༡༩༨༢

༡༽    ལོ་འདིར་ཤེས་རིག་ཁྱབ་ཁོངས་སུ་གཏན་ཉིན་སློབ་གྲྭ་ཁྱོན་བསྡོམས་ ༥༣ ཡོད་པའི་ནང་སློབ་ཕྲུག་བསྡོམས་ ༡༦༢༩༧ དང་དགེ་རྒན་ལས་བྱེད་ ༧༤༤ ཡོད།
༢༽    ལོ་འདིར་མ་སུ་རི་དང༌། རྡོར་གླིང༌། ཌལ་ཧོར། མའི་སོར་བྷེལ་ཀོབ་གཞིས་སློབ་བཅས་སློབ་ཁག་བཞིའི་ཁོངས་ནས་འཛིན་རིམ་ ༡༢ ཡིག་རྒྱུགས་གཏོང་མཁན་ ༨༩ ཡོད་པའི་ཁོངས་ནས་ཨང་སྡེ་དང་པོ་ ༡ ཨང་སྡེ་གཉིས་པ་ ༤༣ ཨང་སྡེ་གསུམ་པ་ ༢༣ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་ ༡༠ ཡིག་རྒྱུགས་མ་འཕྲོད་པ་ ༡༢ བཅས་བྱུང་ཡོད། གོང་གསལ་ཁོངས་ནས་ཨང་རིམ་མཐོ་གྲས་རྣམས་དང་གཟུགས་བབས་འཕྲོད་བསྟེན་གྱི་ཆ་ནས་དམག་ཁོངས་སུ་མ་ཚུད་པ་རྣམས་ཕུད་དེ་མིན་ཚང་མ་དང་སློབ་ཁོངས་སུ་བཏང༌།
༣༽    ལོ་འདིར་གཞི་རིམ་གོང་མའི་སློབ་ཐོན་སློབ་ཕྲུག་ཚོར་མུ་མཐུད་སློབ་སྦྱོང་གི་སློབ་ཡོན་གྲངས་ ༥༦ ཐབས་འཚོལ་ཐུབ་ཡོད་པ་རྣམས། དང་སློབ་ནས་ཐོན་པ་དང་འདི་ལོའི་ཨང་རིམ་མཐོ་གྲས་སོན་པ་རྣམས་ལ་མཐོ་སློབ་དང་དགེ་འོས། དྲུང་ཡིག སྣུམ་འཁོར་བཤིག་སྒྲིག ཚན་རིག ཚོང་འབྲེལ། དཔེ་མཛོད་དོ་དམ། ཟ་ཁང་འཛིན་སྐྱོང༌། སྨན་ཞབས། གནམ་གྲུ་བཟོ་ལས་སློབ་སྦྱོང་སོགས་ཀྱི་ཆེད་དུ་གནང་ཡོད་པ་རེད།
༤༽    དྷ་ས་དགའ་གདོང་གྲྭ་ཚང་གི་གྲྭ་གཞོན་ ༡༠ ལ་ལོ་གསུམ་རིང་བོད་ཀྱི་འཚེམ་དྲུབ་སློབ་སྦྱོང་ཆེད་རོགས་རམ་གནང་གཏན་འཁེལ་བ་ལྟར་འདི་ལོའི་དགོས་དངུལ་སྒོར་ ༣༦༠༠༠ ཀ་སྦུག་ལྷ་མོ་ཚོགས་པའི་འཚོ་རྟེན་དུ་ཐུག་པ་དང་ཕིང་གི་བཟོ་གྲྭ་འཛུགས་འཆར་ལ་ཕན་ཆེད་སྒོར་ ༡༨༠༠༠ གནང༌།
༥༽    ལོ་འདིར་རྒྱ་གར་ནང་གསར་བཙས་བོད་ཕྲུག་རྣམས་གཏན་སློབ་ནང་སློབ་འཇུག་གི་སློབ་གྲོན་ཆེད་ཕྱི་ནང་རོགས་ཚོགས་ཁག་བརྒྱུད་སློབ་ཕྲུག༌༢༢༥ ཡི་སློབ་གྲོན་ཐབས་འཚོལ་ཐུབ་པའི་ཐོག་སྔ་ལོའི་དངུལ་ལྷག་ནས་ཁ་ཤས་བསྣན་ཏེ་སློབ་ཕྲུག ༢༣༨ གཏན་སློབ་ཁག་གི་ནང་སློབ་འཇུག་བྱས། གཞན་ཡང་ལོ་འདིར་འབྲུག་བྱོལ་བོད་ཕྲུག་གིས་མཚོན་ཉམ་ཐག་བུ་ཕྲུག ༡༠༣ རྡོར་གླིང་སོ་ན་མདའ་དང་ཀ་སྦུག མི་རིགས། སྤོན་ཊ་སོགས་ཉིན་སློབ་ཡིན་པ་གང་ཞིག་སྡོད་ཁང་གི་མཐུན་རྐྱེན་ཡོད་པའི་ནང་སློབ་འཇུག་བྱས།
