༡༩༨༨

༡༽    ༡༩༨༧ ལོའི་ཡིག་ཚགས་ནང་སློབ་གྲྭ་ ༨༧ གསལ་བའི་ཁོངས་ནས་ལོ་འདིའི་ནང་རྡོར་གླིང་མི་རིགས་སློབ་གྲྭ་སྒོ་བརྒྱབས་ཐོག ཨོ་རི་ས་ཕུན་ཚོགས་གླིང་གི་ཡན་ལག་སློབ་གྲྭ་ ༢ དང༌། མན་སྤར་ཕན་བདེ་གླིང་གི་ཡན་ལག་སློབ་གྲྭ་ ༤ ཡི་ནང་ཕྲུ་གུ་ཤིན་ཏུ་ཉུང་བར་བརྟེན་ཁུངས་སོ་སོའི་སློབ་གྲྭ་དབུས་མར་ཟླ་སྒྲིལ་བཏང་བས་སློབ་གྲྭ་ ༨༠ དང༌། ཡང་བལ་ཡུལ་གྷོ་ཁ་ནའི་སློབ་གྲྭ་དང་རྒྱ་གར་ནང་སྦིར་སློབ་གྲྭ་གསར་འཛུགས། སུན་དྷར་ན་གར་སློབ་གྲྭ་ལོ་སྔོན་མའི་གྲངས་ཐོའི་ཡིག་ཆའི་བཀོད་ཆད་གྱུར་པ་བཅས་བསྣན་པས་ཁྱོན་སློབ་གྲྭ་ ༨༣ ཡོད།
        དེ་ཡང་དབུས་བོད་སློབ་འཛིན་ཚོགས་ཁོངས་ཤེས་རིག་ལས་ཁུངས་ནས་དངོས་སུ་གཟིགས་རྟོག་དགོས་པ་གྲངས་ ༣༠ དང༌། ཤེས་རིག་གིས་ཐད་ཀར་འཛིན་སྐྱོང་གནང་མུས་ ༣༣ ཟུར་སྐྱོང་སློབ་ཁག ༢༠ ཡོད་པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༢༢༩༩༣ ཙམ་ཡོད་ཅིང༌། དགེ་རྒན་ལས་བྱེད་ (གྲངས་ཐོ་མ་རྙེད་) ཡོད།
༢༽    ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། མའི་སོར་བྷེལ་ཀོབ་ལུགས་བསམ་གཞིས་སློབ་བཅས་ཀྱི་ནང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་སུ་ཞུགས་པ་ ༡༠༩ ཡོད་པ་ནས་ཨང་སྡེ་དང་པོ་ ༨ དང༌། ཨང་སྡེ་གཉིས་པ་ ༧༥ ཨང་སྡེ་གསུམ་པ་ ༡༡ ཡིག་རྒྱུགས་མ་འཕྲོད་པ་ ༡༥ བཅས་ཡོད་ཅིང༌། གོང་གསལ་སློབ་ཐོན་ཁོངས་ནས་དང་སློབ་ཏུ་རང་མོས་འགྲོ་འདོད་ཡོད་པ་ ༢ ཕུད་བརྒྱ་ཆ་ ༦༠ ཡན་ལོན་པ་ ༦ ཡོད་པ་རྣམས་ལ་དབུས་བོད་སློབ་འཛིན་ཚོགས་ཀྱི་མཐོ་སློབ་སློབ་ཡོན་སྤྲད་དེ་མཐོ་སློབ་ཏུ་བཏང༌།
        འཛིན་རིམ་ ༡༠ དང་ ༡༡ གི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་ ༥༥ ལོན་ཐོག་འཛིན་རིམ་ ༡༢ པའི་རྒྱུགས་འབྲས་བརྒྱ་ཆ་ ༦༠ ལོན་ཐོན་པའི་གདེང་སྤོབས་ཡོད་རིགས་ཕུད་དེ་བྱིངས་ལོ་གཉིས་དང་སློབ་ཁོངས་སུ་སྒྲིག་ཞུགས་དགོས་པའི་རྒྱས་བཅད་གཏན་འབེབས་ལྟར་སློབ་ཕྲུག ༤༧ དང་སློབ་ཁོངས་སུ་ཞུགས།
