༡༩༨༣

༡༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱིས་སྤྱི་ཡོངས་གཟིགས་སྐྱོང་འོག་སློབ་གྲྭ་ཆེ་ཆུང་ཁྱོན་བསྡོམས་༨༤ ༼བོད་སློབ་འཛིན་ཚོགས་ཁོངས་ཤེས་རིག་ལས་ཁུངས་ཀྱིས་དངོས་སུ་གཟིགས་ཞིབ་དགོས་པ་གཏན་ཉིན་སློབ་གྲྭ་ ༣༥ དང༌། ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་སྟངས་འཛིན་འོག་གཏན་ཉིན་སློབ་གྲྭ་ ༣༤ ཟུར་སྐྱོང་སློབ་ཁག ༡༥༽ཡོད་པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༡༦༩༡༨ དང༌། དགེ་རྒན་ལས་བྱེད་ཁྱོན་བསྡོམས་ ༡༡༦༤ ཡོད།
༢༽    ལོ་འདིར་མ་སུ་རི་དང༌། རྡོར་གླིང༌། ཌལ་ཧོར། མའི་སོར་བྷེལ་ཀོབ་གཞིས་སློབ་བཅས་ནས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ནང་ཞུགས་མཁན་ ༨༢ ཡོད་ཅིང༌། དེའི་ཁོངས་ནས་ཨང་སྡེ་དང་པོ་ ༤ དང༌། ཨང་སྡེ་གཉིས་པ་ ༢༥ ཨང་སྡེ་གསུམ་པ་ ༡༢ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་ ༢༡ ཡིག་རྒྱུགས་མ་འཕྲོད་པ་ ༢༠ བཅས་བྱུང༌། འདི་ལོ་རྒྱ་གར་རྒྱལ་ཡོངས་ནང་འཛིན་རིམ་ ༡༢ ཡིག་རྒྱུགས་སྐབས་ཀྱི་སློབ་ཕྲུག་བརྒྱ་ཆ་རྩེ་ཕུད་ ༥༠ བདམས་པའི་ཁོངས་སུ་ཌལ་ཧོར་གཏན་སློབ་ཀྱི་སློབ་བུ་རྟ་མགྲིན་དབང་རྒྱལ་ཨང་ ༤༥ པ་ཡིན་པར་བརྟེན། རྒྱ་གར་གཞུང་གིས་གཟེངས་བསྟོད་སློབ་ཡོན་སྩལ་ཐོབ་བྱུང༌།
        གོང་གསལ་ཁོངས་ནས་ཨང་རིམ་མཐོ་གྲས་རྣམས་དང་གཟུགས་བབས་ཀྱི་ཆ་ནས་དང་སློབ་ནང་མ་ཚུད་པ་རྣམས་ཕུད་དེ་མིན་ཡོངས་རྫོགས་དང་ཞབས་སུ་བཏང༌།
༣༽    ལོ་འདིར་འཛིན་རིམ་ ༡༢ ཐོན་རྗེས་མཐོ་སློབ་སོགས་ཀྱི་སློབ་སྦྱོང་ཆེད་སློབ་ཡོན་ཁྱོན་བསྡོམས་ ༧༠ ཐམ་པ་ཐབས་འཚོལ་ཐུབ་པ་ལྟར་ལོ་འདིར་དང་ཞབས་ཐོན་པ་དང༌། འདི་ལོ་འཛིན་རིམ་བཅུ་གཉིས་པའི་ཐོན་རྒྱུགས་ནང་བརྒྱ་ཆ་མཐོ་གྲས་སོན་པ་ཚོར་བགོ་འགྲེམས་ཀྱིས་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པ་དང༌། ཚོང་འབྲེལ། དཔེ་མཛོད་དོ་དམ། སྨན་སྦྱོར་རིག་པ། ཉེ་བའི་གཙུག་ལག་རབ་འབྱམས་པ། དགེ་རྒན་འོས་སྦྱོང༌། སྨན་ཞབས། གསར་འགོད། སྣུམ་འཁོར་བཤིག་སྒྲིག སྨན་པ། མ་བྱན། འཚེམ་དྲུབ་སློབ་སྦྱོང་བཅས་སུ་སློབ་ཕྲུག ༧༠ བཏང༌།