༦༽    སྔ་ལོ་ལོ་འཁོར་རྒྱུན་ལས་ཚོགས་འདུའི་གྲོས་ཆོད་དགོངས་དོན་སྲི་ཞུ་བའི་གླ་ཕོགས་དང་མཐུན་རྐྱེན་ཞན་པར་བརྟེན་རང་གི་བུ་ཕྲུག་གི་སློབ་ཡོན་འབུལ་ཐབས་བྲལ་བས་བུ་ཕྲུག་རྣམས་གཏན་ཉིན་སློབ་ཁག་དང༌། བོད་ཁྱིམ་ཁག་གཉིས་ཀྱི་ཁོངས་སློབ་འཇུག་ཞུ་དགོས་ཕེབས་པར་མ་ཟད། ཁུངས་སོ་སོར་སློབ་འཇུག་གི་བརྒྱ་ཆ་ཆ་བགོས་བྱེད་ཕྱོགས་ཐད། རང་གཞུང་བཀའ་ཤག་གི་བཀའ་འབྲེལ་ལྟར། འདི་ལོ་ནས་འགོ་འཛུགས་ཀྱིས་སྲི་ཞུ་བའི་བུ་ཕྲུག་ཇི་ཡོད་ཀྱི་བརྒྱ་ཆ་ ༤༠ རེ་བོད་ཁྱིམ་ཁག་གཉིས་དང༌། བརྒྱ་ཆ་ ༢༠ ཤེས་རིག་ཁྱབ་ཁོངས་གཏན་ཉིན་སློབ་ཁག་ཏུ་རྒྱན་བསྐྱུར་སློབ་འཇུག་བྱེད་འགོ་བཙུགས་ཏེ་ད་ལྟ་ཕྱི་ལོ་ ༢༠༠༩ ལའང་ལག་བསྟར་བྱེད་མུས་ཡིན། འོན་ཀྱང་འདི་མན་གྱི་ལོ་དུས་སོ་སོའི་ལས་དོན་ནང་ཡིག་ཚོགས་ལ་འཇིགས་ཏེ་འདིའི་སྐོར་བསྐྱར་ཟློས་བྱས་མེད།
༧༽    ནོར་ཝེ་རོགས་ཚོགས་ཤིག་ནས་བོད་ཕྲུག ༣༠༠༠ ལ་ལོ་རེར་ཨ་སྒོར་ ༡༠ གནང་རྒྱུའི་ཞལ་བཞེས་གནང་བ་ལྟར་ཕྱག་བསྟར་གྱིས་ཕན་ཐོགས་ཆེན་པོ་བྱུང་ཡང༌། སྔ་ལོ་རོགས་ཚོགས་ཀྱི་འགན་འཛིན་དང་འཛིན་སྐྱོང་མི་སྣས་ལྐོག་འ་རུལ་སུངས་བྱས་པའི་གླེང་རྙོག་ལྷགས་ཏེ་རོགས་དངུལ་གནང་མཚམས་བཞག་ཅིང༌། དེའི་ཐད་ནོར་ཝེ་གཞུང་གིས་ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་འདུག་པར་ཤེས་རིག་ལས་ཁུངས་ནས་འབྲེལ་གཏུགས་རྒྱུན་མཐུད་དུ་ཞུས་མཐར་ཌན་མག་ཁུལ་ནས་སྦྱིན་བདག ༡༨༤ སྐོར་ནས་སྔར་བཞིན་རོགས་རམ་འགོ་འཛུགས་བྱུང་བར་མ་ཟད། ནོར་ཝེ་རོགས་ཚོགས་གཞན་ཞིག་གིས་སྔོན་ཡོད་སྦྱིན་བདག་བསྐྱར་གསོ་གནང་ཐབས་ཀྱི་ལས་འགུལ་གནང་བཞིན་པ་ཡིན།སློབ་ཕྲུག་ཚོས་སློབ་གསེང་དུ་ལུས་སྦྱོང་བྱེད་བཞིན་པ།