༣༽    ལོ་འདིར་གཞི་རིམ་འཛིན་གྲྭ་ ༡༢ སློབ་ཐོན་རྗེས་རིགས་སྣ་ཚོགས་ཀྱི་སློབ་སྦྱོང་མཇུག་སྐྱོང་ཆེད་སློབ་ཡོན་གྲངས་ ༥༦ ༼འདིའི་ཁོངས་གོང་གསལ་བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་ ༡༡ དེ་ཡང་ཚུད་༽ཐབས་འཚོལ་ཐུབ་པ་ལྟར། དང་སློབ་ནས་སྒྲིག་གསལ་ཞབས་ལོ་གཙང་སྟེ་རྩ་དགོངས་འཁྲོལ་བ་དང༌། བོད་ནས་གསར་དུ་འབྱོར་བ། འཛིན་རིམ་ ༡༢ སྐབས་ཨང་སྡེ་དང་པོ་ལོན་པ་བཅས་སློབ་མ་ ༥༦ ལ་མཐོ་སློབ་དང་དགེ་འོས། དྲུང་ཡིག སྨན་པ། ཀམ་པུ་ཊར། དེང་རབས་རི་མོ་སོགས་ཀྱི་སློབ་སྦྱོང་ཆེད་བགོ་སྤྲོད་བྱས།
༤༽    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རང་རིགས་ཁག་ཅིག་དབྱིན་ཡུལ་གྱི་གྲགས་ཅན་གཙུག་ལག་སློབ་ཁང་ཨོག་སེ་ཕོར་ཊེ་དང༌། ཁེམ་བྷེ་རའེ་ཇེ་གཉིས་ཀྱི་ནང་གཏོང་ཐབས་བྱ་དགོས་ཕེབས་དོན་ལྟར། སི་ཀོ་ཊི་ལན་ཌིའི་གྷི་ལ་སི་ཀོ་གཙུག་ལག་སློབ་ཁང་ (Glasgow University)ནང་བོད་ཕྲུག་ཚེ་རིང་དོན་གྲུབ་ལོ་གཅིག་རིང་མཐོ་རིམ་དགེ་རྒན་འོས་སྦྱོང་དུ་བཏང་ཡང༌། དོ་བདག་ནས་གཙུག་ལག་སློབ་ཁང་དེ་རང་དུ་ལོ་གཉིས་ཀྱི་འབུམ་རམས་པའི་(Ph.D)སློབ་སྦྱོང་བྱས་ཆོག་པ་ཞེས་ཞུས་དོན་ལ་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ནས་དགོངས་བཞེས་གནང་ཡང༌། སློབ་ཡོན་ཧ་ཅང་མཐོ་བས་ཤེས་རིག་ནས་གནང་ཐབས་མེད་པར་བརྟེན་རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་ཏེ་ལོ་རེར་སློབ་ཡོན་སྒོར་ཉིས་འབུམ་རེ་ཐབས་ཤེས་བྱེད་ཐུབ་པ་བྱུང༌།
༥༽    ཨ་རིའི་གཞུང་གིས་བོད་མི་ ༡༥ ལ་ལོ་གཉིས་རིང་ཨ་རིར་མཐོ་རིམ་སློབ་སྦྱོང་བྱ་རྒྱུའི་ཐག་གཅོད་བྱུང་བ་ལྟར། བོད་གཞུང་གིས་གཞུང་ཞབས་ལས་བྱེད་ ༤ དྲག་འདེམས་ཀྱིས་བཏང་འཕྲོས་མི་གྲངས་ ༡༡ ཤེས་རིག་ལས་ཁུངས་ཀྱིས་འདེམས་གཏོང་བྱེད་དགོས་བཀའ་ཕེབས་པ་བཞིན་ཡོངས་ཁྱབ་གསལ་བསྒྲགས་དང་སྦྲགས་འཚང་སྙན་འབུལ་མཁན་ ༡༢༠ ནང་ནས་ཆ་རྐྱེན་ཚང་བ་ ༤༦ འདེམས་སྒྲུག་བྱས་པར་ ༡༩༨༨ ཟླ་ ༩ ཚེས་ ༢༥ ཉིན་ལྡི་ལི་ཨ་རིའི་ཤེས་ཡོན་ལས་བྱེད་དང་སྐུ་ཚབ། རྒྱ་གར་མཐོ་སློབ་གྲགས་ཅན་ཁ་ཤས་ཀྱི་མཁས་དབང་ ༡༢ བཅས་ལས་གྲུབ་པའི་ཚོགས་ཆུང་གིས་རྒྱུགས་བཞེས་གནང་མཐར་མི་གྲངས་དངོས་གཞི་ ༡༡ དང་སྒུག་ཐོ་ ༤ བཅས་དྲག་འདེམས་གནང༌། དེའི་ཁོངས་ནས་མི་གྲངས་ ༦ ཨ་རིར་ཐོན་ཟིན་ཅིང༌། དེ་འཕྲོས་ ༥ ལོ་རྗེས་མའི་ཕྱི་ཟླ་ ༨ ནང་གཏོང་གཏན་འཁེལ།
༦༽    དེ་བཞིན་ཨ་རིའི་དྲིལ་བསྒྲགས་ལྷན་ཁང་དང་ཤེས་ཡོན་ཡར་རྒྱས་ཚོགས་པ་གཉིས་ནས་བོད་གཞུང་གི་ལས་བྱེད་ལྔ་ལ་གཟའ་འཁོར་དྲུག་རིང་སྦྱོང་བརྡར་གནང་རྒྱུའི་སློབ་གྲོན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་གནང་སོན་ལྟར་མི་འགྲོ་བཀའ་ཤག་ནས་འཆར་འགོད་ཀྱིས་མཐོ་རིམ་ལས་བྱེད་ལྔ་ཨ་རིར་སློབ་སྦྱོང་དུ་བསྐྱོད་ནས་ཟླ་ ༡༡ ནང་རྒྱ་གར་དུ་ཕྱིར་ལོག་བྱས།
