༡༩༨༧

༡༽    ལོ་འདིར་གཏན་ཉིན་སློབ་གྲྭ་ ༨༧ ༼དབུས་བོད་སློབ་འཛིན་ཚོགས་ཁོངས་ཤེས་རིག་ལས་ཁུངས་ནས་དངོས་སུ་གཟིགས་རྟོག་དགོས་པ་གྲངས་ ༣༧ ཤེས་རིག་གིས་ཐད་ཀར་འཛིན་སྐྱོང་གནང་མུས་ ༣༢ ཟུར་སྐྱོང་སློབ་ཁག ༡༨༽ཡོད་པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༢༡༨༥༡ ཡོད།
༢༽    ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། མའི་སོར་བྷེལ་ཀོབ་ལུགས་བསམ་གཞིས་སློབ་བཅས་ཀྱི་ནང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་སུ་ཞུགས་པ་ ༡༥༣ ཡོད་པ་ནས་ཨང་སྡེ་དང་པོ་ ༡༧ དང༌། ཨང་སྡེ་གཉིས་པ་ ༧༡ ཨང་སྡེ་གསུམ་པ་ ༡༧ ཡིག་རྒྱུགས་མ་འཕྲོད་པ་ ༤ བཅས་ཡོད་ཅིང༌། གོང་གསལ་སློབ་ཐོན་ཁོངས་ནས་དང་སློབ་ཏུ་རང་མོས་འགྲོ་འདོད་ཡོད་པ་རྣམས་ཕུད་བརྒྱ་ཆ་ ༦༠ ཡན་ལོན་པ་ ༡༡ ཡོད་པ་རྣམས་ལ་དབུས་བོད་སློབ་འཛིན་ཚོགས་ཀྱི་མཐོ་སློབ་སློབ་ཡོན་སྤྲད་དེ་མཐོ་སློབ་ཏུ་བཏང༌།
༣༽    ལོ་འདིར་གཞི་རིམ་འཛིན་གྲྭ་ ༡༢ སློབ་ཐོན་རྗེས་རིགས་སྣ་ཚོགས་ཀྱི་སློབ་སྦྱོང་མཇུག་སྐྱོང་ཆེད་སློབ་ཡོན་གྲངས་ ༦༠ ༼འདིའི་ཁོངས་གོང་གསལ་བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་ ༡༡ དེ་ཡང་ཚུད་༽ཐབས་འཚོལ་ཐུབ་པའི་ནང་ནས་འདི་ལོ་སློབ་ཡོན་ ༥༩ མཐོ་སློབ་དང་དགེ་འོས། དྲུང་ཡིག སྨན་པ་སོགས་ཀྱི་སློབ་སྦྱོང་ཆེད་བགོ་སྤྲོད་བྱས།
༤༽    དབྱིན་ཡུལ་གྱི་གྲགས་ཅན་གཙུག་ལག་སློབ་ཁང་ཨོག་སེ་ཕོར་ཊེ་(Oxford)དང༌། ཁེམ་བྷེ་རའེ་ཇེ་(Cambridge)གཉིས་ཀྱི་ནང་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཕྲུག་ཁ་ཤས་གཏོང་ཐབས་ཕྱི་ལོ་ ༡༩༨༦ ནས་རིམ་བསྟུད་དུ་ཞུས་ཀྱང་རྒྱུ་རྐྱེན་སྣ་ཚོགས་དབང་གིས་དོན་སོན་མ་བྱུང༌། འོན་ཀྱང་དབྱིན་ཡུལ་གྱི་གྷི་ལ་སི་ཀོ་གཙུག་ལག་སློབ་ཁང་(Glasgow University)ནང་བོད་ཕྲུག་ཚེ་རིང་དོན་གྲུབ་གཏོང་ཐུབ་པ་བྱུང༌།