༤༽    དྷ་ས་དགའ་གདོང་གྲྭ་ཚང་དུ་འཚེམ་དྲུབ་སློབ་སྦྱོང་བྱེད་མཁན་ ༡༠ ལ་ལོ་འདིའི་དགོས་དངུལ་ ༣༦༠༠༠ དང༌། ཀ་སྦུག་ལྷ་མོའི་ཚོགས་པའི་འཚོ་རྟེན་ཐུག་པ་དང་ཕིང་གི་བཟོ་གྲྭའི་དགོས་དངུལ་ ༡༨༠༠༠ གནང༌། ཞོགས་པའི་འདུ་ཚོགས།
༥༽    ལོ་འདིར་རྒྱ་གར་ནང་གསར་བཙས་བོད་ཕྲུག་མཐའ་སྐྱོ་རྣམས་གཏན་སློབ་ཁག་ནང་སློབ་འཇུག་ཐུབ་ཆེད་རོགས་དངུལ་ཐབས་འཚོལ་ཞུས་འབྲས་སུ་ཕྱི་ནང་རོགས་ཚོགས་ཁག ༡༡ ནས་ཕྲུ་གུ་ ༡༢༨༥ སློབ་གྲོན་རོགས་རམ་ཐོབ་ཅིང༌། གཏན་སློབ་ཁག་ནང་སློབ་ཕྲུག་ཁྱོན་ ༣༣༨ སློབ་འཇུག་བྱས།
༦༽    ནོར་ཝེ་རོགས་ཚོགས་ཤིག་གིས་བོད་ཕྲུག༌༣༠༠༠ ལ་ཟླ་རེར་ཨ་སྒོར་ ༡༠ རེའི་རོགས་རམ་གནང་མུས་རོགས་ཚོགས་འགོ་འཛིན་གྱིས་ལྐོག་ཟ་བྱས་ཚུལ་གླེང་རྙོག་ཐོན་ཏེ་ ༡༩༨༦ ཟླ་ ༦ ནས་རོགས་དངུལ་གནང་མཚམས་ཆད་ཀྱང༌། ཤེས་རིག་ལས་ཁུངས་ནས་ནོར་ཝེ་གཞུང་གིས་ཆེད་བཙུགས་ཞིབ་དཔྱོད་ཚོགས་ཆུང་གིས་མཚོན་པའི་འབྲེལ་ཡོད་ཀུན་ལ་འབྲེལ་གཏུགས་རིམ་བསྟུད་བྱས་འབྲས་སུ། ཌན་མག་ཁུལ་ནས་སྔ་ལོ་ཕྲུ་གུ་ ༡༨༤ རོགས་རམ་འགོ་འཛུགས་བྱུང་ཐོག གླེང་རྙོག་ཐོན་པའི་ནོར་ཝེ་རོགས་ཚོགས་དེའི་བོད་མིའི་བུ་ཕྲུག་གི་ཤེས་ཡོན་དང་བདེ་དོན་ལ་ལྟ་རྟོག་གི་ལས་འགན་ཆ་ཚང་ནོར་ཝེ་ཨེ་སེ་ ཨོ་ ཨེ་སེྔསྒྲྔཞེས་པར་རྩིས་སྤྲོད་གནང་འདུག་པ་ལྟར། ཚོགས་པའི་དྲུང་ཆེ་སྐུ་ཞབས་དྷ་ཧལ་རྒྱ་གར་ནང་སྔ་རྗེས་ཐེངས་གཉིས་ཕེབས་སྐབས་དང༌། ཚོགས་པ་དེའི་ཨེ་ཤ་ཡའི་སྐུ་ཚབ་སྐུ་ཞབས་ཀུ་ཀྲིན་བཅས་ངོ་མཇལ་གྱིས་གོང་གསལ་གནས་ཚུལ་འགྱུར་ལྡོག་དང༌། བཙན་བྱོལ་བོད་ཕྲུག་གི་དཀའ་ངལ་གནས་སྟངས་སྙན་སེང་ཞིབ་དཀྲོལ་ཡིག་ངག་གཉིས་ཐོག་ནས་བྱས་འབྲས་སུ། རོགས་ཚོགས་རྙིང་པའི་དངུལ་ལྷག་ཨ་སྒོར་༢༠༠༠༠ དང༌། ཨེ་སེ་ ཨོ་ ཨེ་སེ་རོགས་ཚོགས་ནས་སྔ་འཕྲོས་ཁ་ཚ་དགོས་གཏུགས་ཀྱི་འགྲོ་སོང་གཏོང་བྱེད་དུ་ཨ་སྒོར་ ༢༠༠༠༠ བཅས་རིམ་སྤྲད་བྱུང༌། དེ་རྗེས་གོང་གསལ་སྐུ་ཞབས་གཉིས་དང་ལྡི་ལིར་བཅའ་བཞུགས་ནོར་ཝེ་གཞུང་ཚབ་ངོ་མཇལ་གྱིས་ལན་མང་རེ་སྐུལ་ཞུས་འབྲས་སུ་བུ་ཕྲུག ༡༠༠༠ ལ་རོགས་རམ་བསྐྱར་གསོ་དང་འབྲེལ་འདི་ལོའི་རོགས་དངུལ་ཨ་སྒོར་ ༡༢༠༠༠༠ གནང་སོན་བྱུང་འབྲེལ་བོད་མི་གནས་ཡུལ་གཞིས་ཆགས་དང༌། ལམ་བཟོ། བཟོ་གྲྭ་བཅས་ཀྱི་འགོ་འཛིན་དང་རང་བདེན་ཚོགས་ཆུང་སོ་སོར་རང་ཁོངས་མི་མང་ཁྲོད་ནས་འཁོས་དམན་ཉམ་ཐག་གི་བུ་ཕྲུག་བསྐྱར་འདེམས་བྱེད་དུ་བཅུག་རྗེས་རོགས་དངུལ་བགོ་འགྲེམས་བྱས།
༧༽    བོད་ཕྲུག་གཏན་སློབ་ཁག་ཏུ་སློབ་འཇུག་དང༌། ཕ་མས་སློབ་ཡོན་ཆ་ཚང་ངམ་ཆ་ཤས་ཕུལ་བ་རྣམས་བསྡུ་ལེན་གཏོང་འགྲེམས། རྩིས་ཁྲ་ཉར་འཇོག སྦྱིན་བདག་དང་ཕ་མར་འབྲེལ་ལམ་བརྡ་དེད་སོགས་ཀྱི་ལས་དོན་རྙོག་འཛིང་ཆེ་བར་བརྟེན་ལས་བྱེད་སྔོན་ཡོད་གཅིག་གི་ཐོག་ཡང་བསྐྱར་གཅིག་བསྣན་ཏེ་སློབ་ཡོན་སློབ་འཇུག་གི་ལས་དོན་གཉེར་དུ་བཅུག འདི་རིམ་པས་ད་ལྟའི་སློབ་ཡོན་སློབ་འཇུག་གི་ཚན་པར་གྱུར་པ་རེད།
༨༽    གཏན་སློབ་ཁག་ཏུ་གི་སློབ་ཕྲུག་ཤོང་ཚད་དགོས་མཁོ་བཞིན་མེད་པར་བརྟེན་ཤེ་ལོང་གྲོང་ཁྱེར་ཉེ་འདབས་སུ་གཏན་སློབ་གསར་པ་ཞིག་འཛུགས་འཆར་བྱས་ཀྱང༌། གནས་སྟངས་ལ་ཞིབ་འཇུག་ཞིབ་ཕྲ་བྱེད་སྐབས་གཅིག་ནས་ས་གནས་དེ་བོད་མི་གནས་ཡུལ་ནས་རྒྱང་ཐག་རིང་བ་དང༌། གཉིས་ནས་ས་ཆ་དེའང་རྩོད་རྙོག་ཅན་ཞིག་ཡིན་འདུག་པར་བརྟེན། འདི་ཁུལ་གཏན་སློབ་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་ཤིང༌། དེའི་ཚབ་ཏུ་མ་ན་ལི་ཁུལ་དུ་གཏན་སློབ་ཅིག་གསར་རྒྱག་བྱ་རྒྱུར་རོགས་དངུལ་སྒོར་ཆིག་འབུམ་ཉི་ཧོང་རོགས་ཚོགས་ཤིག་གིས་གནང་སོན་བྱུང་ཡང༌། ནང་སྲིད་ལས་ཁུངས་ནས་མ་ན་ལི་ཁུལ་བོད་མིའི་གཞིས་ཆགས་ཤིག་གསར་འཛུགས་གནང་འཆར་ཡོད་པའི་གཞིས་ས་གཏན་འཁེལ་བྱུང་མཚམས་དེར་བསྟུན་ས་ཆ་འོས་ངེས་ཤིག་ཏུ་གཏན་སློབ་གསར་རྒྱག་བྱ་རྒྱུའི་འཆར་གཞི་བཏིངས།
