༡༩༨༩

༡༽    ལོ་སྔོན་མ་སློབ་གྲྭ་ ༨༣ ཡོད་པ་ལས་བལ་ཡུལ་མཚོ་གཤམ་སློབ་གྲྭར་སློབ་ཕྲུག་ཆེས་ཉུང་སྟབས་ ༡༩༨༧ ལོའི་ལོ་མཇུག་ཏུ་སྒོ་བརྒྱབས་པ་འཐེན་འཕྲོས་སློབ་གྲྭ་ ༨༢ ༼བོད་སློབ་འཛིན་ཚོགས་སློབ་ཁག ༣༠ ཤེས་རིག་ཐད་འཛིན་སློབ་ཁག ༣༢ ཟུར་སྐྱོང་སློབ་ཁག ༢༠༽ཡོད་པའི་ནང་སློབ་ཕྲུག་ ༢༣༩༥༧ དང༌། དགེ་ལས་ ༡༤༥༩ ཡོད།
༢༽    ལོ་འདིར་མ་སུ་རི་དང༌། རྡོར་གླིང༌། ཌལ་ཧོར། སིམ་ལ། སྦེལ་ཀོབ་བཅས་ནས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ནང་ཞུགས་མཁན་ ༡༥༩ ཡོད་ཁོངས་ནས་ཨང་སྡེ་དང་པོ་ ༢༣ དང༌། ཨང་སྡེ་གཉིས་པ། ༡༡༠ ཨང་སྡེ་གསུམ་པ་ ༢ རྒྱུགས་མ་འཕྲོད་པ་ ༢༤ བྱུང༌།
༣༽    ཨང་སྡེ་དང་པོ་ལོན་པ་ཚང་མར་དབུས་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་གནང་བའི་ཐོག་ཤེས་རིག་ལས་ཁུངས་ཀྱིས་ཁ་སྣོན་ལོ་རེར་ཧིན་སྒོར་ ༡༢༠༠ རེ་གནང་སྟེ་མཐོ་སློབ་ནང་འཕྲུལ་ལས་དང་ཚན་རིག ཚོང་འབྲེལ་སོགས་ཀྱི་སློབ་གཉེར་བྱེད་འགོ་བཙུགས།
༤༽    ལོ་འདིར་རྒྱ་གར་ནང་མཐོ་སློབ་དང་ལས་རིགས་སློབ་སྦྱོང་ཆེད་སློབ་ཡོན་ཐབས་འཚོལ་ཞུས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༨༡ དོན་སོན་བྱུང་བ་ལྟར། དང་སློབ་ནས་སྒྲིག་གསལ་རྩ་དགོངས་ཞུ་འཁྲོལ་བྱུང་བ་དང་བོད་ནས་གསར་འབྱོར། གཏན་སློབ་ཁག་ནས་སློབ་ཐོན་ཨང་སྡེ་དང་པོ་སོན་པ་བཅས་ལ་གཙུག་ལག་རབ་འབྱམས་པ་དང༌། ཉེ་བའི་གཙུག་ལག་རབ་འབྱམས་པ། དགེ་འོས། སྨན་པ། འཕྲུལ་རིགས། གསར་འགོད། དཔེ་མཛོད་དོ་དམ་སོགས་ཀྱི་སློབ་གཉེར་ཆེད་སློབ་ཡོན་གནང༌།
