ མིག་དམར་སྒྲོལ་མ། ༦ ཚེ་རིང་ཆོས་སྒྲོན། ༧ བཀྲ་ཤིས་སྒྲོལ་མ། ༨ ཀརྨ་ཡེ་ཤེས།
༡༠༽    སྔ་ལོ་བསྐྱར་ཞིབ་དང་འགྲེམས་སྤེལ་བྱས་པའི་འཛིན་རིམ་༦ ནས་ ༨ བར་གྱི་བོད་ཡིག་སློབ་དེབ་སྐད་ཡིག་དང་ནང་ཆོས་རིགས་ལམ། རྒྱལ་རབས་ཆོས་འབྱུང་བཅས་དེབ་གྲངས་དགུའི་ནང་ཡིག་ནོར་མི་ཉུང་བ་ཞིག་ཐོན་པར་བརྟེན། ཤེས་རིག་རྩོམ་སྒྲིག་སྡེ་ཚན་ནས་ནོར་བཅོས་རེའུ་མིག་བཏོན་ཏེ་སྐབས་འཕྲལ་སློབ་གྲྭ་ཡོངས་ལ་བཀྲམས་ཐོག བོད་དགེ་དང་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་ཞུ་དག་ནན་འདྲོངས་ཞུས་ཏེ་ཡང་བསྐྱར་པར་སྐྲུན་དང་འགྲེམས་སྤེལ་བྱས།
        ༡༩༩༣ ཟླ་བ་ ༡༡ ནང་རྒྱ་གར་དགེ་རྒན་གྱིས་བོད་སྐད་བོད་ཡིག་སྦྱོང་ཆེད་ལག་དེབ་རྩོམ་སྒྲིག་དང་པར་སྐྲུན་བྱས།
༡༡༽    གཞི་རིམ་བར་མ་ཡན་ལ་ཕ་ཡུལ་ན་གཞོན་བརྙན་དེབ་ལོ་རེར་ཐེངས་གཉིས་རེ་དང་འདོན་ཐེངས་རེར་དེབ་གྲངས་ ༤༢༥༠ སྐོར་འདོན་སྤེལ་བྱ་མུས་ཕན་ཐོགས་ཆེ་ཡང༌། གཞི་རིམ་འོག་མའི་སློབ་ཕྲུག་ཚོར་བཀླག་བྱའི་དཔེ་དེབ་ཉུང་བའི་དཀའ་ངལ་སེལ་ཆེད་ལོ་འདི་ནས་གངས་ལྗོངས་བྱིས་པའི་བརྙན་དེབ་ཅེས་པའི་དུས་དེབ་དབུ་མེད་ལག་བྲིས་ཡིག་གཟུགས་རི་མོས་བརྒྱན་པ་དེབ་གྲངས་ ༥༠༠༠ དང༌། སངས་རྒྱས་ཀྱི་མཛད་རྣམ་བྱིས་པའི་དགའ་ཚལ་རི་མོས་བརྒྱན་པ་དེབ་གྲངས་ ༥༠༠༠ པར་འགྲེམས་བྱས། གོང་གསལ་གངས་ལྗོངས་བྱིས་པའི་བརྙན་དེབ་ད་ལྟའང་ཆད་མེད་འདོན་བཞིན་མཆིས། དེ་བཞིན་ཚིག་མཛོད་རྩོམ་སྒྲིག་གི་ལས་དོན་མུ་མཐུད་བྱས་ཐོག ༡༩༩༣ ཟླ་བ་ ༨ པར་ཝཱ་ཎ་མཐོ་སློབ་ཏུ་ཚིག་མཛོད་སྒྲིག་ཕྱོགས་སྐོར་བགྲོ་གླེང་གོ་སྒྲིག་བྱས།