༨༽    ལོ་འདིའི་ཡས་མས་ནས་བོད་མི་ཕལ་མོ་ཆེས་བོད་ཕྲུག་གི་ཤེས་ཡོན་ལ་དམིགས་བསལ་དོ་སྣང་ཆེར་སྐྱེད་ཀྱིས་རང་ཕྲུག་སློབ་འཇུག་བྱེད་བཞིན་ཡོད་ཀྱང༌། གཏན་སློབ་ཁག་གི་ཤོང་ཚད་ཆུང་བར་བརྟེན་གཏན་སློབ་གཅིག་གཉིས་ཤིག་གསར་འཛུགས་བྱ་རྒྱུའི་ལས་འཆར་ཁོངས། ཤེ་ལོང་གྲོང་ཁྱེར་ཉེ་འདབས་སུ་བོད་མི་སྤྱིའི་བདག་ཐོབ་ས་སྟོང་རྒྱ་ཁྱོན་གང་ཙམ་ཡོད་པ་རྣམས་སློབ་གྲྭའི་དམིགས་སྒོར་ཕུལ་འབྱོར་ཐོག འདབས་སྦྱར་ས་ཆ་ཨེ་ཀར་གཅིག་ཙམ་ཐོག་ཁང་ཁུངས་ཆེ་ལེགས་གསུམ་ཡོད་པ་རྣམས་ཉོས་ན་སློབ་ཕྲུག ༢༠༠ སྐོར་ཤོང་བའི་ཉལ་ཁང་དང་སློབ་གྲྭ་འཛུགས་ཆོག་ཡོད་པར་བརྟེན་ཧིན་སྒོར་ ༡༥༠༠༠༠ ཉོ་སྒྲུབ་གནང་གཏན་འཁེལ་ཏེ་འགྱུར་རྟེན་སྒོར་ ༥༠༠༠༠ ས་གནས་རང་བདེན་ཚོགས་ཆུང་ལ་གནང་ཟིན།
༩༽    སྤོན་ཊ་བཟོ་གཞིས་སློབ་གྲྭར་འཕྲལ་སེལ་ཉལ་ཁང་ཞིག་ཟུར་འཛུགས་བྱས་ཟིན་པ་རྒྱ་སྐྱེད་ཐུབ་ཚེ། ཉེ་ཁོར་གྱི་བཟོ་གཞིས་སློབ་གྲྭ་ཆུང་ཁག་ནས་འཛིན་རིམ་ལྔ་པ་ཐོན་རྗེས་མུ་མཐུད་སློབ་སྦྱོང་མཇུག་སྐྱོང་བྱ་ཡུལ་ཡག་པོ་ཞིག་ཆགས་ངེས་ལ་བརྟེན། འཆར་གཞི་བཟོས་ཏེ་འཇར་མན་ལྕམ་ཀ་རབ་ཊི་ཞེས་པར་རེ་སྐུལ་ཞུས་པ་ལྟར་རོགས་རམ་གནང་རྒྱུར་ཞལ་བཞེས་བྱུང༌། དེར་བརྟེན་སྦྱིན་བདག་ངོ་འཁྲིད་ཀྱིས་ས་གནས་གཞིས་འགོ་དང་མ་སུ་རི་བོད་ཁྱིམ་ལ་གོ་བསྡུར་ཞུས་མཐར་ས་གནས་སུ་དེ་སྔ་ཀོ་ཤེལ་བཟོ་གྲྭ་ཚུགས་ཡུལ་ཁང་ཁུངས་ཆེ་ལེགས་གསུམ་ཡོད་པ་སློབ་གྲྭའི་ཆེད་འབུལ་རྒྱུ་དང༌། དེ་ལ་བཟོ་བཅོས་ཀྱིས་སློབ་ཕྲུག ༢༠༠ ཤོང་བའི་ཉལ་ཁང་དང་ཟ་ཁང༌། ཐབ་ཚང༌། གཉེར་ཚང་བཅས་བཟོ་རྒྱུའི་ཐོག ཉེ་འགྲམ་དུ་ཁྲུས་ཁང་དང༌། གསང་སྤྱོད། འཛིན་ཁང་བཞི་བཅས་གསར་རྒྱག་བྱེད་རྒྱུ། ད་ཡོད་ཁང་ཁུངས་གསུམ་སློབ་གྲྭའི་ཆེད་ཕུལ་བར་བརྟེན་གཞིས་ཆགས་སུ་དོད་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་རྒྱུར་འགྲོ་གྲོན་ཧིན་སྒོར་ ༡༥༠༠༠༠ གནས་རྒྱུ། སྡོད་ཁང་གི་འཛིན་སྐྱོང་ཆ་ཚང་ཤེས་རིག་ལས་ཁུངས་ཀྱི་བྱེད་རྒྱུ་བཅས་སུ་གཏན་འཁེལ།