༥༽    རང་གཞུང་ནས་འབོད་སྐུལ་སྔ་རྗེས་གནང་འབྲས་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་སྣོལ་འཇོག་གིས་བོད་འབྲེལ་སྲིད་བྱུས་ཐག་གཅོད་བྱུང་བའི་གྲུབ་འབྲས་ནང་ཚན་བོད་མི་ ༣༠ ལ་ཨ་རིར་སློབ་སྦྱོང་གི་སློབ་ཡོན་གནང་གཏན་འཁེལ་བ་ལྟར། ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ལྷན་ཚོགས་ཀྱིས་སློབ་ཕྲུག་དང་ལས་བྱེད་ ༡༥ ཕྱི་ལོ་ ༡༩༩༠ ལོའི་ཕྱི་ཟླ་ ༩ པའི་སློབ་དུས་རྗེས་ཟིན་པ་འདེམས་གཏོང་བྱ་རྒྱུ་དང༌། འཕྲོས་ ༡༥ རྗེས་ལོའི་ཕྱི་ཟླ་ ༡ སློབ་དུས་སུ་གཏོང་རྒྱུའི་ཐག་གཅོད་བྱས། དེ་ཡང་སློབ་ཕྲུག་ཁོངས་ནས་ ༡༠ ཡིག་རྒྱུགས་དང་གཞུང་ཞབས་མཐོ་རིམ་ལས་བྱེད་ཁོངས་ནས་ ༣ ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་གསང་བའི་འོས་བསྡུའི་ལམ་ནས་འདེམས་སྒྲུག་གནང་འཕྲོས་ ༢ སྦིར་དང་མ་སུ་རི་བོད་ཁྱིམ་ཁོངས་ནས་གསར་འབྱོར་འཛིན་རིམ་ ༡༠ ཐོན་རིགས་རྒྱུགས་བཞེས་ཀྱིས་འདེམས་སྒྲུག་ཟིན་པ་ ༡༩༩༠ ལོའི་ཟླ་ ༩ སྔོན་ཨ་རིར་གཏོང་གཏན་འཁེལ། སློབ་ཡོན་ ༣༠ ཁོངས་ཀྱི་འཕྲོས་ ༡༥ གསར་ལམ་ཁག་ཏུ་གསལ་བསྒྲགས་ཀྱིས་འཚང་སྙན་བསྡུ་བཞིན་པའི་མུར་གནས།
༦༽    ཉི་ཧོང་ན་རི་ཏ་ཆོས་ཚོགས་ཀྱི་རོགས་རམ་འོག་ཉི་ཧོང་དུ་ཞིང་ལས་སློབ་སྦྱོང་དུ་གཏོང་འཆར་མི་ལྔ་ཨོ་རི་ས་གཞིས་ཆགས་སུ་སྔོན་འགྲོའི་སློབ་སྦྱོང་བྱེད་མུས་ཁོངས་ནས་ ༡ ནད་མནར་གྱིས་དགོངས་པ་ཞུས་འཕྲོས་ ༤ ཉི་ཧོང་དུ་ཞིང་ལས་སློབ་སྦྱོང་དུ་བསྐྱོད་ཐུབ་ཐབས་སུ་ཐབས་ཤེས་སྒོ་ཀུན་ནས་བྱེད་མུས་ཐོག
        ཡང་ཉི་ཧོང་གི་བཟོ་ལས་དང་སེམས་དོན་རིག་གཞུང་གོང་སྤེལ་ཚོགས་པ་(OISCA)ཞེས་པས་བོད་ཕྲུག ༣ ཉི་ཧོང་དུ་གྱོན་གོས་བཟོ་འཚེམ་གྱི་སློབ་སྦྱོང་དུ་ལེན་རྒྱུའི་ཞལ་བཞེས་བྱུང་བ་ལྟར་ཡོངས་ཁྱབ་གསལ་བསྒྲགས་དང་སྦྲགས་འོས་མིའི་ས་བོན་ ༦ དྲག་འདེམས་ཀྱིས་ཕུལ་བར་རོགས་ཚོགས་རང་ནས་མཐའ་མའི་མི་འགྲོ་ ༣ འདེམས་སྒྲུག་གནང་བ་རྣམས་དང༌། ཉི་ཧོང་གི་རོགས་ཚོགས་ཨའོ་ཀ་ཡ་(OKAI)ཞེས་པས་བོད་ཕྲུག ༣༠ ཉི་ཧོང་དུ་གྱོན་གོས་བཟོ་འཚེམ་གྱི་སློབ་སྦྱོང་དུ་ལེན་གཏན་འཁེལ་བ་ལྟར་གོང་བཞིན་མི་འགྲོ་ ༣༠ འདེམས་སྒྲུག་ཟིན་པ་རྣམས་ཀྱི་ཕྱི་ཐོན་ལག་འཁྱེར་བཟོ་མུས་སུ་གནས།