༩༽    འཆར་གསལ་ལྟར་སྤོན་ཊ་བཟོ་གཞིས་སློབ་གྲྭར་སློབ་ཕྲུག༌༢༠༠ སྐོར་ཤོང་བའི་སྡོད་ཁང་གསར་རྒྱག་ཟིན་ཏེ་མ་སུ་རི་བོད་ཁྱིམ་གྱིས་དེའི་འཛིན་སྐྱོང་ལས་དོན་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་བྱུང་བ་བཞིན་འགན་འཛིན་དང་སློབ་དགེ་དགོས་ངེས་རྣམས་བསྐོ་བཞག་བྱས།
༡༠༽    འབུམ་ལྡེ་ལ་བསྟན་འཛིན་སྒང་གཞིས་སློབ་ཏུ་སློབ་ཕྲུག༌༢༠༠ ཤོང་བའི་ཉལ་ཁང་གསར་རྒྱག་ཆེད་གྲོན་དངུལ་སྒོར་༦༡༥༥༨༠ དགོས་པ་ནས་གཞིས་ཆགས་རང་ཁུངས་ནས་སྒོར་༡༨༥༥༨༠ ཐབས་ཤེས་བྱས་འཕྲོས་སྒོར་༤༣༠༠༠༠ ཤེས་རིག་ལས་ཁུངས་ཀྱིས་གནང་སྟེ་ཨར་ལས་འགོ་འཛུགས་ཟིན།
༡༡༽    བལ་ཡུལ་ནང་བོད་མིའི་སློབ་གྲྭ་ཚད་ལྡན་ཁ་ཤས་དགོས་གལ་མཐོང་སྟེ་སྔ་ལོ་བལ་ཡུལ་རྒྱལ་སའི་ནང་འཛིན་རིམ་ ༡༠ བར་ཡོད་པའི་སློབ་གྲྭ་གཅིག་དང༌། སྤོག་རར་འབྲིང་རིམ་སློབ་གྲྭ་ཞིག་བཅས་གསར་འཛུགས་བྱ་རྒྱུའི་འཆར་གཞི་བཀོད་པར་གོང་རིམ་བཀའ་ཤག་ནས་ཀྱང་བཀའ་འཁྲོལ་བྱུང་བ་ལྟར། འཆར་གཞི་ལག་བསྟར་དང་རྒྱུན་ལྡན་ལྟ་རྟོག་ཁུར་ལེན་བྱེད་པོ་གཏན་འཇགས་ཤིག་དགོས་གལ་ལ་སོང༌། གནས་བདུན་པའི་ཐོག་བལ་ཡུལ་ཤེས་རིག་ལས་འཛིན་ཞིག་འདི་ལོ་བསྐོ་བཞག་ཞུ་སྩལ་ལ་ཞིབ་ཆའི་བཀོད་མངགས་ཐོག ལོ་འདིར་ཤེས་རིག་དྲུང་ཆེ་ཆུང་གཉིས་བལ་ཡུལ་དུ་སྔ་རྗེས་ངོ་བསྐྱོད་ཀྱིས་སློབ་གྲྭ་གསར་རྒྱག་གི་དམིགས་རྟེན་ས་བསྐོར་འཚོལ་ཞིབ་བྱས་འབྲས། བལ་ཡུལ་མཆོད་རྟེན་གྱི་བྱང་ཤར་ཕྱོགས་སུ་གོ་ཀ་ན་ཟེར་བའི་ས་ཆ་གཞུང་ལམ་དང་ཐག་ཉེར་འཁེལ་བས་ཕན་ཚུན་འགྲོ་སྐྱོད་བདེ་ཞིང༌། ཆུ་གློག་གི་མཐུན་རྐྱེན་ལེགས་པ། མ་འོངས་པར་ཁ་པར་གྱི་གློག་སྐུད་འཐེན་བདེ་བ་སོགས་ས་བབས་ཆགས་ཚུལ་གང་ལེགས་རོ་པ་ནི་ ༡༨ དང་ཕྱེད་ལ་ས་རིན་གཅོག་སྒྲིག་ལན་མང་ཞུས་པའི་མཐའ་དོན་བལ་སྒོར་༤༩༠༠༠༠ ལ་སྤུས་ཉོ་བྱ་རྒྱུ་ཁ་དན་བྱས་རྗེས་ཁྲིམས་རྩོད་པ་ཆེད་གླས་ཀྱིས་ས་ཆ་མིང་བསྒྱུར་དང་དེབ་སྐྱེལ་ཞུ་རྒྱུ་སོགས་ཁྲིམས་མཐུན་ཞུ་སྒོ་ཁག་ལེགས་པར་ཟིན། ས་ཆ་འདིར་བོད་ཕྲུག༌༥༠༠ ཐམ་པ་གཏན་སློབ་དང་ ༢༠༠ ཐམ་པ་ཉིན་སློབ་བཅས་བསྡོམས་བོད་ཕྲུག༌༧༠༠ སྐོར་ཤོང་བའི་བོད་མིའི་སྒེར་འཛིན་སློབ་གྲྭ་ཚད་ལྡན་ཞིག་གསར་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད་དེ་རོགས་དངུལ་ཐབས་འཚོལ་ཞུས་དང་ཞུ་མུས་ལ་ད་ཕན་དབྱིན་ཡུལ་བོད་དོན་ཚོགས་པ་སོགས་ནས་རོགས་དངུལ་གང་ཙམ་བཏང་འབྱོར་བྱུང༌། གཞན་ཡང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་གི་གཞི་རིམ་འོག་མའི་སློབ་གྲྭ་རྣམས་བལ་ཡུལ་གཞུང་ལ་ཁྲིམས་མཐུན་སྒེར་འཛིན་སློབ་གྲྭའི་ངོ་བོར་དེབ་སྐྱེལ་བྱ་རྒྱུའི་དགོས་དངུལ་རོགས་རམ་དང་སྦྲགས་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་བྱ་དགོས་པ་དང༌། སློབ་གྲྭ་འདི་དག་ནས་སློབ་ཐོན་རྣམས་བལ་ཡུལ་རྒྱལ་སའི་ནང་གི་གཏན་སློབ་ཏུ་གནས་སྤོས་བྱ་རྒྱུ་བཅས་འགྲོ་གྲོན་དང་ལས་རྫོབ་ཆེ་བར་བརྟེན་བལ་ཡུལ་སྤོག་རར་འབྲིང་རིམ་སློབ་གྲྭ་གསར་རྒྱག་ཞུ་འཆར་དེ་ཕྱིར་འཐེན་བྱས།
༡༢༽    བར་ལམ་བལ་ཡུལ་ནང་ཤེས་ཡོན་གྱི་སྲིད་བྱུས་ལ་འགྱུར་ལྡོག་གིས་ཕྱི་ནང་སློབ་གྲྭ་ཡོངས་རྫོགས་རྒྱུག་པ་ལེབ་རྡུང་གིས་གཞུང་འཛིན་གནང་བར་བརྟེན་བོད་མིའི་འཇོ་ཁེལ་ཉིན་སློབ་ཀྱང་གཞུང་འཛིན་གྱིས་བལ་ཕྲུག ༡༠༠༠ ལྷག་སློབ་འཇུག་བྱས་སྟབས་དེར་ཡོད་བོད་ཕྲུག་གི་ཤེས་ཡོན་ལ་དོ་ཕོག་ཆེན་པོ་ཤུགས་ཆེ་ཐེབས་ཏེ་ལོ་རེ་བཞིན་ཤེས་ཚད་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད། ད་ཆ་བལ་ཡུལ་ནང་ཤེས་ཡོན་གྱི་སྲིད་བྱུས་གུ་ཡངས་སུ་སོང་བའི་གོ་སྐབས་དམ་འཛིན་གྱིས་བོད་མིའི་སློབ་གྲྭ་ཁེར་གཙང་ཞིག་ཟུར་འཛིན་ཡོང་བའི་རེ་སྐུལ་ས་གནས་མི་མང་དང་འགོ་འཛིན་བཅས་ནས་ཞུ་སྐུལ་བྱུང་དོན་ལྟར་སྔ་འཕྲོས་ཁང་ཁུངས་ཟུར་གླས་ཀྱིས་འཕྲལ་སེལ་སློབ་གྲྭ་ཞིག་ཟུར་འཛུགས་ཟིན་ཐོག་སྒེར་འཛིན་དེབ་སྐྱེལ་ཡང་བྱས་ཟིན། རིམ་པས་འཛིན་ཁང་སོགས་གསར་རྒྱག་གི་འཆར་གཞི་སོགས་རོགས་ཚོགས་ཁག་ལ་འབུལ་གཏོང་ཞུ་མུས།
