༡༩༩༢

༡༽    ལོ་སྔོན་མ་དང་མཚུངས་པར་ཁྱབ་ཁོངས་སློབ་གྲྭ་ ༨༥ ཡོད་པའི་ནང་སློབ་ཕྲུག་ཕོ་མོ་ ༢༧༢༢༠ དང༌། དགེ་རྒན་ ༡༣༨༣ ལས་བྱེད་ ༩༤༨ ཡོད།
        ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་པུར་བཅས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་ཚད་དུ་ཞུགས་མཁན་ ༣༤༩ ཡོད་པའི་ནང་ནས་ཨང་སྡེ་དང་པོ་ ༣༢ ཨང་སྡེ་གཉིས་པ་ ༢༡༠ ཨང་སྡེ་གསུམ་པ་ ༣༦ བསྐྱར་རྒྱུགས་གཏོང་དགོས་ ༥༣ རྒྱུགས་མ་འཕྲོད་པ་ ༡༧ བཅས་ཡོད།
༢༽    ལོ་འདིར་མཐོ་རིམ་སློབ་ཡོན་གསར་དུ་ཐབས་འཚོལ་ཐུབ་པ་ ༡༤༩ བྱུང་བ་ལྟར་སློབ་ཡོན་བགོས་འགྲེམས་ཀྱིས་ཁྱོན་བསྡོམས་སློབ་ཕྲུག ༡༣༡ མཐོ་སློབ་དང་སློབ་གཉེར་ཁང་ནང་རང་རང་གི་འདོད་མོས་ཡོད་པའི་སློབ་ཚན་ཐོག་སློབ་གཉེར་བྱེད་ཐུབ་པ་བྱུང༌།
༣༽    ཨ་རིའི་གཞུང་གི་སློབ་ཡོན་ལས་གཞིའི་འོག་སྔ་ལོ་འདེམས་སྒྲུག་བྱས་པའི་ཁོངས་ནས་མི་གྲངས་ ༡༩ མི་ ༢༠ འདེམས་སྒྲུག་བྱས་ཀྱང་ ༡ བཀའ་ཤག་བཀའ་འབྲེལ་ལོ་རྗེས་མའི་ནང་གཏོང་རྒྱུ་བྱས།ལོ་འདིའི་ཕྱི་ཟླ་ ༨ ནང་ཨ་རིར་བཏང༌།འདིའི་ཁོངས་ནས་མི་ ༤ དངོས་སུ་ཐོན་མ་ཐུབ་པར་ ༡༩༩༤ ལོར་ཐོན་འདུག་སྙམ་པས་དཔྱད། ༡༩༩༣ ལོར་གཏོང་རྒྱུའི་སློབ་ཕྲུག ༢༠ སྔར་ལམ་ལྟར་འདེམས་སྒྲུག་ཟིན་ཏེ་ལོ་རྗེས་མའི་ནང་ཨ་རིར་གཏོང་གཏན་འཁེལ། སྔ་ལོ་འདེམས་སྒྲུག་ཟིན་པའི་བོད་ཕྲུག་བཞི་འདི་ལོ་ཨ་རིའི་བྷེ་རི་ཡ་དང༌། བྷེ་ལར་མིན་མཐོ་སློབ་ཏུ་དངོས་སུ་བཏང་ཞིང༌། དེ་བཞིན་ཨ་རིའི་ལོ་ཡེ་ཌི་མཐོ་སློབ་ཏུ་སློབ་ཕྲུག་གཅིག་དང་འཇར་མན་དུ་སློབ་ཕྲུག་གཅིག་སྔོན་འདེམས་ཟིན་པ་འདི་ལོ་དངོས་སུ་བཏང༌། ཨི་ཊ་ལི་གཞུང་གིས་གཞི་རིམ་སློབ་ཐོན་བོད་ཕྲུག་གཉིས་ལ་གསོ་བ་རིག་པ་དང༌། གསོ་རིག་ཐོན་ཟིན་པ་གཅིག་ལ་དམིགས་བཀར་ཆེད་ལས་སློབ་སྦྱོང་གི་རོགས་རམ་གནང་གཏན་འཁེལ་བ་བཞིན་མི་འགྲོ་དྲག་འདེམས་བྱས་ཏེ་རྗེས་ལོ་གཏོང་གཏན་འཁེལ།