 ༧༽    ནུབ་འཇར་མན་གྱི་རོགས་ཚོགས་ཨི་ཨེ་སེ་ཕི་(ESP)ཞེས་པས་རོགས་རམ་གནང་སྟེ་བོད་ཕྲུག་གཉིས་འཇར་མན་དུ་ལས་རིགས་སློབ་གཉེར་དུ་འདེམས་གཏོང་གི་ལས་དོན་དང༌། དེ་བཞིན་ནུབ་འཇར་མན་བྷོན་གཙུག་ལག་སློབ་ཁང་དུ་བོད་ཕྲུག་གཉིས་འདེམས་གཏོང༌། ཧང་གྷ་རིའི་མཐོ་སློབ་ཅིག་ཏུ་བོད་ཕྲུག་གཅིག་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་ལ་སློབ་སྦྱོང་ཆེད་གཏོང་རྒྱུའི་ལས་རིམ་བཅས་གོང་གསལ་བཞིན་ཟིན་ཏེ་ཕྱི་སྐྱོད་ལག་འཁྱེར་གྱི་ཡིག་ཆ་བཟོ་བཞིན་པའི་མུར་གནས།
༨༽    གཏན་སློབ་ཁག་དང་ཉལ་ཁང་ཡོད་པའི་ཉིན་སློབ་ཁག་ནང་བོད་ཕྲུག་སློབ་འཇུག་གི་སློབ་གྲོན་ཐབས་འཚོལ་ཞུས་འབྲས་འདི་ལོ་ཕྱི་ནང་རོགས་ཚོགས་ཁག་ནས་ཁྱོན་སློབ་ཡོན་གྲངས་ ༡༢༥ ཐབས་འཚོལ་ཐུབ། དེ་ཡང་ཟླ་རེར་སྒོར་ ༡༨༠ རེ་དང་གཏན་སློབ་སློབ་ཡུན་ལོ་དྲུག་ལ་བརྩིས་ཏེ་རྩིས་བསྐོར་ཚེ་ཧིན་སྒོར་ ༢༨༧༢༨༠༠ ཙམ་ཆགས་ཀྱི་ཡོད།
        ལོ་འདིར་མ་སུ་རི་དང་སིམ་ལ། ཌལ་ཧོར། རྡོར་གླིང༌། སྤོན་ཊ་བཅས་གཏན་སློབ་ཁག་དང༌། དེ་མིན་ཉལ་ཁང་ཡོད་པའི་ཉིན་སློབ་ཀ་སྦུག་དང་ཁར་ཤང༌། བལ་ཡུལ་གྷོ་ཁ་ན། མོན་གྷོ་བཅས་པའི་སློབ་གྲྭའི་ནང་ཁྱོན་བསྡོམས་བོད་ཕྲུག ༥༥༩ སློབ་ཡོན་རྩ་ཆག་དང་ཕྱེད་བཅག སྣེ་སེལ། ཆ་ཚང་སྒྲུབ་འབུལ་བཅས་གང་འོས་ཀྱི་སྒོ་ནས་སློབ་འཇུག་བྱས།
༩༽    འབྲུག་བོད་མིའི་གཞིས་ཆགས་སློབ་གྲྭ་ཡོད་ས་ཁག་ནས་འཛིན་རིམ་ལྔ་པ་ཐོན་རིགས་ཡོངས་དང༌། ཉིན་སློབ་མེད་ཁུལ་འབྲུག་སྤ་གྲོ་དང་འཇིགས་མེད་སྣང་གཉིས་ཀྱི་སློབ་ལོ་སོན་རིགས་རྣམས་ལོ་འདིར་ཁར་ཤང་སློབ་གྲྭར་སློབ་འཇུག་བྱས།