༧༽    ཉི་ཧོང་དུ་དཀར་ཡོལ་བཟོ་སྟངས་སྦྱོང་བར་བོད་ཕྲུག ༣ གཏོང་གཏན་འཁེལ་ཡང༌། ལོ་ཤས་ནང་ཉི་ཧོང་དུ་ཕྱི་མི་གཏན་སྡོད་བྱེད་པར་ཡོང་མཁན་མང་དུ་སོང་བར་མ་ཟད། བྷང་ལ་དྷེ་ཤེ་དང་པ་ཀི་སི་ཐན་སོགས་ནས་སློབ་སྦྱོང་དུ་ཡོང་རྗེས་གཏན་སྡོད་བྱས་སྟབས། ཕྱི་མིར་བཀག་འགོག་དང་དམ་བསྒྲགས་བྱེད་རྒྱུའི་ཁྲིམས་གཞི་གསར་པ་བཟོས་པར་བརྟེན། རང་རེའི་སློབ་ཕྲུག་གསུམ་ཡང་འགྲོ་མ་ཐུབ།
        ཡང་ཉི་ཧོང་ན་རི་ཏ་ཆོས་ཚོགས་ཀྱིས་བོད་ཕྲུག ༥ ལ་ཚན་རིག་དང་མཐུན་པའི་ཞིང་ལས་དང་ཕྱུགས་རིགས་གསོ་སྐྱོང༌། ཤིང་འབྲས་འདེབས་ལས་བཅས་ཀྱི་སློབ་སྦྱོང་གནང་གཏན་འཁེལ་བ་ལྟར་མི་འགྲོ་འདེམས་སྒྲུག་གིས་སྔ་འཕྲོས་ལོ་གཅིག་རིང་ཉི་ཧོང་ནས་དེ་འདྲའི་སློབ་སྦྱོང་ཐོན་པའི་ཨོ་རི་ས་གཞིས་ཁོངས་ཀྱི་ཚེ་རིང་ཕུན་ཚོགས་དང་རྡོ་རྗེ་གཉིས་ཀྱི་སར་ཉམས་མྱོང་གསོག་པར་བཏང༌། དེ་རྗེས་ཉི་ཧོང་དུ་གཏོང་ཐབས་བྱ་རྒྱུའི་འཆར་གཞི་བསྒྲིགས།
༨༽    འདི་ལོ་གཏན་སློབ་དང་ཉིན་སློབ་ཀྱི་ཉལ་ཁང་ཁག་ཏུ་སློབ་འཇུག་གི་སློབ་གྲོན་ཐབས་འཚོལ་ཞུས་འབྲས་སུ་ཁྱོན་བསྡོམས་སློབ་ཕྲུག ༡༨༠ སློབ་གྲོན་དོན་སོན་བྱུང༌། འདི་ལོ་སློབ་ཡོན་རྩ་ཆག་དང༌། ཕྱེད་བཅག སྣེ་སེལ་སྒྲུབ་འབུལ་བཅས་ཀྱི་ལམ་ནས་མ་སུ་རི་གཏན་སློབ་ནང་སློབ་ཕྲུག ༡༠༩ དང༌། ཌལ་ཧོར་ནང་ ༡༣༡ རྡོར་གླིང་ལ་ ༥༤ སིམ་ལར་ ༤༡ སྤོན་ཊར་ ༥༦ བལ་ཡུལ་རྣམ་རྒྱལ་ལ་ ༧༠ ཀ་སྦུག་ལ་ ༧ སོ་ན་མདར་ ༢༥ ཁར་ཤང་ལ་ ༢༢ སྤོག་རེ་སྦོང་ལ་ ༡༡༥ བལ་ཡུལ་གྷོ་ཁ་ནར་ ༡༧༧ བཅས་ཁྱོན་སློབ་ཕྲུག ༩༨༧ གཏན་སློབ་ཀྱི་ངོ་བོར་སློབ་འཇུག་བྱས།
༩༽    འབྲུག་ཁུལ་བོད་མིའི་གཞིས་སྒར་སློབ་གྲྭ་ཡོད་རིགས་ནས་འཛིན་རིམ་ལྔ་པ་ཐོན་པ་ཡོངས་དང༌། སློབ་གྲྭ་མེད་ཁུལ་སྤ་གྲོ་དང༌། བོད་སྒར་ནང་༼སྣང་༽གཉིས་ཀྱི་བོད་ཕྲུག་སློབ་ལོ་སོན་པ་ཆ་ཚང་རྒྱ་གར་གྱི་ཀ་རྡོར་ཁུལ་སློབ་གྲྭར་བླངས་ཏེ་སློབ་འཇུག་བྱས། ཁ་ས་ཁ་གཞིས་ཆགས་སུ་ཉིན་སློབ་ཡོད་ཀྱང་སྔར་ཡོད་སློབ་དགེ་རྩ་དགོངས་ཞུས་པའི་ཚབ་གསར་གཏོང་ཐབས་བྱས་ཀྱང༌། རྒྱ་གར་ནས་འབྲུག་ནང་བོད་མི་བསྐྱོད་མི་ཆོག་པར་བརྟེན་ས་གནས་རང་ནས་སློབ་དགེ་ཞིག་ཐབས་ཤེས་བྱེད་དགོས་མངགས། འོན་ཀྱང་ས་གནས་ནས་སློབ་དགེ་ཐབས་འཚོལ་མ་ཐུབ་པར་བརྟེན་མཐའ་མ་འཛིན་རིམ་གཉིས་པ་ནས་ལྔ་པ་བར་གྱི་སློབ་ཕྲུག་རྣམས་རྡོར་གླིང་སོ་ན་མདར་སློབ་འཇུག་བྱས།