༡༢༽    སྤོན་ཊར་ཕྲུ་གུ་ ༡༢༠ ཤོང་བའི་ཉལ་ཁང་འོག་ཐོག་དང་ལས་ཤག་གསར་རྒྱག་ཟིན་པར་ཧིན་སྒོར་༨༦༡༥༤༤ དང༌། རྩེད་ཐང་གསར་བཟོ་བྱས་པར་ཧིན་སྒོར་ ༡༡༠༠༠༠ སོང༌། ཤེས་རིག་གིས་ལྕམ་སྐུ་ཝེ་གར་ལ་རེ་སྐུལ་ཞུས་པ་ལྟར་ཁོང་གིས་རོགས་རམ་གནང་སྟེ་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ཉིན་སློབ་ཏུ་མཐའ་མཚམས་བོད་ཕྲུག ༥༠ ཤོང་བའི་ཉལ་ཁང་གསར་རྒྱག་བྱས། ཅོན་ཏ་རར་འཛིན་ཁང་འཕར་མ་གཉིས་གསར་རྒྱག་བྱེད་མུར་གནས།
༡༣༽    མ་ན་ལི་སློབ་གྲྭ་ཆགས་ཡུལ་ས་ཆ་དེའི་སྟེང་ཐོག་མ་ནས་ཁྲིམས་མཐུན་བཀའ་འཁྲོལ་དང་ཆོག་མཆན་མེད་པར་རང་འཚམས་སློབ་གྲྭ་འཛུགས་གཉེར་བྱས་པར་སོང༌། སྔ་ལོ་ས་ཆ་དེར་གསང་སྤྱོད་ཀྱི་བཙོག་ཆུ་གསོག་ས་གསར་སྐྲུན་བྱེད་རྒྱུར་སློབ་གྲྭ་དེ་ནས་སྤོ་དགོས་བརྡ་ཁྱབ་འབྱོར་ཐོག འདི་ལོ་ཡང་བསྐྱར་ཛ་དྲག་བཀའ་རྒྱ་འབྱོར་བར་བརྟེན་ཕྱི་ལོ་༡༩༩༣ ཟླ་ ༣ ཚེས་ ༣ ཉིན་ཤེས་རིག་དྲུང་ཆེས་ཀུ་ལུ་རྫོང་དཔོན་ངོ་མཇལ་གྱིས་ས་ཚབ་གང་འོས་ཤིག་གནང་ན་དེ་མཚམས་སློབ་གྲྭ་སྤོས་ཆོག་པ་སོགས་རེ་སྐུལ་ནན་ཆེ་ཞུས་པར། ས་ཚབ་བྷི་ཀ་གཉིས་གནང་རྒྱུའི་ཞལ་བཞེས་བྱུང༌། དེར་བརྟེན་ད་ཡོད་སློབ་གྲྭ་བཤིག་སྟེ་གསར་རྒྱག་མ་ཐུབ་བར་ཁང་པ་གླ་གཡར་གྱིས་སློབ་གྲྭ་ཚུགས་ཐབས་བྱ་རྒྱུའི་ཐག་ཆོད།
༡༤༽    དྷོ་ལན་ཇི་བོན་གཞིས་སློབ་གྲྭར་འཛིན་ཁང་གསུམ་གསར་རྒྱག་བྱས་པར་ཤེས་རིག་གིས་ཧིན་སྒོར་ ༣༠༨༩༩།༥༠ རོགས་རམ་གནང༌།
༡༥༽    དགེ་རྒན་འོས་སྦྱོང་ཁང་ཞིག་གསར་རྒྱག་ཆེད་ལས་བྱེད་བདག་གཉེར་ཁང་གི་ས་ཁུངས་སུ་འཛུགས་སྐྲུན་ཆེད་ས་ཆ་ཟུར་འཇོག་བྱས་པའི་ས་རིན་ཕྱེད་འབབ་ཤེས་རིག་གིས་ཕུལ་ཟིན་ཡང༌། གཞུང་གི་བཀའ་འབྲེལ་ལྟར་ཨར་ལས་འགོ་འཛུགས་མ་ཐུབ་པར་ལུས།
༡༦༽    བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཏུ་འཛིན་རིམ་ལྔ་པ་བར་དུ་སློབ་ཚན་ཆ་ཚང་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱས་ཆོག་པའི་ཐག་གཅོད་གཙང་མ་དང་བརྟན་པོ་ཞིག་ཡོང་ཐབས་བྱ་རྒྱུའི་འཆར་གཞི་བཀོད།