༡༠༽    བོད་སློབ་འཛིན་ཚོགས་ཀྱིས་རོགས་དངུལ་དང་ས་གནས་མི་མང་གིས་མཐུན་འགྱུར་གནང་བ་ལྟར་མོན་གྷོ་གཞིས་ཆགས་ཀྱི་སློབ་གྲྭ་དབུས་མའི་ཉེ་འགྲམ་དུ་མོན་གྷོ་ཡན་ལག་སློབ་གྲྭ་ཐོན་པའི་སློབ་ཕྲུག ༢༠༠ སྐོར་ཤོང་བའི་ཉལ་ཁང་གསར་རྒྱག་ཟིན་ལ་ཉེ་ཞིང༌། རིམ་པས་མོན་གྷོའི་སློབ་གྲྭ་དབུས་མ་དེ་གཏན་སློབ་ཅིག་ཏུ་སྒྱུར་ཐབས་བྱ་རྒྱུའི་འཆར་གཞི་བཀོད།
༡༡༽    བལ་ཡུལ་ཁུལ་བོད་རིགས་འདུས་སྡོད་གཞིས་གྲོང་ཁག་ནང་སློབ་གྲྭ་རེ་ཟུང་ཟུར་འཛུགས་བྱས་ཡོད་པར་བར་ལམ་བལ་ཡུལ་ནང་ཤེས་ཡོན་ལམ་ལུགས་བརྗེ་བསྒྱུར་གནང་བའི་རྗེས་འབྲེལ་སློབ་གྲྭ་ཡོངས་རྫོགས་ལ་གཞུང་གིས་འཆར་གཞི་གཏན་འབེབས་གནང་བ་གཞི་བཟུང་སློབ་ཁྲིད་གཅིག་གྱུར་དགོས་པ་ལས། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་སྟབས། བལ་ཡུལ་ནང་གི་བོད་མི་ཚོས་ཕྲུ་གུ་རྒྱ་གར་ནང་གི་གཏན་སློབ་ཁག་ཏུ་གཏོང་མོས་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་གཅིག་ནས་རྒྱ་གར་ནང་གི་གཏན་སློབ་ཁག་གི་ཤོང་ཚད་ཆེན་པོ་མིན་པ་དང༌། གཉིས་ནས་བལ་ཡུལ་ཁུལ་གྱི་བོད་ཕྲུག་རྒྱ་གར་ནང་སློབ་འཇུག་བྱ་རྒྱུར་རྒྱ་གར་གཞུང་གིས་དགག་བྱ་བྱེད་ཉེན་ཡོད་པ། གསུམ་ནས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ཤེས་ཡོན་ལམ་ལུགས་མི་འདྲ་བར་བརྟེན་རྒྱ་གར་ནས་སློབ་སྦྱོང་བྱས་རྗེས་བལ་ཡུལ་ནང་ལས་སྒོར་འཛུལ་ཞུགས་བྱ་རྒྱུར་དཀའ་ངལ་འཕྲད་སྲིད་པ་བཅས་ལ་བརྟེན། ཤེས་རིག་དྲུང་ཆེ་བལ་ཡུལ་དུ་ངོ་ཕེབས་དང་སྦྲགས་བལ་ཡུལ་སྐུ་ཚབ་དོན་གཅོད་དང༌། བལ་ཡུལ་གངས་ཅན་བདེ་རྩ་སོགས་དང་གྲོས་བསྡུར་གྱིས་བལ་ཡུལ་ནང་བོད་མིའི་སློབ་གྲྭ་ཁེར་གཙང་ཁ་