༡༠༽    སློབ་གྲྭའི་དགེ་རྒན་གྱི་གླ་ཕོགས་ལ་ཕན་ཆེད་གངས་སྐྱིད་དུ་མགྲོན་ཁང་གསར་རྒྱག་གི་ལས་འགོ་ཕྱི་ཟླ་ ༢ ནང་དངོས་སུ་འགོ་བཙུགས་ཤིང༌། ལོ་རྗེས་མའི་ནང་མཇུག་སྒྲིལ་བ་བྱེད་རྒྱུའི་འཆར་གཞི་བཏིང༌།
༡༡༽    སྤོན་ཊ་གཏན་སློབ་རྒྱ་སྐྱེད་དང་ཚད་ལྡན་ཅན་དུ་བསྒྱུར་བའི་ལས་རིམ་གྱི་ཆ་ཤས་སུ་རྩིག་པ་དང་རྩིག་པའི་ཐོག་ཏུ་ལྕགས་གཟེར་ཡོད་པའི་ར་བ་བསྐོར་བ་དང་རྒྱལ་སྒོ་གསར་སྐྲུན་ལ་ཧིན་སྒོར་༡༡༩༣༩༢ དང༌། དཔེ་མཛོད་གསར་སྐྲུན་ཟིན་པར་དཔེ་དེབ་གསར་ཉོའི་དངོས་དངུལ་ཧིན་སྒོར་༥༠༠༠ ལས་ཤག་གསར་རྒྱག་གི་ལས་མཇུག་སྒྲིལ་མཚམས་སྤྲོད་བསྡད་སྒོར་ ༤༨༡༣༣།༣༨ སློབ་ཕྲུག་དང་དགེ་ལས་ཀྱི་ལས་ཤག་ནང་རླུང་འཁོར་སྔོན་སྩལ་ཐོག་གསར་པ་༡༢ གནང་བར་ཧིན་སྒོར་ ༧༡༩༢།༨༠ སྤོན་ཊ་སློབ་གྲྭའི་ས་ཆ་གསར་པར་འཛིན་ཁང་དང་ཚན་རིག་བརྟག་དཔྱད་ཁང༌། གསང་སྤྱོད་བཅས་གསར་རྒྱག་གི་ལས་གྲྭའི་སྒྲོམ་གཞིའི་ཤིང་ཆ་གསར་ཉོའི་ཆེད་ཧིན་སྒོར་ ༥༨༢༠༨།༨༠ ཨར་ལས་ལས་གྲྭར་མཁོ་བའི་གློག་ཤུགས་མཁོ་འདོན་ཆེད་ད་ཡོད་གློག་གི་ཀ་བ་ཨ་མའི་ཤུགས་ཚད་སྤར་བར་ཧིན་སྒོར་ ༩༤༥༦༥ ཆུའི་དཀའ་ངལ་སེལ་ཆེད་ས་འོག་ནས་ཆུ་རྩ་བྲུས་ཏེ་གློག་ཤུགས་ཀྱིས་རྒྱུན་འདོན་བྱེད་པའི་ཆ་རྐྱེན་བསྐྲུན་པར་ཧིན་སྒོར་ ༤༢༦༦༠ ཨར་ལས་འཛུགས་སྐྲུན་གྱི་འཆར་འགོད་པ་ཚད་ལྡན་གླས་པར་ཧིན་སྒོར་ ༡༠༠༠༠ འདི་ལོ་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་འཚུགས་མུས་དང་སྟབས་བསྟུན་སློབ་ཕྲུག་གི་མཐོང་རྒྱ་ཐོས་རྒྱ་ཆེ་རུ་གཏོང་ཆེད་བརྙན་འཕྲིན་གསར་ཉོས་ལ་ཧིན་སྒོར་ ༨༠༠༠ སློབ་གྲྭའི་ལུས་རྩལ་དང་རྩེད་མོའི་རུ་ཁག་སློབ་གྲྭ་གཞན་དུ་བསྐྱོད་སྐབས་གྱོན་རྒྱུའི་སྒོ་སྣམ་ལས་བཟོས་པའི་སྟོད་གོས་སྒྲིག་ཆས་བཟོ་ཆེད་ཧིན་སྒོར་ ༣༠༠༠༠ བཅས་གནང༌། གོང་གསལ་ས་ཆ་གསར་པར་འཛིན་ཁང་ལྔ་དང་ཚན་རིག་བརྟག་དཔྱད་ཁང་གཉིས། གསང་སྤྱོད་གསར་རྒྱག་ཆེད་ཧིན་སྒོར་ ༡༠༢༦༠༠༠ འགྲོ་འཆར་ལྟར་འཆར་གཞི་བཀོད་དེ་ཐབས་འཚོལ་བྱེད་འགོ་བཙུགས།