༡༠༽    ཨང་རྩིས་དང་སྤྱི་ཚོགས་རིག་གནས། ཚན་རིག་བཅས་ཀྱི་སློབ་དེབ་བོད་སྒྱུར་ལས་དོན་བོད་ཁྱིམ་གྱིས་གནང་རྗེས་ཤེས་རིག་ནས་ཞུ་དག་པར་འདེབས་ཞུ་མུས་ཀྱང་ད་ཕྱིན་བོད་ཁྱིམ་རང་ནས་གཙོ་འགན་བཞེས་ཏེ་ཕབ་སྒྱུར་པར་སྐྲུན་གནང་རྒྱུར་གཏན་འཁེལ་བྱུང༌། འོན་ཀྱང་ཚན་རིག་གི་ཐ་སྙད་དཀའ་ཚེགས་ཆེ་བ་རྣམས་ཤེས་རིག་རྩོམ་སྒྲིག་སྡེ་ཚན་ལ་བཀའ་བསྡུར་གནང་རྒྱུ་བྱས།ཅོན་ཏ་ར་སློབ་གྲྭ། པར་སྒྲོན་ལོ་མ་ཤེས།
༡༡༽    སློབ་དགེའི་གླ་ཕོགས་ལ་ཕན་ཆེད་གངས་སྐྱིད་དུ་ཤེས་རིག་མགྲོན་ཁང་གསར་རྒྱག་ཟིན་ཏེ་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་དངོས་སུ་སྒོ་འབྱེད་བྱས་ཤིང༌། མགྲོན་ཁང་གི་མིང་ལ་ཉི་འོད་མགྲོན་ཁང་ཞེས་བཏགས། མགྲོན་ཁང་དེའི་ཐོག་ནས་སློབ་དགེ་བཞི་ལྷག་གི་གླ་ཕོགས་ཐོན་བཞིན་ཡོད། མགྲོན་ཁང་གསར་རྒྱག་གི་འགྲོ་སོང་དབྱིན་ཡུལ་བྱིས་ཚོགས་ཀྱིས་གནང་བའི་དངུལ་འབབ་ཐོག་མ་ལྡང་བ་ཇི་ཡོད་ཤེས་རིག་ནས་བཏང༌། ༼མགྲོན་ཁང་འདི་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནང་གཙོ་བོ་ཤེས་རིག་ཁྱབ་ཁོངས་ལས་བྱེད་ཀྱི་ལས་ཤག་ཏུ་བསྒྱུར་ཞིང༌། ཕྱི་ལོ་ ༢༠༠༦ ལོར་གཞུང་གིས་སྒྲིག་འཛུགས་ལ་བསྐྱར་བཅོས་ཀྱིས་ཕྱི་ཟླ་ ༥ ནང་ས་ཁང་བདག་གཉེར་ཁང་གི་ཁོངས་སུ་ཟླ་སྒྲིལ་གྱིས་སྲི་ཞུ་བའི་ལས་ཤག་ཏུ་བསྒྱུར། གངས་སྐྱིད་ལག་རྩེད་པོ་ལོའི་རྩེད་ཐང་གི་ཁ་སྤྲོད་ཁང་པ་ཉིས་ཐོག་དེ་རེད།༽
༡༢༽    སྤོན་ཊ་གཏན་སློབ་ཚད་ལྡན་ཞིག་ཏུ་བསྒྱུར་བའི་ལས་འཆར་ནང་ཚན། ལོ་འདིར་འཛིན་ཁང་ལྔ་དང༌། ཚན་རིག་བརྟག་དཔྱད་ཁང་གཉིས་ལས་དོན་དངོས་སུ་འགོ་འཛུགས་བྱས་ཤིང༌། ཨར་ལས་ལ་ལོ་འདིར་འགྲོ་གྲོན་ཧིན་སྒོར་ ༢༢༠༧༨༥ སོང༌།
༡༣༽    བདེ་སྐྱིད་གླིང་གཞིས་ཆགས་ཉིན་སློབ་ཏུ་འཛིན་ཁང་གསུམ་སྔ་ལོ་གསར་རྒྱག་ཟིན་པའི་ནང་འདི་ལོ་འཛིན་ཆས་གསར་ཉོ་བྱས་པར་ཧིན་སྒོར་ ༣༩༠༠༠ དང༌། ཚོགས་ཁང་གསར་རྒྱག་གི་ལས་ཀ་མཇུག་སྐྱེལ་ཆེད་ཧིན་སྒོར་ ༨༦༣༦ ལས་ཤག་ཐོག་རྩེག་གཉིས་ཅན་གསར་རྒྱག་ཆེད་ཧིན་སྒོར་ ༢༥༠༠༠༠ སློབ་གྲྭར་སྦག་སྦག་ཅིག་ཉོས་པར་ཧིན་སྒོར་ ༨༦༠༠ སོང༌།