 ༡༣༽    བལ་ཡུལ་ཤར་ཁུམ་བདེ་གླིང་ཉིན་སློབ་ཀྱང་སྒེར་འཛིན་དེབ་སྐྱེལ་བྱེད་ཕྱོགས་སྐོར་བལ་ཡུལ་གངས་སེང་ཚོགས་པར་མོལ་བསྡུར་དང་སྦྲགས་སྒེར་འཛིན་ཞུ་ཁྲལ་བལ་སྒོར་ ༣༠༠༠༠ ཐམ་པ་གངས་སེང་ཚོགས་པ་ནས་ལག་འདོན་དང༌། ཤེས་རིག་ལས་ཁུངས་ནས་སློབ་དགེ་གཉིས་ཀྱི་མི་འགྲོ་མཐུན་འགྱུར་བྱས།
༡༤༽    དེ་སྔོན་བལ་ཡུལ་རྣམ་རྒྱལ་སློབ་གྲྭར་སློབ་ཕྲུག ༥༠ ཤོང་བའི་སྡོད་ཁང་ལས་མེད་ཀྱང་འདི་ལོ་ནས་བཟུང་བུ་ཕྲུག ༡༥༠ ནས་ ༢༠༠ བར་ཤོང་བའི་སྡོད་ཁང་དང་འཛིན་ཁང་རྒྱ་སྐྱེད་བྱས་ཟིན།
༡༥༽    བལ་ཡུལ་སློབ་ཁག༌༡༣ གྱི་འཛིན་སྐྱོང་འགན་ཁུར་ཤེས་རིག་ལས་ཁུངས་དང༌། བལ་ཡུལ་སྐུ་ཚབ་དོན་གཅོད། གངས་སེང་ཚོགས་པ་བཅས་སྣེ་ཁུངས་འདྲ་མིན་ནས་གཟིགས་སྐྱོང་གནང་མུས་གཅིག་གྱུར་མེད་རྐྱེན་ཕྱི་རྒྱར་མཐོང་ཚུལ་བདེ་མིན་ཙམ་མ་ཟད། དོན་ཐོག་ཕན་དགེ་ཡང་མེད་སྟབས་འདི་ལོ་ཤེས་རིག་དྲུང་ཆེ་བལ་ཡུལ་ནང་ཆེད་ཕེབས་གཟིགས་བསྐོར་སྐབས་འབྲེལ་ཡོད་རྣམས་དང་གོ་བསྡུར་ཐེངས་མང་གནང་འབྲས་ད་ནས་བཟུང་ཤེས་རིག་ལས་ཁུངས་ནས་སྤྱི་ཁྱབ་གཟིགས་སྐྱོང་གནང་རྒྱུར་ཐུགས་གཏན་འཁེལ། གནང་ཕྱོགས་ཐད་རྒྱུན་ལྡན་ལས་ཁུངས་ཚུགས་ཡུལ་ཁང་ཁུངས་མཁོ་ཆས་རང་འགྲིགས་ཡོད་པ་ཞིག་བལ་ཡུལ་སྐུ་ཚབ་དོན་ཁང་གིས་ཟུར་སྩལ་གནང་རྒྱུར་དེའི་ནང་བལ་ཡུལ་ཤེས་རིག་ལས་འཛིན་གྱི་ལས་ཁུངས་ཚུགས་ཏེ་ཁུར་འགན་རྐང་ལེན་ཐོག་གངས་སེང་ཚོགས་པའི་དྲུང་ཆེས་ལས་རོགས་འགན་བཞེས་གནང་རྒྱུ་བཅས་སུ་ཐུགས་གཏན་འཁེལ། ལོ་འདིར་བལ་ཡུལ་སློབ་ཁག་སྤྱིའི་གཟིགས་སྐྱོང་ཆེད་ཤེས་རིག་ལས་ཁུངས་ནས་ཧིན་སྒོར་འབུམ་བདུན་ལྷག་བཏང་ཞིང༌། ས་གནས་བོད་མི་ཚོས་ཀྱང་བལ་སྒོར་ ༢༧༥༢༡༠།༠༧ ཞལ་འདེབས་སུ་ཕུལ་འབྱོར་བྱུང་བ་རྣམས་ཀྱང་བལ་ཡུལ་སློབ་ཁག་རང་གི་ཐོག་བཏང་ཡོད།