        དེ་བཞིན་གཏན་སློབ་འདི་འཛིན་རིམ་ ༩ ཡན་ཡོད་པ་ཞིག་ཏུ་བསྒྱུར་ཆེད་མངའ་སྡེའི་གཞུང་གི་ཤེས་རིག་སྤྱི་ཁྱབ་པའི་རྒྱབ་གཉེར་བཟང་ཐོབ་ལྟར་རྒྱ་གར་དབུས་ཡིག་རྒྱུགས་ལས་ཁང་ལ་དེ་དོན་བཀའ་འཁྲོལ་ཡོང་བའི་ཞུ་སྙན་ཕུལ།
༡༢༽    བཀའ་ཤག་གི་བཀའ་འབྲེལ་ལོ་འདིའི་ཕྱི་ཟླ་ ༦ ནས་ད་ཡོད་ཤེས་རིག་སློབ་ཡོན་ཚོགས་ཆུང་རྒྱ་སྐྱེད་ཀྱིས་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་བཙུགས་པའི་ཚོགས་མིར་ཤེས་རིག་དང་ནང་སྲིད་བཀའ་བློན་སྐུ་བགྲེས་མཆོག་དང༌། དཔལ་འབྱོར་བཀའ་བློན། ཆོས་དོན་དང་འཕྲོད་བསྟེན་གྱི་བཀའ་བློན་ཕྱག་རོགས། རྩོམ་སྒྲིག་སྡེ་ཚན་གྱི་དྲུང་ཆེ། ནང་སྲིད་དྲུང་ཆེ། སྐུ་སྒེར་དྲུང་ཆེ་ཕྱག་རོགས། བདེ་སྲུང་དྲུང་ཆེ་ཕྱག་རོགས་བཅས་ལ་བསྐོ་བཞག་བསྐྱངས། ལས་འགན་གཙོ་བོ་བོད་ཕྲུག་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་འདེམས་གཏོང་བྱ་རྒྱུ་དེ་ཡིན།
༡༣༽    བདེ་སྐྱིད་གླིང་ཉིན་སློབ་ཀྱི་འཛིན་ཁང་མ་ལྡང་བའི་དཀའ་ངལ་སེལ་ཆེད་འཛིན་ཁང་གསུམ་གསར་རྒྱག་དང་འཛིན་ཆས་མཁོ་སྒྲུབ་བྱས་པར་ཧིན་སྒོར་ ༡༩༠༠༠༠ སོང་བ་རྒྱ་གྲམ་དམར་པོའི་ཚོགས་པ་བརྒྱུད་ཌན་མག་བུ་མོའི་གདོང་ལེན་རུ་ཁག་གིས་གནང་སོན་བྱུང༌།
        སློབ་གྲྭའི་ཚོགས་ཁང་དང་ཉིན་གུང་ཞལ་ལག་མཆོད་ཡུལ་གསར་རྒྱག་གི་ལས་གཞི་འཆར་གསལ་སྒོར་ ༤༠༠༠༠ ཐམ་པ་གནས་ངེས་ཞུས་པ་ལྟར་གཞིས་ལས་ཁང་དུ་ཨར་ལས་བོགས་མར་བཏང་ཡང༌། འཆར་གསལ་ལས་ལྷག་པའི་དངུལ་འབབ་ཁྱོན་ཆེ་འགྲོ་ལུགས་བརྗོད་པར་བརྟེན་སྒོ་དང་སྒེའུ་ཁུང་མ་ཚར་གོང་ནས་ཤེས་རིག་གིས་རྩིས་ལེན་བྱེད་དགོས་བྱུང་སྟེ་འགྲོ་གྲོན་ཧིན་སྒོར་ ༨༦༣༦ འཕར་མ་བཏང་སྟེ་ལས་མཇུག་སྒྲིལ་ཅིང༌། ཐབ་ཚང་ནང་ཆུ་ཀ་ལ་འཁྲིད་འཛུགས་བྱས་པར་ཧིན་སྒོར་ ༣༥༠༠ ཚོགས་ཁང་ནང་གློག་འཁྲིད་འཛུགས་བྱས་པར་སྒོར་ ༡༣༥༢ དགེ་ལས་ཀྱི་ལས་ཤག་གི་ཆར་ཐིགས་འགོག་ཆེད་སྒོར་ ༢༤༠༠ དགེ་ལས་ཀྱི་འཛིན་ཆས་གསར་བཟོ་བྱས་པར་སྒོར་ ༡༠༧༦༤ བཅས་ཁྱོན་སྒོར་ ༢༦༦༥༢ བཏང༌།
༡༤༽    རྡོར་གླིང་མི་རིགས་སློབ་གྲྭ་སྒོ་བརྒྱབས་ཀྱང་ས་གནས་སུ་ཕྲུ་གུ་ཆུང་འཛར་མང་བས་སྔོན་འགྲོའི་སློབ་གྲྭའི་མཐུན་རྐྱེན་རོགས་རམ་ཡོང་བ་ཞེས་ས་གནས་ཕ་མའི་ཚོགས་ཆུང་གི་མི་འཐུས་ངོ་བཅར་གྱིས་སྙན་སེང་བྱུང་བར་བརྟེན། སྔོན་འགྲོའི་དགེ་རྒན་གཉིས་ལ་ཟླ་རེ་བསྡོམས་སྒོར་ ༩༨༣།༩༠ རེ་གླ་ཕོགས་ཆེ་གནང་འགོ་བཙུགས།