༡༤༽    ཤེ་ལོང་ཁ་འཐོར་བོད་མིའི་བུ་ཕྲུག་གི་ཛ་དྲག་དགོས་མཁོ་ལྟར་སློབ་ཕྲུག ༦༠།༧༠ ཤོང་བའི་ཉལ་ཁང་གསར་རྒྱག་ཆེད་འཆར་གཞི་བཀོད་དེ་རོགས་རམ་བཙལ་བར་ཁེ་ན་ཌའི་བོད་དོན་ཚོགས་པས་ཧིན་སྒོར་ ༣༧༡༨༣༤།༡༤ གནང་སོན་ལྟར་སྤྲོད་ཐེངས་དང་པོར་ཧིན་སྒོར་ ༣༥༠༠༠༠ གནང༌། འཕྲོས་རྣམས་རྩིས་ཁྲ་དང་ལས་བསྡོམས་འབྱོར་མཚམས་གནང་གཏན་འཁེལ།
༡༥༽    ཅོན་ཏ་ར་ནང་ཆེན་གཞིས་ཆགས་དང་སྦིར་སྡེ་དགེ་གཞིས་ཆགས་ཆེད་ཉིན་སློབ་ཀྱི་འཛིན་ཁང་ ༥ དང༌། ལས་ཁུངས། ཚོགས་ཁང་བཅས་པ་གསར་རྒྱག་གི་མཐའ་མའི་འགྲོ་སོང་ཆེད་ཧིན་སྒོར་ ༡༥༢༧༥༤ གནང་སྟེ་ལས་མཇུག་ཡོངས་སུ་བསྒྲིལ་ཞིང༌། ༡༩༩༠ ལོར་ྋགོང་ས་མཆོག་སྦིར་ཁུལ་ཆིབས་སྒྱུར་གནང་སྐབས་སློབ་གྲྭ་གསར་པ་འདིར་ཞབས་འཁོད་ཀྱིས་རབ་གནས་བཀའ་དྲིན་བསྐྱངས།
༡༦༽    གངས་སྐྱིད་ཉིན་སློབ་ཀྱི་ཉེ་ཁོར་ལམ་བཅོས་ཐོག་སྔོན་འགྲོའི་འཛིན་གྲྭའི་རྒྱབ་ཀྱི་རྩིག་པ་གསར་རྒྱག་བྱས། ཀོ་ལི་གྷར་གཞིས་ཆགས་ཀྱི་སྔོན་སློབ་འཛིན་ཁང་འཕར་མ་གསུམ་གསར་རྒྱག་གི་དགོས་དངུལ་སྔ་ལོ་གནང་འཕྲོས་སྒོར་ ༢༦༢༢༧ འདི་ལོ་གནང་སྟེ་ལས་དོན་མཇུག་སྒྲིལ་བྱས། དེ་བཞིན་མེའོ་ཆོས་འཕེལ་གླིང་གི་སྔོན་འགྲོའི་སློབ་གྲྭའི་འཛིན་ཁང་ལྡང་མིན་སྙན་སེང་རིམ་བསྟུད་ཞུས་དོན་ལྟར། འཛིན་ཁང་འཕར་མ་གསར་རྒྱག་གི་འཆར་གསལ་དགོས་དངུལ་ཧིན་སྒོར་ ༡༢༢༠༠ ནས་ ༥༤༠༠༠ གནང་ཟིན་ཞིང༌། འཕྲོས་རྣམས་རིམ་པས་གནང་གཏན་འཁེལ།
༡༧༽    སོ་ལན་བོན་གཞིས་དྷོ་ལན་ཇི་ཉིན་སློབ་ཏུ་ ༡༩༨༨ ནས་བཟུང་འཛིན་རིམ་བརྒྱད་པ་བར་བཟོ་དགོས་སྙན་སེང་བྱུང་བ་ལྟར་བོད་སློབ་འཛིན་ཚོགས་སུ་རེ་སྐུལ་ཞུས་པར་དོན་སོན་བྱུང་ན་ཡང༌། ས་གནས་སུ་ཕྲུ་གུ་ཉུང་བས་འཛིན་གྲྭ་ཁ་ལོང་དཀའ་བར་བརྟེན། བོན་གྱི་ཐུན་མིན་རིག་གཞུང་བདག་གཅེས་སླད་ཕྱོགས་མཐའི་བོན་ཕྲུག་གང་ཙམ་སློབ་འཇུག་བྱ་གལ་ཆེ་བའི་དགོས་མཁོར་སྔ་འཕྲོས་སློབ་ཕྲུག ༨༠ སྐོར་ཤོང་བའི་ཉལ་ཁང་གསར་རྒྱག་གི་ལས་གཞིར་འགྲོ་གྲོན་ཧིན་སྒོར་ ༦༧༢༤༠༠ གནས་ངེས་ཀྱི་འཆར་གཞི་ཕུལ་འབྱོར་ལྟར་ཧིན་སྒོར་ ༢༥༠༠༠༠ ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༢ ཚེས་ ༢༠ ཉིན་གནང་བ་ལྟར་སློབ་ཕྲུག ༨༠ ཤོང་བའི་བུ་དང་བུ་མོའི་ཉལ་ཁང་གཉིས་དང་ཕ་ཚབ་མ་ཚབ་གི་སྡོད་ཁང་བཅས་གསར་རྒྱག་ཟིན། འཕྲོས་དངུལ་འབབ་ཤེས་རིག་གིས་ཐབས་ཤེས་བྱེད་མུས།
༡༨༽    མའི་སོར་བྷེལ་ཀོབ་གཞིས་ཆགས་གསར་རྙིང་དང༌། ཧོན་སུར་གཞིས་ཆགས་བཅས་ཀྱི་སྔོན་འགྲོའི་སློབ་གྲྭ་དྷ་ས་བོད་ཁྱིམ་གྱིས་རྩིས་བཞེས་གནང་ཟིན་པ་དང་ཤེས་རིག་ཐད་འཛིན་སྔོན་སློབ་ཁག་ཕུད་དེ་བྱིངས་ད་ཕན་ཤེས་རིག་གིས་གཟིགས་སྐྱོང་གནང་མུས་སྔོན་འགྲོའི་སློབ་གྲྭ་རྣམས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་སུ་རྩིས་འབུལ་ཞུ་གཏན་འཁེལ་ཏེ། འདི་ལོ་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་སྔོན་སློབ་སྡེ་ཁག ༡༧ བོད་སློབ་འཛིན་ཚོགས་ལ་རྩིས་སྤྲོད་བྱས། ཨ་རུ་ན་ཅལ་དང་ཀ་རྡོར་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་ཁག ༢༠ རྗེས་ལོ་རྩིས་འབུལ་ཞུ་གཏན་འཁེལ། ༼དེ་སྔོན་སྔོན་འགྲོའི་སློབ་གྲྭ་འདི་དག་དྷ་ས་བོད་ཁྱིམ་ལ་རྩིས་འབུལ་གནང་རྒྱུའི་འཆར་གཞི་བསྒྲིགས་ཀྱང་ཉེ་ལམ་ནས་བོད་སློབ་འཛིན་ཚོགས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་སོང་བར་བརྟེན་སྔོན་མའི་སྲིད་བྱུས་ལ་འགྱུར་བ་སོང་བར་སྣང༌།༽