༤༽    ལོ་འདིར་གཞི་རིམ་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༩༩༣ གསར་འཚོལ་ཐུབ་ཅིང༌། དེ་དག་སློབ་ཡུན་ལོ་ ༦ དང་ཟླ་རེར་ཧིན་སྒོར་ ༡༨༠ བརྩིས་ཚེ་ཧིན་སྒོར་ ༡༠༧༢༤༤༠༠ ཆགས་ཀྱི་ཡོད། ལོ་འདིར་གཏན་སློབ་ཁག་ཏུ་ཁྱོན་བསྡོམས་སློབ་ཕྲུག ༥༧༤ སློབ་འཇུག་བྱས་ཤིང༌། དེའི་ཁོངས་ནས་སློབ་ཕྲུག ༢༥༧ ཤེས་རིག་གིས་སློབ་ཡོན་ནར་གཏོང་དང༌། སློབ་ཕྲུག ༩༧ ལ་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་སྩལ་ཡོད། འཕྲོས་ ༢༢༠ ཕ་མ་རང་ངོས་ནས་སློབ་ཡོན་ཕུལ་ཏེ་སློབ་འཇུག་བྱས་པ་རེད།
༥༽    སྔ་ལོ་རྒྱལ་སྤྱིའི་བོད་ཀྱི་ལོ་ནས་འགོ་འཛུགས་ཀྱིས་སློབ་གྲྭ་ཁག་གི་དགེ་རྒན་ལས་བྱེད་ཞབས་ལོ་ ༢༥ འཁོར་བ་ཚོར་ྋགོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་ལེགས་སྐྱེས་སུ་ཐང་ག་གོས་གཤམ་དང་ཐང་ཏོག་རང་འགྲིག་ཅན་རེ་དང་མཇལ་དར། ཕྱག་འཁྱེར་བཅས་གནང་གཏན་འཁེལ་བ་ལྟར་འདི་ལོ་དགེ་ལས་ ༥ བྱ་དགའ་ལེགས་སྐྱེས་གནང༌། བྱ་དགའ་ལེགས་སྐྱེས་འདི་བཞི་ལོ་ལྟར་གནང་སྟེ་ད་བར་རྒྱུན་མཐུད་ཡོད་ཀྱང༌། འདི་ནས་བཟུང་ཡིག་ཚོགས་ལ་འཇིགས་ཏེ་བཀོད་མེད།
༦༽    ༡༩༩༡ རྒྱལ་སྤྱིའི་བོད་ཀྱི་ལོར་འགོ་འཛུགས་གནང་བ་ལྟར་འདི་ལོར་ཡང་འཛིན་རིམ་བཅུ་པ་དང༌། བརྒྱད་པ། ལྔ་པ་བཅས་ལ་བོད་ཡིག་གཟུགས་དག་རྩོམ་གསུམ་སྤྱི་ཡོངས་འགྲན་བསྡུར་གྱིས་ཨང་དང་པོར་ཧིན་སྒོར་ ༡༠༠༠ དང་ཨང་གཉིས་པར་ཧིན་སྒོར་ ༧༠༠ ཨང་གསུམ་པར་ཧིན་སྒོར་ ༥༠༠ མཇལ་དར། ལག་ཁྱེར་བཅས་གནང༌། ལས་རིམ་འདི་དུས་ཕྱིས་སྨྱུག་གསར་དུས་དེབ་གསར་འདོན་མ་བྱས་བར་རྒྱུན་མཐུད་ཡོད་ཀྱང༌། འདིའི་རྗེས་ཀྱི་ལོ་དུས་སོ་སོའི་ལས་དོན་ཁོངས་ཡིག་ཚོགས་མང་བས་བཀོད་མེད།
༧༽    ཤེས་རིག་ལས་ཁུངས་ཀྱིས་འགྲོ་གྲོན་བཏང་སྟེ་ཝཱ་ཎ་མཐོ་སློབ་ཏུ་མི་གྲངས་ ༡༨ ལ་དགེ་རྒན་འོས་སྦྱོང་གོ་སྒྲིག་བྱས་པ་དེ་ལོ་འདིའི་ཟླ་བ་ ༦ ནང་ཐོན་ཏེ་བོད་སློབ་འཛིན་ཚོགས་དང་བལ་ཡུལ་སློབ་ཁག་ནང་གཏན་འཇགས་དགེ་རྒན་གྱི་ངོ་བོར་བསྐོ་བཞག་བྱེད་ཐུབ་པ་བྱུང༌།
        སློབ་གྲྭ་ཁག་ཏུ་གཞི་རིམ་བོད་དགེ་དང་ཟློས་དགེ་དཀོན་པའི་དཀའ་ངལ་ཧ་ཅང་ཆེ་བར་བརྟེན། རིགས་ལམ་སློབ་གཉེར་ཁང་ལ་རེ་སྐུལ་ཞུས་འབྲས་སུ་རིགས་ལམ་སློབ་གཉེར་ཁང་དུ་མི་གྲངས་ ༡༥ ལ་བོད་དགེ་འོས་སྦྱོང་སྤྲོད་རྒྱུ་དང་བོད་གཞུང་ཟློས་གར་དུ་ཟློས་དགེ་མི་གྲངས་ ༡༨ ལ་ཟློས་དགེ་འོས་སྦྱོང་གོ་སྒྲིག་བྱས།