༡༥༽    ཁར་ཤང་སློབ་གྲྭའི་ཉལ་ཁང་ཞིག་རལ་ཉེན་འགན་མི་བཟོད་པ་ཡོད་སྟབས་སྔ་ལོ་ཛ་དྲག་ཐོག་ཟླ་རེར་ཁང་གླ་སྒོར་ ༤༥༠ ཐམ་པ་སྤྲད་དེ་ཁང་པ་ཞིག་གླས་ཀྱང་དེར་བུ་མོ་ ༦༠ ཙམ་ལས་ཤོང་གི་མེད་པར་བརྟེན། ཉེ་འཁྲིས་སུ་ཁང་སྟོང་རྙིང་པ་ཞིག་འདུག་པར་ཁང་བདག་དང་མོལ་བསྡུར་གྱིས་བཟོ་བཅོས་བྱས་པར་ཧིན་སྒོར་ ༡༦༤༦༤།༣༨ ཁང་བདག་གིས་འདིའི་ཐོག་ཧིན་སྒོར་ ༤༤༠༠ བཏང་བཏང་སྟེ་བཟོ་བཅོས་བྱེད་འགོ་བཙུགས། དེ་བཞིན་ཉལ་ཁང་འདིར་ཉལ་ཁྲི་ཉིས་རྩེག་གྲངས་ ༢༠ པང་ལེབ་རང་འགྲིག་ལ་ཧིན་སྒོར་ ༡༨༨༩༤།༦༠ སོང་ཞིང༌། རྡོར་གླིང་མི་རིགས་སློབ་གྲྭ་སྒོ་བརྒྱབས་པའི་ཉལ་ཁྲི་ཉིས་རྩེག་གྲངས་ ༣༠ ཐམ་པ་ཡང་ཁར་ཤང་ལ་སྤྲད། གཞན་ཡང་གསང་སྤྱོད་དང་རུལ་མཛོད་གསར་རྒྱག་ཆེད་ཧིན་སྒོར་ ༢༢༡༧༠།༧༥ དང༌། ཐབ་ཚང་དང་གཉེར་ཚང་ཉམས་གསོའི་ཆེད་ཧིན་སྒོར་ ༡༠༧༢༥ བཅས་པའང་གནང༌།
༡༦༽    རྡོར་གླིང་མི་རིགས་ས་ཁུལ་དང༌། ཉེ་ཁོར་གྱི་ཁ་འཐོར་བོད་ཕྲུག་གང་མང་སློབ་འཇུག་ཡོང་ཐབས་སུ་རྡོར་གླིང་སྤོག་རེ་སྦོང་སློབ་གྲྭ་འཛིན་རིམ་བརྒྱད་པ་བར་གནས་སྤར་དང་ཆབས་ཅིག་ཧིན་སྒོར་ ༦༩༥༣༩ བཏང་སྟེ་སློབ་ཕྲུག ༥༠ སོང་བའི་ཉལ་ཁང་གསར་རྒྱག་བྱས་ཏེ་སློབ་ཕྲུག ༤༣ སྐོར་གཏན་སྡོད་བྱས། ཉལ་ཁང་གསར་རྒྱག་གི་ལས་རྩོལ་ས་གནས་བོད་མིས་དང་བླང་ཐོག་གནང༌། ཉལ་ཁང་ལྟ་རྟོག་པ་གཅིག་དང༌། མ་བྱན་གཅིག ལས་རོགས་གཅིག མ་མ་གཅིག་བཅས་ས་གནས་ནས་བསྐོ་འཛུགས་བྱས་པར་ལྟོ་ཆས་ནར་གཏོང་ཐོག་ཟླ་རེར་གླ་དོད་མི་རེར་ཧིན་སྒོར་ ༢༥༠ རེ་གནང་འགོ་བཙུགས། དེ་བཞིན་ཧིན་སྒོར་༦༤༦༡།༦༠ བཏང་སྟེ་སློབ་གྲྭར་སྨན་ཁང་ཆུང་ངུ་ཞིག་ཀྱང་བཙུགས། སློབ་གྲྭ་ཆགས་ཡུལ་མཛེས་ཤིང་འགྲུལ་སྐྱོད་བདེ་ཡང་ཡུལ་མིའི་ཇ་ཤིང་དང་ས་འབྲེལ་ཡིན་པར་བརྟེན་མ་འོངས་པར་རྩོད་རྙོག་མི་ཡོང་བའི་ཆེད་སློབ་གྲྭའི་ས་ཁོངས་ཡོངས་ལ་ལྕགས་སྐུད་ཟེར་མ་ར་མགོའི་ར་བ་བསྐོར་ཞིང་གློག་ཁྲིད་འཛུགས་སོགས་ལས་དོན་ཏན་ཏིག་བྱས།
༡༧༽    ཅོན་ཏ་ར་ནང་ཆེན་གཞིས་ཆགས་དང་སྦིར་སྡེ་དགེ་གཞིས་ཆགས་གཉིས་ཀྱི་ཉིན་སློབ་ཏུ་འཛིན་ཁང་ལྔ་དང༌། ལས་ཁུངས། གཉེར་ཚང་བཅས་གསར་རྒྱག་གི་ལས་འགོ་བཙུགས་ཏེ་མཇུག་སྒྲིལ་ཉེར་གནས།
༡༨༽    བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་བོད་རིགས་དགེ་ལས་ཚོར་རྒས་ཕོགས་སོགས་ཀྱི་ཐོབ་ཐང་རྣམས་གཞན་དང་སྤྱི་མཚུངས་དགོས་སྐོར་ཤེས་རིག་ནས་ཞུ་སྐུལ་རིམ་པར་བྱས་འབྲས་སུ་ལོ་འདི་ནས་དངོས་སུ་དོན་སོན་བྱུང༌།