༥༽    ཉི་ཧོང་སྐུ་ཚབ་དོན་གཅོད་བརྒྱུད་ཉི་ཧོང་ནང་ཞིང་ལས་འཕྲུལ་གསར་སློབ་སྦྱོང་བྱ་ཆེད་སློབ་ཡོན་ལྔ་ཙམ་དོན་སོན་བྱུང་བ་ལྟར། སློབ་སྦྱོང་ཟིན་མཚམས་ལས་ཀར་ཞུགས་རྒྱུར་དཀའ་ངལ་མི་འབྱུང་བའི་ཆེད་དུ་ནང་སྲིད་ལས་ཁུངས་སུ་བཟོ་གཞིས་ཁག་ཏུ་ཕན་པའི་མི་འགྲོ་གོ་སྒྲིག་གནང་རོགས་ཞུས་ཀྱང༌། འོས་ཆོས་ཚང་བའི་མི་འགྲོ་ཐོབ་མིན་ལན་གསལ་བྱུང་བར་བརྟེན། ཤེས་རིག་གིས་གསར་ཤོག་ཁག་བརྒྱུད་འོས་ཆོས་གསལ་བསྒྲགས་ཀྱིས་འཚང་སྙན་བསྡུ་འགོ་བཙུགས།
༦༽    རྒྱ་གར་གཞུང་གིས་རང་རིགས་སློབ་ཕྲུག་ཚོའི་ཆེད་སྨན་པའི་ཞབས་སྟེགས ༢ དང༌། བཟོ་སྐྲུན་འཆར་འགོད་ཀྱི་ས་མིག ༣ སྔོན་ནས་སྩོལ་མུས་ཐོག ལོ་འདིའི་ནང་ཞིང་ལས་འཕྲུལ་འཁོར་སློབ་སྦྱོང་དང༌། སྒོ་ཕྱུགས་གསོ་ཚགས་དང་སྨན་བཅོས་ཆེད་ཞབས་སྟེགས་ ༢ ཚོང་འབྲེལ་སློབ་སྦྱོང་ཆེད་ཞབས་སྟེགས་ ༢ པར་སྐྲུན་སློབ་སྦྱོང་ཆེད་ཞབས་སྟེགས་ ༢ བཅས་ཟུར་བཅད་ཀྱིས་གནང་བ་ལྟར་འོས་ཆོས་ཚང་བའི་སློབ་ཕྲུག་འདེམས་གཏོང་བྱས།
༧༽    སྔ་ལོ་ཉི་ཧོང་དུ་དཀར་ཡོལ་བཟོ་སྐྲུན་སློབ་སྦྱོང་དུ་བོད་ཕྲུག ༣ འདེམས་གཏོང་བྱས་པ་རྣམས་ཐོངས་མཆན་ཝི་ས་མ་ཐོབ་པར་ད་བར་འགྲོ་མ་ཐུབ་ཀྱང་ད་དུང་འབྲེལ་ཡོད་ལ་འབྲེལ་མོལ་གྱིས་དམིགས་ཡུལ་ལྟར་འགྲོ་ཐུབ་ཐབས་བྱས།
༨༽    ལོ་འདིར་རྒྱ་གར་ནང་གསར་བཙས་བོད་ཕྲུག་མཐའ་སྐྱོ་རྣམས་གཏན་སློབ་ཁག་ནང་སློབ་འཇུག་བྱ་རྒྱུའི་སློབ་ཡོན་ཐབས་འཚོལ་ཞུས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༣༦༡ དོན་སོན་བྱུང་བའི་ཐོག ཕ་མ་རང་ངོས་ནས་སློབ་ཡོན་ཆ་ཚང་ཕུལ་བ་དང༌། ཤེས་རིག་ལས་ཁུངས་ཀྱིས་འབྲུག་ཁུལ་བོད་ཕྲུག་ལ་དམིགས་བསལ་སློབ་ཡོན་གནང་སྟེ་སློབ་འཇུག་ཟླ་བསྒྲིལ་བྱས་པ་སོགས་ཁྱོན་བསྡོམས་ལོ་འདིར་བོད་ཕྲུག ༤༧༡ གཏན་སློབ་ཁག་དང༌། ཉལ་ཁང་ཡོད་པའི་ཉིན་སློབ་ཁག་ཏུ་སློབ་འཇུག་བྱས།
༩༽    འབྲུག་ཁུལ་སློབ་གྲྭ་མེད་སའི་བོད་ཕྲུག་སློབ་ལོ་སོན་པ་ཇི་ཡོད་དང༌། སློབ་གྲྭ་ཡོད་སའི་འཛིན་རིམ་ཇི་ཡོད་འགྲིམས་ཟིན་པ་རྣམས་མུ་མཐུད་རྒྱ་གར་གྱི་ཀ་རྡོར་སྒང་གསུམ་ཁུལ་གྱི་སློབ་གྲྭར་བླངས་ཏེ་སློབ་སྦྱོང་སྤྲད།