        སྔོན་འགྲོའི་སློབ་གྲྭ་ཚུགས་ཡུལ་འཛིན་ཁང་ས་གནས་གཞིས་ཆགས་དང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུ་དགོས་ཕུད་དེ་མིན་འཛིན་སྐྱོང་འགྲོ་སོང་ཆ་ཚང་བོད་སློབ་འཛིན་ཚོགས་ནས་ནར་གཏོང་གནང་གཏན་འཁེལ་ཐོག དགེ་རྒན་རྣམས་བོད་རིགས་ཤ་སྟག་བསྐོ་བཞག་བྱ་དགོས་པ་དང་དེ་ཡང་འོས་སྦྱོང་ལྡན་པ་བསྐོ་རྒྱུའི་གྲོས་མཐུན་བྱུང་བར་བརྟེན་ལོ་འདིར་མི་གྲངས་ ༢༠ ལ་སྔོན་འགྲོའི་དགེ་རྒན་འོས་སྦྱོང་གི་སློབ་ཡོན་གནང༌།གཡས་ནས་བརྩིས། ༡༽ ཤེས་རིག་དྲུང་ཆེ་ཕྱག་མཛོད་ཚང་རབ་བརྟན། ༢༽ ཤེས་རིག་བཀའ་བློན་བཀྲ་ཤིས་དབང་འདུད། ༣༽ བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་དྷ་དྷ།
༡༩༽    ད་ཕན་སློབ་གྲྭ་ཁག་ཏུ་ཟློས་གར་དགེ་རྒན་བསྐོས་ཀྱང་ཟློས་གར་སློབ་དེབ་ཟུར་དུ་མེད་པར་བརྟེན། འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་བོད་ཀྱི་ཤེས་རིག་ཟློས་གར་སློབ་དེབ་ཚོད་ལྟའི་ངོ་བོར་དེབ་གྲངས་ ༢༠༠༠ ཙམ་པར་སྐྲུན་དང་འགྲེམས་སྤེལ་བྱས།
༢༠༽    སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་བསྐྱར་བཅོས་ཟིན་པ་དངོས་སུ་པར་སྐྲུན་ཟིན་ཏེ་སློབ་གྲྭ་ཁག་ལ་ཤེས་རིག་པར་ཁང་གིས་འགྲེམས་སྤེལ་གནང་འགོ་བཙུགས། འཛིན་རིམ་ ༦ ནས་ ༨ བར་གྱི་བོད་ཡིག་སློབ་དེབ་དངོས་སུ་བསྐྱར་ཞིབ་གནང་འགོ་བཙུགས།
༢༡༽    བར་ལམ་ནས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེར་སྐུ་ཞབས་དྷ་དྷ་བསྐོ་བཞག་བྱུང་རྗེས་བོད་མིའི་ཤེས་ཡོན་ལས་དོན་ལ་དམིགས་བསལ་ཐུགས་ཁུར་དང༌། ས་གནས་གཞིས་འགོ་བདེ་དོན་ཁག་ཡོད་པའི་ས་གནས་ཤེས་ཡོན་སློབ་སྟོན་ཚོགས་ཆུང་ཆེད་འཛུགས། བོད་མིའི་མཉམ་དུ་ངོ་ཕེབས་ཀྱིས་ལྷན་ཚོགས་གོ་བསྡུར་དང་དཀའ་ངལ་གསན་བཞེས་གནང་བ་སོགས་ལ་བརྟེན། བོད་སློབ་འཛིན་ཚོགས་ནང་གི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པ་བྱུང༌།
༢༢༽    བལ་ཡུལ་སྲོང་བཙན་སློབ་གྲྭ་ཚུགས་ཡུལ་ཁང་གླར་གླས་ཏེ་ཡོད་མུས་ཕུགས་བརྟན་མིན་པར་བརྟེན། རང་བདག་སློབ་གྲྭ་གསར་རྒྱག་བྱ་རྒྱུར་དམིགས་ཏེ་ས་ཆ་ཉོ་ཆེད་ཧིན་སྒོར་ ༧༦༡༩༠ འཆར་འབུལ་བྱུང་བ་ལྟར་ཤེས་རིག་གིས་གནང༌།