༡༩༽    ཀོ་ལི་གྷར་དོན་ལྡན་གླིང་གཞིས་ཆགས་ཀྱི་སྔོན་འགྲོའི་སློབ་གྲྭའི་འཛིན་ཁང་མི་ལྡང་བའི་དཀའ་ངལ་སྐོར་ས་གནས་གཞིས་འགོས་སྔ་རྗེས་སྙན་སེང་ཞུས་པ་ལྟར། འཛིན་ཁང་གསུམ་གསར་རྒྱག་གི་འཆར་གསལ་འགྲོ་གྲོན་སྒོར་ ༥༣༥༤༦ གནས་པ་ནས་སྤྲོད་ཐེངས་དང་པོར་ཧིན་སྒོར་ ༢༦༧༧༣ སྤྲད་ཟིན།
༢༠༽    ཕྱི་ཟླ་ ༤ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་ཆིབས་སྒྱུར་བསྐྱངས་སྐབས་དང་སྟབས་བསྟུན་གྱིས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་རྒྱ་བོད་སློབ་སྤྱི་ཡོངས་དང༌། སློབ་གྲྭ་ཆེ་ཁག་གནས་ཡུལ་གྱི་གཞིས་འགོ་བདེ་དོན་རྣམ་པ་ཚོགས་སྐོང་གིས་ལྷན་ཚོགས་ཤིག་བསྐོངས། ཚོགས་མགོན་དུ་ྋགོང་ས་མཆོག་ཆེད་དུ་ཆིབས་སྒྱུར་གནང་སྟེ་ཟབ་གསལ་བཀའ་སློབ་སྩལ་ཞིང༌། ཚོགས་ཐོག་ཏུ་འགོ་རྒྱ་བོད་སློབ་སྤྱི་ནས་མཇུག་གད་པ་བར་གྱི་བྱེད་སྒོ་དང་ཕན་ཚུན་མཐུན་ལམ་གཞོགས་འདེགས་བྱེད་ཕྱོགས་སྐོར་ངོ་སྤྲོད་ཞིབ་ནན་དང༌། ནང་ཁུལ་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང༌།
༢༡༽    སྔོན་འགྲོ་ནས་འཛིན་རིམ་ ༥ བར་གྱི་བོད་ཡིག་སློབ་དེབ་ལ་བསྐྱར་བཅོས་ལེགས་པར་ཟིན་ཏེ་པར་རྩ་བཟོ་སྒྲིག་དང་རི་མོ་འབྲི་འགོ་བཙུགས།
༢༢༽    གཞིས་སྒར་ཁག་ནང་ཡོད་པའི་སྔོན་འགྲོའི་སློབ་གྲྭ་ཁག་ཡར་རྒྱས་ཚགས་ཚུད་ཆེད་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ལ་རྩིས་འབུལ་ཞུ་རྒྱུར་གཏན་འཁེལ་བྱུང་ཡང༌། དགག་དགོས་རྒྱུ་མཚན་ཁ་ཤས་ཀྱི་དབང་གིས་ཤེས་རིག་ཐད་འཛིན་སློབ་ཁག་དང་ཉེ་བ་རྣམས་ཐད་འཛིན་སློབ་ཁོངས་དང༌། མ་སུ་རི་དང་ཐག་ཉེ་བ་རྣམས་མ་སུ་རི་བོད་ཁྱིམ། དེ་མིན་ཡོངས་རྫོགས་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཁོངས་གཏོགས་སུ་འཇུག་རྒྱུར་བཀའ་བསྡུར་དང་གཏན་འཁེལ་ལམ་ཙམ་བྱུང༌། ལོ་འདི་ནས་སྔོན་འགྲོའི་སྡེ་ཁག ༡༢༧ གྱི་དགོས་དངུལ་སྩལ་ཕྱོགས་ཐད། ཧི་མ་ཅལ་མངའ་ཁོངས་སྔོན་འགྲོའི་སློབ་གྲྭ་ ༡༡ གི་དགོས་དངུལ་ཕུད་དེ་མིན་རྣམས་ཤེས་རིག་ལས་ཁུངས་བརྒྱུད་གནང་མི་དགོས་པར་ཐད་ཀར་དགོས་དངུལ་གནང་རྒྱུར་འགྱུར་བ་སོང༌།སྤོག་རེ་སྦོང་སློབ་གྲྭའི་དགེ་སློབ། ཕྱི་ལོ་ ༡༩༨༡ ལོར་བསྒྲོན།