༡༠༽    ལོ་སྔོན་མའི་ལས་དོན་ནང་གསལ་བ་ལྟར་ྋགོང་ས་མཆོག་གི་བཀའ་སློབ་དགོངས་དོན་དང་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་ནང་གསལ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་ཚན་རིག་དང༌། ཨང་རྩིས་སློབ་ཚན་བོད་སྐད་ཐོག་ཕབ་སྒྱུར་ཆེད་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་གི་དགེ་རྒན་ཁོངས་ནས་གོང་གསལ་སློབ་ཚན་ཐོག་ཤེས་ཡོན་དང་ཉམས་མྱོང་གཉིས་ལྡན་བཅོ་ལྔར་ཆེད་མངགས་རེ་སྐུལ་གྱིས་ཕབ་སྒྱུར་བྱེད་བཞིན་ཡོད་མུར་དྷ་སྟེང་བོད་ཁྱིམ་གྱིས་ཀྱང་འཛིན་རིམ་དང་པོའི་ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་བཅས་ཕབ་སྒྱུར་གང་ལེགས་གནང་ཟིན་འདུག་པར་བརྟེན། གཞུང་གཅིག་གི་སློབ་གྲྭའི་ནང་སློབ་དེབ་མི་འདྲ་བ་གཉིས་མ་དགོས་པ་དང༌། རྒྱུ་གྲོན་སོགས་གང་ཅིའི་ཆ་ནས་གཉིས་གོ་གཅིག་ཆོད་ཡོང་ཆེད་བོད་ཁྱིམ་ལ་འབྲེལ་བ་ཞུས་ཏེ་བོད་ཁྱིམ་གྱིས་བསྒྱུར་བ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱིས་དཔྱད་ཞིབ་སྣོན་འཕྲི་ཇི་དགོས་ཞུས་ཐོག་འགྲོ་སོང་ཇི་དགོས་བཏང་ནས་པར་སྐྲུན་ཞུ་རྒྱུ་གཏན་འཁེལ་བྱུང༌།
༡༡༽    མཐོ་རིམ་བོད་དགེ་དང་མཁས་པ་ཁག་ལ་བོད་ཡིག་སློབ་ཚན་སློབ་ཁྲིད་བྱེད་ཕྱོགས་ཀྱི་ལམ་སྟོན་ལག་དེབ་རྩོམ་སྒྲིག་ཡོང་བའི་འབོད་སྐུལ་ཞུས་ཀྱང༌། འཛིན་རིམ་དྲུག་པའི་ལམ་སྟོན་ལག་དེབ་ཀྱི་ཟིན་བྲིས་ཤིག་ཕུལ་འབྱོར་བྱུང་བ་ལས་དེ་མིན་ཚོར་ཉམས་མྱོང་དང་དཔེ་ལྟ་བྱ་ཡུལ་མེད་ལུགས་གསུངས་ཏེ་འཕྲོ་ཅན་དུ་ལུས་པར་བརྟེན། ཝ་ཎ་བོད་ཀྱི་མཐོ་སློབ་ཀྱི་ངེས་སྟོན་པ་མཁས་དབང་ཟམ་གདོང་རིན་པོ་ཆེར་སློབ་ཁང་དེའི་སློབ་དཔོན་ནམ་གཞན་སུ་འོས་ཤིག་ལ་རྩོམ་སྒྲིག་གི་ལས་དོན་གནང་སྐྱོང་ཡོང་བ་དང༌། ཞབས་གླ་སོགས་ཇི་དགོས་ཤེས་རིག་ནས་ཕུལ་ཆོག་ཞུས།
༡༢༽    སྔོན་འགྲོའི་འཛིན་གྲྭ་དང༌། གཞི་རིམ་འོག་མའི་འཛིན་གྲྭ་ཁག་ལ་དགོས་མཁོའི་བོད་ཡིག་ཡིག་གཟུགས་སྦྱང་དེབ་པར་སྐྲུན་སྔ་ལོ་ཟིན་པ་དང་བསྟུན་ཡིག་གཟུགས་འབྲི་བྱེད་སྨྱུ་གུའི་དཀའ་ངལ་སེལ་ཆེད་དང༌། སྡེབ་ཉོ་བྱས་ཚེ་རིན་གོང་ཁེ་བ་ཡོང་རྒྱུར་དམིགས་ཏེ་ཤེས་རིག་ལས་ཁུངས་ཀྱིས་སྨྱུག་ཁ་སྦོམ་ཕྲ་འབྲིང་གསུམ་མངགས་ཉོ་བྱས་ནས་སློབ་གྲྭ་ཁག་ལ་གསལ་བསྒྲགས་དང་སྦྲགས་དགོས་མཁོ་ཅན་ཚོར་འགྲེམས་ཚོང་བྱས།