༨༽    འཛིན་རིམ་ལྔ་པ་མན་གྱི་སློབ་ཚན་ཆ་ཚང་༼ཨང་རྩིས་འཛིན་རིམ་གསུམ་པ་དང་གསུམ་པ་ཡན་བསྒྱུར་མེད་༽དྷ་ས་བོད་ཁྱིམ་གྱིས་ཕབ་སྒྱུར་དང་འབྲེལ་སློབ་ཁྲིད་བྱས་པར་གྲུབ་འབྲས་གང་ལེགས་བྱུང་བ་གཞི་རྩར་བཟུང་སྟེ་ལོ་འདིར་ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་གི་འཛིན་གྲྭ་དང་པོ་ཡོངས་ལ་བོད་ཡིག་གི་ཐོག་ནས་ཚན་རིག་སོགས་སློབ་ཚན་ཆ་ཚང་བསླབས་འགོ་བརྩམས། ལོ་རྗེས་མར་འཛིན་རིམ་གཉིས་པར་སློབ་གཏན་འཁེལ།     ལོ་འདིའི་ཟླ་བ་ ༡༠ ཚེས་ ༣༠ ཉིན་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་ཚོགས་འདུ་ཐེངས་ ༥༢ པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཚུགས་སྐབས་བོད་གཞུང་ཤེས་རིག་བཀའ་བློན་དང་དྲུང་ཆེ་གཉིས་ཚོགས་བཅར་གྱིས་གྲོས་འཆར་བཏོན་པ་ལྟར། བོད་སློབ་འཛིན་ཚོགས་ཀྱི་ཁོངས་གཏོགས་སློབ་གྲྭ་བྷེལ་ཀོབ་ཀེ་ལ་ཤ་པུར་ཉིན་སློབ་དང༌། ཨར་ལི་ཀུ་མ་རི་ཉིན་སློབ་གཉིས་ཀྱི་འཛིན་གྲྭ་དང་པོར་ཕྱི་ལོ་ ༡༩༩༣ ལོ་ནས་ཚན་རིག་སོགས་སློབ་ཚན་ཆ་ཚང་བོད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུར་ཐག་གཅོད་གཙང་མ་བྱུང༌།
༩༽    ྋགོང་ས་མཆོག་གིས་མ་འོངས་རྒྱ་རིགས་དང་སོག་རིགས་ལ་འབྲེལ་ལམ་ཟབ་མོ་འཛིན་དགོས་པ་སྔོན་གཟིགས་ཀྱིས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེར་སློབ་གྲྭ་ཁ་ཤས་ནང་རྒྱ་སྐད་དང་སོག་སྐད་བསླབས་ན་ལེགས་པའི་ལམ་སྟོན་ཕེབས་པ་བཞིན་སོག་སྐད་དགེ་རྒན་ལམ་སེང་ཐབས་ཤེས་མ་ཐུབ་ཀྱང་ལོ་འདིའི་ཟླ་བ་ ༡༠ ནས་བཟུང་ཌལ་ཧོར་གཏན་སློབ་ཏུ་རྒྱ་ཡིག་དགེ་རྒན་བསྐོ་བཞག་བྱས་ཏེ་རྒྱ་སྐད་སྦྱོང་འདུན་ཡོད་པའི་བོད་ཕྲུག་ཁག་ཅིག་ལ་རྒྱ་སྐད་བསླབས་འགོ་བཙུགས།
༡༠༽    བདེ་སྐྱིད་གླིང་ཉིན་སློབ་དང༌། ཅོན་ཏ་ར་ཉིན་སློབ། སྒང་ཏོག་ཐུ་མི་སཾ་བྷོ་ཊ་ཉིན་སློབ་གསུམ་འཛིན་རིམ་བརྒྱད་པ་བར་ཡོད་པའི་འབྲིང་རིམ་སློབ་གྲྭར་བསྒྱུར། སྤོན་ཊ་གཏན་སློབ་འཛིན་རིམ་བཅུ་པ་བར་སྤར་ཏེ་རྒྱ་གར་གཞུང་གི་ཁོངས་སུ་དེབ་སྐྱེལ་བྱེད་བཞིན་ཡོད་ཀྱང་ལོ་འདིར་དོན་སོན་མ་བྱུང༌། ད་དུང་མུ་མཐུད་འབད་བརྩོན་བྱ་རྒྱུའི་ཐག་བཅད།