༢༣༽    བལ་ཡུལ་གོ་ཁ་ནར་འཆར་གསལ་ལས་རིམ་དང་པོའི་གཏན་སློབ་གསར་རྒྱག་ཟིན་ཏེ་སློབ་ཕྲུག ༡༦༠ ཙམ་སློབ་འཇུག་གནང་རྒྱུའི་དབུ་འབྱེད་མཛད་སྒོ་ཕྱི་ཟླ་ ༤ ནང་བསྐྱངས་སྐབས་ཤེས་རིག་བཀའ་བློན་མཆོག་དང་ཤེས་རིག་དྲུང་ཆེ་ངོ་ཕེབས་ཀྱིས་ཨེ་སེ་ཨོ་ཨེ་སེ་རོགས་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ཀུ་ཊིན་ངོ་མཇལ་གྱིས་འཆར་གསལ་ལས་རིམ་གཉིས་པར་བལ་སྒོར་འབུམ་དགུ་བཅུ་ཙམ་འགྲོ་རྒྱུར་རོགས་རམ་ཡོང་བ་ཞུས་པར་གང་ཐུབ་ཞལ་བཞེས་གནང་འཐུས་གསུངས་སྟབས། འཆར་གཞི་ལག་བསྟར་བྱེད་འགོ་བཙུགས།
༢༤༽    བལ་ཡུལ་ཝ་ལུང་དང་ར་སོ་གི་རི་སློབ་གྲྭར་ནོར་ཝེ་སྐྱབས་བཅོལ་རོགས་ཚོགས་ཀྱིས་རོགས་རམ་གནང་མཚམས་བཞག་སྟབས། ཤེས་རིག་ནས་ཛ་དྲག་ཐབས་ཤེས་གནང་འབྲས་རོགས་དངུལ་ཧིན་སྒོར་ ༡༨༧༢༤༥ ཐབས་འཚོལ་ཐུབ།
༢༥༽    མ་ན་ལི་སློབ་གྲྭའི་ས་ཆའི་སྐོར་ཤེས་རིག་ལས་བྱེད་སིམ་ལར་ངོ་སྐྱོད་ཀྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང༌། ཁོང་གི་སྒེར་དྲུང་སོགས་ངོ་མཇལ་གྱིས་སྙན་སེང་ཞུས་རྗེས་ཀུ་ལུ་རྫོང་དཔོན་ལས་ཁུངས་སུ་བསྐྱོད་དེ་བདེ་སྡུག་སྙན་སེང་ཞུས། རྫོང་དཔོན་ལས་ཁུངས་ཀྱིས་ཤེས་རིག་སྐུ་ཚབ་དང་རྫོང་དཔོན་ལས་རོགས། ཁྲལ་བསྡུའི་ལས་བྱེད། ཤིང་ནགས་ལས་བྱེད། ས་གནས་ཏ་སིལ་རྡར་བཅས་ཡོད་པའི་ས་ཞིབ་ཚོགས་ཆུང་བསྐོ་བཞག་གནང་བ་ལྟར། ཚོགས་ཆུང་གིས་ས་ཞིབ་དང་འབྲེལ་སྙན་ཐོ་ཕུལ་ཟིན་པར་ས་གནས་རྫོང་དཔོན་ལས་ཁུངས་ནས་སིམ་ལའི་དཔོན་རིགས་དང་གྲོས་བསྡུར་གྱིས་མཐའ་མའི་ཐག་གཅོད་གནང་དགོས་འཕྲོ་ཅན་དུ་ལུས།
༢༦༽    སློབ་གྲྭ་ཁག་གི་ཟློས་གར་སློབ་ཚན་འཆར་གཞིའི་ས་བོན་སྔ་ལོ་ཟློས་དགེ་གཉིས་ཀྱིས་བསྒྲིགས་པ་དེར་ཞིབ་འཇུག་གིས་གཏན་འབེབས་ཟིན་ཅིང༌། རྗེས་ལོ་འགྲེམས་སྤེལ་གནང་གཏན་འཁེལ།
༢༧༽    བོད་དགེ་འོས་སྦྱོང་ཝཱ་ཎ་ལེགས་སྦྱར་གཙུག་ལག་སློབ་ཁང་དུ་མུ་མཐུད་ཚུགས་ཐབས་ཐོག་དེ་ནས་ཐོན་པ་རྣམས་བོད་སློབ་འཛིན་ཚོགས་ནས་ངོས་ལེན་ཡོང་ཐབས་བྱས་ཀྱང༌། ངོས་ལེན་མ་ཐོབ་པའི་ཐོག་ལོ་འདིར་གང་ཅིའི་གནས་སྟངས་དབང་གིས་བོད་དགེ་འོས་སྦྱོང་ཝཱ་ཎར་ཚུགས་མ་ཐུབ། དེར་བརྟེན་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་ཁང་དུ་བོད་དགེ་འོས་སྦྱོང་གོ་སྒྲིག་བྱས་ཆོག་པ་ཞེས་འབྲེལ་ཡོད་ལ་འབྲེལ་མོལ་ཞུས་པར་དོན་འབྲས་སོན་རེ་ཆེ།