    འབྲུག་ཁ་ས་ཁའི་སློབ་ཁང་ཉམས་གསོའི་འགྲོ་གྲོན་ཧིན་སྒོར་ ༦༠༠༠ གནང༌།
༢༣༽    རྒྱ་གར་དབུས་སྐད་ཡིག་ཞིབ་འཇུག་ལྟེ་གནས་ཁང་ལ་འབྲེལ་བ་བྱས་ཏེ་༡༩༨༩ ཟླ་ ༣ ནང་འབྲེལ་ཡོད་བོད་རིགས་༡༣ ལ་སློབ་དེབ་བསྐྱར་ཞིབ་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ལྡི་ལིར་གོ་སྒྲིག་བྱས་ཤིང༌། ཟླ་༡༢ ཚེས་ ༡༡ ནས་ ༣༠ བར་ཡང་བསྐྱར་ཝཱ་ར་ཎ་སིར་ཐ་སྙད་གསར་བཟོ་དང་ཡིག་སྒྱུར་བྱེད་ཕྱོགས་སྐོར་ལ་བོད་མི་ ༡༧ དང་རྒྱ་གར་གྱི་མཁས་དབང་ ༤ བཅས་ལྷན་ཚོགས་ཀྱིས་བགྲོ་གླེང་ཟབ་སྦྱོང་འཚོགས། དེས་དབྱིན་བོད་ཚིག་མཛོད་གསར་རྩོམ་དང་སྒྲིག་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང༌།
༢༤༽    ཕྱི་ལོ་ ༡༩༨༨།༨༩ ནས་བོད་ཡིག་དགེ་རྒན་དང་ཟློས་གར་དགེ་རྒན་གྱི་མི་འགྲོ་ཚད་ལྡན་མེད་པའི་དཀའ་ངལ་འཕྲད་ཅིང༌། ལོ་འདིར་བོད་དགེར་ཞུགས་མོས་ཡོད་པའི་མི་གྲངས་ ༢༤ ལ་ཡིག་རྒྱུགས་བླངས་ཏེ་ ༡༢ བསྐོ་བཞག་བྱས་ཀྱང་འགའ་ཤས་དགོངས་པ་ཞུས་ཤིང༌། ཟློས་དགེ་ ༦ གསར་བསྐོ་བྱས་ཀྱང་ ༤ དགོངས་པ་ཞུས།
        སྦིར་གསར་འབྱོར་སློབ་གྲྭར་སྔར་བཞིན་ཕྱི་རྒྱལ་བ་དང་བླང་དགེ་རྒན་ ༤ ནས་ ༦ བར་མ་ཆད་པ་སྟར་ཆགས་སུ་བཏང༌།
༢༥༽    ༨༨།༨༩ ནང་ཤེས་རིག་དང་དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་ཀྱི་སྐུ་ཚབ་རེ་ལས་གྲུབ་པའི་ཉམ་ཐག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་རོགས་རམ་ཉིས་ཟློས་ཤོར་ཡོད་མེད་བསྡུར་དཔྱད་དང༌། ལྷོ་གཞིས་ཁག་ཏུ་ངོ་བསྐྱོད་ཀྱིས་ཁྱིམ་ཚང་རེ་རེ་བཞིན་ཞིབ་འཇུག་བྱས་མཐར་ཉམ་ཐག་དངོས་འབྲེལ་རྣམས་སྡེ་ཚན་གསུམ་དུ་དབྱེ་འབྱེད་ཀྱིས་སྙན་ཐོ་ཕུལ་འབྱོར་ལྟར། ཤེས་རིག་དང་བོད་ཁྱིམ་ཁག་གཉིས་དབར་ཆ་བགོས་ཀྱིས་གཟིགས་སྐྱོང་གནང་གཏན་འཁེལ།