༡༣༽    སློབ་ཕྲུག་ཚོར་བཀླག་བྱའི་དཔེ་དེབ་གང་མང་པར་སྐྲུན་གྱིས་བོད་ཡིག་ལ་དོ་སྣང་དང་སྤྲོ་བ་སྤེལ་ཐབས་སུ་འཁྲུངས་རབས་དང༌། ཤོད་རྒྱུན།

བསླབ་བྱ་སོགས་དཀའ་སླའི་རིམ་པ་ལྟར་ཕྱོགས་བསྡེབས་ཀྱིས་སྒྲུང་དེབ་མཐོ་དམའ་བར་གསུམ་པར་སྐྲུན་བྱེད་འཆར་ཁོངས། མཐོ་བ་ལོ་འདིར་པར་སྐྲུན་འགྲེམས་སྤེལ་བྱས། འབྲིང་དམའ་གཉིས་ཀྱི་པར་རྩ་དང་རི་མོ་ཆ་ཚང་བྲིས་ཟིན་ཏེ་ཤེས་རིག་པར་ཁང་དུ་པར་སྐྲུན་ཆེད་སྤྲད། དེ་བཞིན་ཤེས་རིག་ནས་མཁས་དབང་ཚོར་ཕྲུ་གུས་གོ་བདེའི་སྒྲུང་རིགས་གསར་རྩོམ་གནང་ཚེ་པར་སྐྲུན་གྱི་རིན་འབབ་བརྒྱ་ཆ་ ༢༥ ཤེས་རིག་ནས་འབུལ་རྒྱུའི་གསལ་བསྒྲགས་ཞུས་པ་ལྟར་རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོ་མཆོག་གིས་སྒེག་ལྡེམ་གསལ་བའི་སྒྲོན་མེའི་སྒྲུང་གསར་རྩོམ་པར་སྐྲུན་གནང་བའི་རིན་འབབ་བརྒྱ་ཆ་ ༢༥ ཕུལ་ཞིང༌། མཁས་དབང་གང་དེས་དེབ་གྲངས་ ༡༠༠༠ གནང་སོན་བྱུང་བ་དམིགས་ཡུལ་ལྟར་སློབ་གྲྭ་ཁག་ལ་བཀྲམས།
༡༤༽    གངས་སྐྱིད་ཁུལ་མགྲོན་ཁང་དཀོན་པའི་ངལ་བ་སེལ་ཐབས་དང༌། དེ་བཞིན་ཁང་གླའི་ཐོག་ནས་ཁེ་འབབ་ཇི་བྱུང་སློབ་གྲྭའི་དགེ་རྒན་གྱི་གླ་ཕོགས་ཐོག་གཏོང་ཐུབ་ཐབས་སུ་མགྲོན་ཁང་གསར་རྒྱག་གི་འཆར་གཞི་བཀོད་དེ་རིང་མིན་ཨར་ལས་འགོ་འཛུགས་བྱེད་གཏན་འཁེལ།
༡༥༽    འཛིན་སྐྱོང་གི་འགན་དབང་རང་ལག་ཏུ་ཡོད་པའི་སློབ་གྲྭ་གང་མང་གསར་འཛུགས་དང་རྒྱ་སྐྱེད་བྱ་རྒྱུའི་ཆ་ཤས་སུ་སྤོན་ཊ་སློབ་གྲྭ་དེ་བཞིན་ཕྱི་ནང་གི་མཐུན་རྐྱེན་གང་ཐད་ནས་མིག་དཔེར་འོས་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ་སྔ་ལོ་ལས་ཤག་དང་དཔེ་མཛོད་འཛུགས་སྐྲུན་ཟིན་པ་དང༌། ལོ་འདིར་དམིགས་བསལ་སློབ་གྲྭའི་སྨན་ཁང་གི་མཐུན་རྐྱེན་དང་དཔེ་མཛོད་ནང་དཔེ་དེབ་དང་རྐུབ་སྟེགས། རྒྱ་ཅོག་བཅས་ཀྱི་མཐུན་རྐྱེན་ཡར་རྒྱས་བཏང་ཐོག ཛ་དྲག་ནད་མནར་སོགས་ཀྱི་སྐབས་སུ་དགོས་མཁོ་ཆེ་བའི་སྣུམ་འཁོར་གཅིག་གནང༌། སྤོག་ར་སྦོང་གི་སློབ་གྲྭའི་འཕྲོད་བསྟེན་གྱི་མཐུན་རྐྱེན་ཡང་ཡར་རྒྱས་བཏང༌།