༡༦༽    ལོ་འདིར་སིམ་ལ་གཏན་སློབ་ལ་མེ་སྐྱོན་བྱུང་སྟེ་བུ་མོའི་ཉལ་ཁང་གླིང་གཅིག་འཚིག་སྐྱོན་བྱུང་འཕྲལ་རང་གཞུང་བཀའ་ཤག་དང་སྤྱི་འཐུས། ཤེས་རིག་བཅས་ཀྱི་སྐུ་ཚབ་ཆེད་གཉེར་ཐོག་ྋགོང་ས་མཆོག་ནས་ཧིན་སྒོར་ ༡༥༠༠༠ དང་བཀའ་ཤག་ནས་ཧིན་སྒོར་ ༣༠༠༠ གསོལ་སྩལ་གནང༌། ཤེས་རིག་ལས་ཁུངས་ནས་བོད་སློབ་འཛིན་ཚོགས་སུ་འབྲེལ་ལམ་གྱིས་ཉལ་ཁང་ཉམས་གསོ་ཞུ་ཕྱོགས་སྔ་རྗེས་སྙན་སེང་ཞུས་འབྲས་སུ་དགོས་དངུལ་ཧིན་སྒོར་འབུམ་གཉིས་བཀའ་འཁྲོལ་ཟུར་འཇོག་གནང༌། ཉལ་ཁང་གསར་སྐྲུན་མ་ཐུབ་རིང་འཕྲལ་སེལ་ཁང་པ་གླས་ཤིང༌། རོགས་ཚོགས་ཁག་ལ་འབོད་སྐུལ་ཞུས་འབྲེལ་གོས་ཕོགས་དང་ཉལ་ཆས། དངུལ་སོགས་གནང་འབྱོར་ཐོག བོད་རིགས་མང་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་མཚོན་སླད་ཞལ་འདེབས་ཁྱོན་སྒོར་ ༥༥༧༦༦།༨༩ གནང་སོན་བྱུང༌།
༡༧༽    འདི་ལོ་དབྱིན་ཡུལ་བྱིས་ཚོགས་སུ་འབོད་སྐུལ་ཞུས་པ་ལྟར་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་ཉིན་སློབ་ཏུ་འཛིན་ཁང་འཕར་མ་གཅིག་དང༌། བུ་བཅོལ་ཁང་གི་ཚོགས་ཁང་གསར་རྒྱག་ཞུ་རྒྱུ། དེ་འབྲེལ་སྔོན་འགྲོའི་སློབ་གྲྭའི་མཁོ་ཆས་ཉོ་དམིགས་དང་དགེ་རྒན་གཉིས་ཀྱི་ཕོགས་ཐོབ་བཅས་སྒོར་ ༧༣༠༠༠ དོན་སོན་བྱུང་བ་ས་གནས་སུ་གཞིས་འགོ་གསར་པ་འབྱོར་འཕྲལ་ལས་གཞི་འགོ་འཛུགས་ཞུ་རྒྱུ་བྱས།
༡༨༽    བོད་སློབ་འཛིན་ཚོགས་སུ་པ་ཆ་མ་རིའི་བཟོ་སློབ་ཀྱི་འཛིན་ཆས་དང་ཐབ་ཆས། མལ་ཁྲི། ཉལ་གདན་སོགས་མཁོ་བེད་ཆེ་བ་ཇི་ཡོད་ཤེས་རིག་ལ་གནང་རོགས་ཞུས་པ་ལྟར་དོན་སོན་བྱུང་སྟེ། ཧིན་སྒོར་འབུམ་གཉིས་ལྷག་གནས་པའི་མཁོ་ཆས་སྣ་ཚོགས་ལས་བྱེད་ཆེད་བརྫངས་ཀྱིས་རྩིས་བླངས་ཐོག་སྤོན་ཊ་དང༌། མོན་གྷོ། མན་སྤར་བཅས་ཀྱི་སློབ་གྲྭར་ཆ་བགོས་ཞུས།