༡༡༽    སྔ་ལོ་འགོ་བཙུགས་པའི་སྦིར་དང་ཅོན་ཏ་ར། སྤོན་ཊ་བཅས་ཀྱི་ཨར་ལས་ལས་གཞི་མཇུག་སྒྲིལ་ཅིང༌། བོན་གཞིས་དྷོ་ལན་ཇིར་སློབ་ཕྲུག ༨༠ སྐོར་ཤོང་བའི་ཉལ་ཁང་གསར་རྒྱག་ཟིན། དེར་ཤེས་རིག་གིས་ཧིན་སྒོར་ ༣༢༦༣༦༧།༣༦ གནང་བའི་ཐོག་ཌན་མག་རོགས་ཚོགས་ལ་རེ་སྐུལ་ཞུས་ཏེ་ཁ་སྣོན་ཧིན་སྒོར་ ༨༨༩༢༨།༦༤ གནང་སོན་བྱུང༌།
    བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཏུ་འཐུང་ཆུའི་དཀའ་ངལ་སེལ་ཐབས་དང་སྨན་ཁང་ཆུང་ངུ་ཞིག་གསར་འཛུགས་ཆེད་ཨེ་སེ་ཨོ་ཨེ་སེ་ལ་འཆར་འབུལ་ཞུས་པ་ལྟར་ཧིན་སྒོར་ ༡༥༩༧༣༩༥ གནང་རྒྱུའི་ཞལ་བཞེས་ཐོབ།
༡༢༽    བོད་ནས་གསར་ཐོན་དག་ཡིག་གསར་བསྒྲིགས་ཞེས་པ་དེ་དང་དབྱིན་བོད་རྒྱ་གསུམ་ཤན་སྦྱར་ཚིག་མཛོད་གཉིས་རྒྱས་བསྡུས་འཚམས་ཤིང་འགྲེལ་བཤད་གསལ་བར་བརྟེན་སློབ་གྲྭ་ཁག་ལ་འགྲེམས་སྤེལ་བྱས་ན་ཕན་ཆ་ཡོད་པར་མཐོང་སྟེ་ཤེས་རིག་པར་ཁང་དུ་བསྐྱར་སྐྲུན་བྱས། འོན་ཀྱང་དག་ཡིག་གསར་བསྒྲིགས་ཀྱི་ཚིག་གནད་འགའ་ཞིག་ལ་བཟོ་བཅོས་བྱས།
༡༣༽    འཛིན་རིམ་ ༦།༧།༨ གསུམ་གྱི་སྐད་ཡིག་དང་རྒྱལ་རབས་ཆོས་འབྱུང༌། ནང་ཆོས་རིགས་ལམ་བཅས་ཀྱི་སློབ་དེབ་ལ་བསྐྱར་ཞིབ་ཐེངས་གཉིས་པ་བྱས་ཏེ་པར་སྐྲུན་བྱས།
༡༤༽    མ་ན་ལི་སློབ་གྲྭའི་ས་ཆ་ཁྲིམས་ཐོག་ནས་རང་རེར་ཐོབ་ཐབས་སུ་ལོ་མང་འབད་བརྩོན་རིམ་བསྟུད་དུ་ཞུས་ཀྱང་དོན་འབྲས་སོན་རྒྱུ་ལྟ་ཅི་ད་ཆ་ས་ཆ་དེར་ཧི་མ་ཅལ་མངའ་སྡེའི་ཡར་རྒྱས་ཚོགས་ཆུང་གིས་ས་ཁུལ་དེའི་གསང་སྤྱོད་བཙོག་ཆུ་གསོག་སྣོད་གསར་སྐྲུན་བྱ་རྒྱུ་ཡིན་ལུགས་བཀའ་རྒྱ་ཕེབས། དེར་བརྟེན་ཉེ་ཁུལ་ནས་ས་ཆ་ཐབས་འཚོལ་བྱེད་འགོ་ཚུགས།
༡༥༽    བོད་ཡིག་གི་དགེ་རྒན་ཐད་ཤེས་རིག་གི་ལག་འཁྱེར་ཡོད་ཚེ་བོད་སློབ་འཛིན་ཚོགས་ཀྱིས་ངོས་བཞེས་གནང་རྒྱུ་ཡིན་ལུགས་གསུངས་པ་ལྟར་མུ་མཐུད་དགེ་རྒན་འོས་སྦྱོང་གོ་སྒྲིག་བྱ་རྒྱུའི་ཐག་གཅོད་བྱས་ཐོག དྷ་རམ་ས་ལའི་ཉེ་ཁོར་དུ་དགེ་རྒན་འོས་སྦྱོང་ཁང་ཞིག་ཟུར་འཛུགས་བྱ་རྒྱུའི་འཆར་འགོད་བྱས།