༡༦༽    སྤུ་རུ་ཝ་ལའི་སློབ་གྲྭར་འཛིན་ཁང་མ་ལྡེང་བའི་དཀའ་ངལ་ཡོད་པར་བརྟེན་འཛིན་ཁང་ ༣ འཕར་རྒྱག་གི་དགོས་དངུལ་ཆ་ཚང་ཤེས་རིག་གིས་བཏང་ཞིང༌། འཛིན་ཁང་གསར་རྒྱག་གི་ངལ་རྩོལ་ས་གནས་མི་མང་གིས་དང་བླང་ཐོག་ནས་གནང༌།
༡༧༽    བལ་ཡུལ་རྒྱལ་སའི་ས་གནས་གོར་ཁ་ནར་འབྲིང་རིམ་སློབ་གྲྭ་ཚད་ལྡན་ཞིག་གསར་འཛུགས་གི་རྨང་རྡོ་སྔ་ལོ་ནས་བཞག་ཟིན་པར་ལས་དོན་མཇུག་སྐྱོང་ཞུ་མུས་ཐོག་ལོ་འདིའི་ཕྱི་ཟླ་ ༦ ནང་ཨེ་སེ་ ཨོ་ ཨེ་སེ་ཚོགས་པའི་སྐུ་ཚབ་བལ་ཡུལ་ནང་ཕེབས་སྐབས་ཤེས་རིག་དྲུང་ཆེ་ཆེད་བཅར་གྱིས་འབོད་སྐུལ་ཞུས་འབྲས་འཆར་གསལ་བལ་སྒོར་ ༩༤༥༨༠༠༠ ནས་ད་བར་ཤེས་རིག་ལས་ཁུངས་ཀྱིས་བཏང་ཟིན་པའི་བལ་སྒོར་འབུམ་བཅུ་དྲུག་ལྷག་ཕུད་འཕྲོས་བལ་སྒོར་འབུམ་བདུན་ཅུ་དོན་བརྒྱད་ལྷག་ཙམ་གྱི་འགྲོ་སོང་ཆ་ཚང་གནང་འཐུས་ཞལ་བཞེས་ཐོབ།
༡༨༽    རྡོར་གླིང་མི་རིགས་ས་གནས་སུ་ཕྲུ་གུའི་ཕ་མ་སྤྱི་ཐོག་ནས་ཁང་པ་གླས་ཏེ་ཉལ་ཁང་ཞིག་ཟུར་འཛིན་བྱས་ཡོད་པ་དེས་ས་གནས་ཉིན་སློབ་ཀྱི་ཕྲུ་གུའི་ཚད་གཞི་ལོངས་པ་དང༌། གཏན་སློབ་ཁག་ཏུ་འཛུལ་ཞུགས་ས་མིག་སྐབས་མཚམས་བསྐང་རྒྱུ་སོགས་ལ་ཕན་ཐོགས་ཧ་ཅང་ཆེ་ཡང༌། ཁང་པ་གཡར་དུས་བཞག་པའི་ཆོད་གན་ནང་ཁང་བདག་གིས་ཁང་པ་སྤོ་བཤུག་ནམ་དགོས་བཤད་ཀྱང་དེ་འཕྲལ་སྤོ་རྒྱུ་གསལ་བར་བརྟེན་ཕུགས་བརྟན་མེད་པ་དང་གཅིག ཁང་ཁུངས་ཉམས་གོག་ཆེ་ཡང་ཁང་བདག་གིས་འགྲོ་གྲོན་བཏང་སྟེ་ཉམས་གསོ་སྣེ་གཅིག་མི་བྱེད་པ་གཉིས། རང་ཕྱོགས་ནས་སློབ་ཕྲུག་གི་འཕྲོད་བསྟེན་ལ་བསམ་ཤེས་ཀྱིས་ཉམས་གསོ་བྱས་འཐུས་ཀྱང་རྗེས་སུ་སྤོ་སྐབས་ཉམས་གསོ་བྱས་པའི་འགྲོ་སོང་ནས་བརྒྱ་ཆ་གང་ཙམ་ཕྱིར་སློག་བྱ་རྒྱུའི་བསམ་འཆར་བཏོན་པར་ཁས་ལེན་མི་བྱེད་པ་དང་གསུམ། ཁང་པའི་རླུང་འགྲོ་དང་དཀར་ཆ་སོགས་འཕྲོད་བསྟེན་ཆ་རྐྱེན་ཞན་པར་བརྟེན་རིམས་ནད་ཁྱབ་སྟེ་སློབ་ཕྲུག་ཁ་ཤས་འདས་གྲོངས་སོང་བ་དང་བཞི་བཅས་ལ་བརྟེན་འདི་ལོ་ཉལ་ཁང་ཟུར་གླས་བྱས་པ་