༡༩༽    སློབ་ཕྲུག་ཚོར་ཕུགས་ལམ་འདེམས་ཕྱོགས་ལམ་སྟོན་བྱེད་མཁན་མདུན་ལམ་སློབ་སྟོན་པ་བསྐོ་བཞག་ཟིན་པ་ལྟར་འདི་ལོ་དངོས་སུ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་གནས་སྤོས་ཐོག་བོད་སློབ་འཛིན་ཚོགས་དང་འབྲེལ་ལམ་གྱིས་ལས་དོན་འགོ་འཛུགས་བྱས།
༢༠༽    ཕྱི་སོག་གཞུང་ཚབ་དང་འབྲེལ་མོལ་ཞུས་ཏེ་དོན་སོན་བྱུང་བ་ལྟར་འདི་ལོ་ཕྱི་སོག་ཏུ་ཤེས་ཚད་དང་ཀུན་སྤྱོད་ལེགས་པའི་བོད་ཕྲུག་བུ་མོ་གཉིས་སྨན་པའི་སློབ་སྦྱོང་དུ་བཏང་ཞིང༌། རྗེས་ལོ་ཡང་བསྐྱར་བུ་མོ་གཉིས་གཏོང་འཆར། དེ་བཞིན་ཉི་ཧོང་ན་རི་ཏ་དགོན་པས་དེ་སྔོན་བོད་ཕྲུག་བཞི་སློབ་སྦྱོང་དུ་བླངས་ཏེ་རྗེས་ལོར་ཕྱིར་ལོག་བྱེད་འཆར་ལྟར། ཡང་བསྐྱར་བོད་ཕྲུག་ལྔ་ཉི་ཧོང་དུ་སློབ་སྦྱོང་དུ་ལེན་རྒྱུར་ཞལ་བཞེས་བྱུང་བས་མི་འགྲོ་འདེམས་སྒྲུག་བྱས།
༢༡༽    རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་འབྲེལ་འདི་ལོ་ཡང་བསྐྱར་སྔོན་འགྲོ་དང་བུ་བཅོལ་ཁང་ཆབས་སྦྲགས་ཀྱི་སྡེ་ཚན་ ༡༥ འཕར་འཛུགས་ཆོག་པའི་རོགས་རམ་བཀའ་འཁྲོལ་གནང་དོན་ལྟར། བོད་མི་གནས་ཡུལ་ས་གནས་༢༨ ནང་ད་ཕན་འདི་འདྲའི་སྡེ་ཚན་ ༡༣༦ གསར་འཛུགས་བྱས་ཤིང༌། དེ་དག་ནང་བུ་ཕྲུག་ཁྱོན་བསྡོམས་ ༣༤༠༠ སྐོར་ཡོད། དེ་དག་གི་འཛིན་སྐྱོང་དགོས་དངུལ་ལོ་འདིར་ཁྱོན་བསྡོམས་ཧིན་སྒོར་ ༨༧༢༧༥༡ སོང༌།
༢༢༽    ཧ་པར་པུར་གཏན་སློབ་སྔ་ལོ་ནས་རྩིས་ལེན་བྱ་འཆར་ཡང༌། འདི་ལོ་དམག་སྒར་གྱི་འགོ་དཔོན་གྱིས་དེ་ལྟར་རྩིས་སྤྲོད་བྱ་རྒྱུར་རྒྱ་གར་གཞུང་གིས་དགག་བྱ་གནང་ལུགས་གསུངས་སྟབས་རྩིས་ལེན་ཞུ་རྒྱུ་ཕྱིར་འཐེན་བྱ་དགོས་བྱུང༌།
༢༣༽    ལོ་འདིར་དབྱིན་ཡུལ་བྱིས་ཚོགས་སུ་འབོད་སྐུལ་ཞུས་པ་ལྟར་འོ་རྩམ་དོ་པོ་ཁྱོན་ཆེ་གནང་བ་རྣམས་སློབ་གྲྭ་ཁག་གི་སློབ་ཕྲུག་གི་འཚོ་བཅུད་དུ་ཕན་ཆེད་བགོ་འགྲེམས་བྱས། འདིའི་རྗེས་འོ་རྩམ་རྒྱུན་མཐུད་དུ་ལོ་མང་གནང་ཡང་ལོ་རེའི་ལས་དོན་ནང་ཡིག་ཚོགས་ལ་འཇིགས་ཏེ་བཀོད་མེད་