དེ་སྒོ་རྒྱག་དགོས་པའི་བཀོད་ཁྱབ་མ་གཏོང་ཀ་མེད་བྱུང༌། ཉལ་ཁང་སྒོ་བརྒྱབས་པའི་དབང་གིས་མི་རིགས་ཉིན་སློབ་ལ་བོད་སློབ་འཛིན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སློབ་ཕྲུག་གི་ཁ་གྲངས་ཚད་ལོངས་མ་བྱུང་བར་བརྟེན་རྗེས་ལོ་མི་རིགས་ཉིན་སློབ་ཀྱང་སྒོ་རྒྱག་རྒྱུ་གཏན་འཁེལ་གྱིས་དེར་ཡོད་སློབ་ཕྲུག་རྣམས་ཁར་ཤང་སློབ་གྲྭར་ཟླ་སྒྲིལ་གཏོང་གཏན་འཁེལ། རྡོར་གླིང་མི་རིགས་སློབ་གྲྭ། པར་བསྒྲོན་ལོ་མ་ཤེས།
༡༩༽    ཁར་ཤང་གི་ཉལ་ཁང་དེ་ཡང་ཉམས་གོག་ཆེ་བར་བརྟེན་རླུང་འཚུབ་ཆེ་སྐབས་གྱེལ་ཉེན་ཆེ་བས་འདི་ལོ་ཁང་པ་གཞན་དུ་སྤོ་བཤུག་གིས་ཁང་གླ་འཕར་སོང་ཟླ་རེར་སྒོར་ ༤༥༠ ཤེས་རིག་གིས་ནར་གཏོང་བྱས།
༢༠༽    ལོ་འདིའི་ཟླ་བ་ ༣ ཚེས་ ༡༡ ནས་ ༡༨ བར་བོད་ཀྱི་བརྡ་སྤྲོད་རིག་པའི་སྐོར་ལ་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་ས་ནས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཁས་དབང་ ༥༠ སྐོར་ཡོད་པའི་བགྲོ་གླེང་ཚོགས་འདུ་ཞིག་བཞུགས་སྒར་དྷ་རམ་ས་ལར་སྐོང་འཚོགས་བྱས། ཚེས་ ༡ ཉིན་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་ཚོགས་བཅར་བ་རྣམས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུར་བཅར་བར་བཀའ་སློབ་ལམ་སྟོན་ཟབ་རྒྱས་ཕེབས། ཚོགས་ཐོག་གྲོས་གཞི་ཁག་གི་ཐོག་ཆེད་རྩོམ་སྒྲོག་སྦྱང་དང་བགྲོ་གླེང་ཞིབ་རྒྱས་རྗེས་སྤྱི་མོས་སྙན་ཐོ་འདོན་སྤེལ་ཐུབ་པར་མ་ཟད། ཚོགས་འདུ་འདིས་མཁས་དབང་རྣམ་པ་དང་གཞུང་སའི་དབར་དང༌། མཁས་དབང་ཕན་ཚུན་དབར་འབྲེལ་ཟབ་གོ་རྟོགས་བསྐྲུན་རྒྱུར་ཕན་ཐོགས་མངོན་གསལ་བྱུང༌།
༢༡༽    ཅོན་ཏ་ར་ནང་ཆེན་དང་སྡེ་དགེ་བཟོ་གཞིས་ཉིན་སློབ་ནང་ལས་ཤག་ལྟ་ཅི་འཛིན་ཁང་ཡང་ཆེ་ཆུང་གཉིས་ལས་མེད་པའི་དཀའ་ངལ་ཆེ་ཡང་སློབ་གྲྭའི་གཡས་གཡོན་ས་སྟོང་རྩ་བ་ནས་མེད་པར་བརྟེན་ནང་ཆེན་བཟོ་གཞིས་ཚོགས་པའི་ས་ཆ་ཕི་ཊི་གྲུ་བཞི་ ༢༢་༥༠༠ ཐམ་པ་ཤེས་རིག་ལས་ཁུངས་ནས་ཧིན་སྒོར་ ༡༦༨༧༥ ལ་ནང་བཤུག་སྤུས་ཉོ་བྱས་ཏེ་འཛིན་ཁང་ ༥ དང༌། ཚོགས་ཁང༌། ཐབ་ཚང༌། གཉེར་ཚང༌། ལས་ཁུངས་བཅས་གསར་རྒྱག་བྱ་རྒྱུར་འཆར་རྩིས་ཧིན་སྒོར་ ༤༤༢༢༥༠ བཀའ་འཁྲོལ་གནང་སྟེ་ཨར་ལས་འགོ་འཛུགས་བྱས། དེ་བཞིན་སྡེ་དགེ་བཟོ་གཞིས་སློབ་གྲྭར་འཛིན་ཁང་གསར་རྒྱག་བྱས།
༢༢༽    སྤོག་རེ་སྦོང་ས་གནས་ཀྱི་སློབ་གྲྭ་དེ་མ་འོངས་པར་འཛིན་རིམ་བརྒྱད་པ་བར་ཡོད་པ་ཞིག་ཏུ་བསྒྱུར་ཏེ་སློབ་ཕྲུག༌༢༠༠ སྐོར་ཤོང་བའི་ཉལ་ཁང་གསར་རྒྱག་བྱེད་བཞིན་པ་ཡིན་ཡང༌། རྡོར་གླིང་ཁུལ་འདི་ལོ་གོར་ཥའི་རྙོག་གྲ་ཆེ་བས་ཉལ་ཁང་ཟུར་འཛིན་བྱ་རྒྱུ་གནས་སྐབས་ངང་འཐེན་མ་བྱེད་ཀ་མེད་བྱུང༌།བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཚོགས་བཅར་པ་རྣམ་པ། གཡས་ནས་བརྩིས། མདུན་གྲལ། ༡༽ ཕྱག་མཛོད་ཚང་བསོད་ནམས་རབ་བརྟན། ༢༽ བཀྲས་རབ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་ཉི་མ། ༣༽ ལྷ་ལུང་བློ་བཟང་ཕུན་ཚོགས། ༤༽ ཉི་ལྕང་སྤྲུལ་སྐུ། ༥༽ ཟམ་གདོང་སྤྲུལ་སྐུ་བློ་བཟང་བསྟན་འཛིན། ༦༽ རཀ་ར་སྤྲུལ་སྐུ་ཐུབ་བསྟན་ཆོས་དར། ༧༽ བྲག་གཡབ་བློ་ལྡན་ཤེས་རབ། ༨༽ ནམ་མཁའི་ནོར་བུ་རིན་པོ་ཆེ། ༩༽ འགྱུར་མེད་ཚུལ་ཁྲིམས། ༡༠༽ ཕུ་ཁང་མཁན་སྤྲུལ་བྱམས་པ་སྐལ་བཟང༌། ༡༡༽ ཨེས་ཀེ་ པ་ཋཀ ༡༢༽ རི་ཁ་བློ་བཟང་བསྟན་འཛིན། བར་གྲལ། ༡༽ མཁར་སྟོད་རྡོ་རྗེ་དབང་ཕྱུག ༢༽ ཕྱག་མཛོད་ཚང་མཁའ་འགྲོ། ༣༽ དགེ་བཤེས་བློ་བཟང་རྒྱ་མཚོ། ༤༽ ཚེ་རིང་རྡོ་རྗེ། ༥༽ བསོད་ནམས་སྟོབས་རྒྱལ། ༦༽ སྣར་སྐྱིད་ངག་དབང་དོན་གྲུབ། ༧༽ སློབ་དཔོན་སེམས་པ་རྡོ་རྗེ། ༨༽ ཨ་ཅརྱ་ཐུབ་བསྟན་མཆོག་གྲུབ། ༩༽ གར་ཞ་དངོས་གྲུབ། ༡༠༽ ཨེས་ཨལ་ ཤརྨཱ། ༡༡༽ འཇོ་སེ་ ཀོ་ཛི་ཡར། ༡༢༽ བྱམས་པ་ཆོས་གྲགས། རྒྱབ་གྲལ། ༡༽ ཀརྨ་ཆོས་འཕེལ། ༢༽ བྱམས་ཆེན་སྤྲུལ་སྐུ། ༣༽ བློ་གྲོས་མཐར་ཕྱིན། ༤༽ ཤེལ་གླིང་ཚེ་དབང་རྣམ་རྒྱལ། ༥༽ ཡེ་ཤེས་ཚེ་བརྟན། ༦༽ དགེ་བཤེས་ཐུབ་བསྟན་ཚེ་རིང༌། ༧༽  ཨ་ཅརྱ་བློ་བཟང་རྒྱལ་མཚན། ༨༽ དགེ་བཤེས་བསོད་ནམས་རྒྱལ་མཚན། ༩༽ པདྨ་རྡོ་རྗེ། ༡༠༽ དགེ་འདུན་སྦྱིན་པ། ༡༡༽ བློ་བཟང་དོན་ལྡན། ༡༢༽ ངག་དབང་ཆོས་གྲགས། ༡༣༽ བསམ་མཁར་མི་འགྱུར། ༡༤༽ དངོས་གྲུབ་ཚེ་རིང༌།
༢༣༽    སྦིར་ཉིན་སློབ་ནི་དེ་ཁུལ་གཞིས་ཆགས་ཁག་གསུམ་གྱི་བུ་ཕྲུག་གཏང་ཡུལ་ཡིན་ཡང་གཞི་རྒྱ་ཆུང་བར་བརྟེན་འཛིན་ཁང་དང་ལས་ཤག་གསར་རྒྱག་བྱས།
༢༤༽    སློབ་གྲྭ་ཁག་ཏུ་ཟློས་གར་དགེ་རྒན་བསྐོ་བཞག་བྱས་ཡོད་ཀྱང༌། ད་ཕན་ཟློས་གར་སློབ་ཚན་གཏན་འབེབས་མེད་པར་བརྟེན། མ་སུ་རི་གཏན་སློབ་ཀྱི་ཟློས་དགེ་རྨ་བྱ་ངག་དབང་མཐུ་སྟོབས་དང་སིམ་ལ་གཏན་སློབ་ཀྱི་ཟློས་དགེ་ཚེ་དབང་གྲགས་པ་གཉིས་ཆེད་འགུག་གིས་བདུན་གཉིས་རིང་ཤེས་རིག་ཟློས་གར་དང་ཟུང་འབྲེལ་གྱིས་འཛིན་གྲྭ་ ༡ ནས་ ༨ བར་གྱི་ཟློས་གར་སློབ་ཚན་གཏན་འབེབས་བྱས། ཕྱི་ལོ་ ༡༩༨༨ ལོའི་སློབ་དུས་གསར་པ་ནས་ལག་བསྟར་བྱ་གཏན་འཁེལ།
༢༥༽    རྒྱ་གར་དབུས་ཡིག་རྒྱུགས་ཚོགས་པས་འཛིན་རིམ་ ༩ ནས་ ༡༢ བར་གྱི་བོད་ཡིག་ཡིག་རྒྱུགས་དྲི་ཤོག་བཟོ་འདོན་གནང་མུས་མང་པོ་ཞིག་སློབ་དེབ་ཀྱི་ནང་དོན་དང་མི་མཐུན་པ་དང༌། སློབ་ཕྲུག་གི་ཤེས་ཚད་དང་མི་འཚམ་པ་སོགས་ཀྱི་བསམ་འཆར་རིམ་བྱུང་ལྟར། དབུས་ཡིག་རྒྱུགས་ཚོགས་པར་འབྲེལ་ལམ་ཞུས་ཏེ་འབྲེལ་ཡོད་སློབ་དགེ་ཆེད་སྐོང་དང་འབྲེལ་གོང་གསལ་འཛིན་རིམ་ཁག་གི་དྲི་ཤོག་འཆར་གཞི་བཟོ་འབུལ་ཞུས་པར། དབུས་ཡིག་རྒྱུགས་ཚོགས་པས་ཞིབ་འཇུག་གཏན་འབེབས་གནང༌། གཏན་འབེབས་དེ་ཕྱི་ལོ་ ༡༩༨༨ ལོའི་ཡིག་རྒྱུགས་གོང་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུ་གཏན་འཁེལ།
༢༦༽    སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་བསྐྱར་བཅོས་ལ་ཕན་པའི་བསམ་ཚུལ་བསྡུ་ལེན་ཆེད་རྡོར་གདན་དུ་ཉིན་ལྔའི་རིང་འབྲེལ་ཡོད་རྣམས་ཚོགས་སྐོང་བྱས་ཏེ་བསྐྱར་བཅོས་བྱེད་ཕྱོགས་ངོས་འཛིན་དང་སྣོན་འཕྲིའི་ཟིན་བྲིས་བཀོད།
༢༧༽    ཨ་རིའི་གཞུང་གིས་བོད་འབྲེལ་སྲིད་བྱུས་གཏན་འབེབས་དང་སྦྲགས་ལོ་ལྟར་བོད་མི་ཁག་ཅིག་ལ་ཨ་རིའི་ནང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་དང་སློབ་ཡོན་གནང་གཏན་འཁེལ་བ་ལྟར། མི་འགྲོ་འདེམས་གཏོང་ཚགས་ཚུད་ཡོང་ཆེད་སྒྲིག་གཞི་གཏན་འབེབས་བྱས།