ཤས་འཛུགས་མ་ཐུབ་ཚེ་དཀའ་ངལ་འདི་རིགས་རྒྱུན་གནས་ཡོང་ངེས་ལ་བརྟེན། བལ་ཡུལ་ནང་སྒེར་གྱི་སློབ་གྲྭ་འཛུགས་ཆོག་པའི་ཁྲིམས་ལུགས་གུ་ཡངས་ཡོད་པའི་སྐབས་འདིར་གོ་སྐབས་བཟུང་སྟེ་སློབ་གྲྭ་ཁ་ཤས་གསར་འཛུགས་བྱ་རྒྱུ་དང༌། དེ་ཡང་ད་ལྟའི་འཕགས་པ་ཤིང་ཀུན་སློབ་གྲྭར་འཛིན་ཁང་མེད་པའི་དཀའ་ངལ་ལ་བརྟེན་རྣམ་རྒྱལ་སློབ་གྲྭའི་ས་ཁོངས་འཛིན་ཁང་བརྒྱད་གསར་རྒྱག་བྱ་རྒྱུར་གཏན་འཁེལ་འགྲོ་གྲོན་ས་གནས་ནས་ཐབས་འཚོལ་ཐོག་ཤེས་རིག་ནས་རོགས་མགོན་གནང་རྒྱུ་ཐོག ཕུགས་སུ་བལ་ཡུལ་རྒྱལ་སའི་ནང་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭ་ཞིག་དང༌། སྤོག་རར་འཛིན་རིམ་བརྒྱད་པ་བར་ཡོད་པའི་སློབ་གྲྭ་ཞིག་འཛུགས་རྒྱུའི་འཆར་གཞི་བཀོད།
༡༢༽    རང་རེའི་སློབ་གྲྭར་དགོས་མཁོའི་བོད་ཡིག་སློབ་དེབ་གསར་རྩོམ་དང་བསྐྱར་ཞིབ་བཅས་གནང་ཟིན་ཐོག ཉེ་ཆར་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ལམ་ལུགས་ལ་བསྒྱུར་བཅོས་ཀྱིས་འཛིན་གྲྭ་ ༩ དང་ ༡༠ གཉིས་འབྲིང་རིམ་དང༌། འཛིན་གྲྭ་ ༡༡ དང་ ༡༢ འབྲིང་རིམ་གོང་མར་གཏན་འཁེལ་ལྟར་དེ་ལ་འཚམས་པའི་སློབ་ཚན་མཐོ་དམའ་དགོས་གལ་ཆེ་གཟིགས་ཀྱིས་རྒྱ་གར་གཞུང་དང་འབྲེལ་མོལ་གནང་སྟེ་སློབ་ཚན་འཆར་གཞི་ཕྱོགས་བསྒྲིགས་གཏན་འབེབས་ཟིན་དོན། སློབ་ཕྲུག་ཚོའི་རྒྱུད་ཐོག་ཏུ་གནད་སྨིན་ཡོང་ཐབས་སུ་གཏན་སློབ་ཁག་གི་སློབ་སྤྱི་རྣམ་པ་དང༌། མཐོ་རིམ་འཛིན་གྲྭའི་བོད་དགེ་ཁག གཞན་ཡང་དམིགས་བསལ་གདན་ཞུས་མཁས་པ་ཁག འབྲེལ་ཡོད་ཤེས་རིག་དྲུང་ཆེ་ཆུང་བཅས་ཟླ་ ༡༠ ཚེས་ ༧ ནས་ ༡༣ བར་བདུན་གཅིག་རིང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་དུ་ལྷན་ཚོགས་གནང་སྟེ་གྲོས་གཞི་དོན་ཚན་གསུམ་ཐོག་གྲོས་བསྡུར་ཞིབ་ལྷོད་བྱས།
༡༣༽    འདི་ལོ་ཤེས་རིག་ལས་ཁུངས་ནས་བོད་སློབ་འཛིན་ཚོགས་ལ་རེ་སྐུལ་ཞུས་ཏེ་རོགས་རམ་དོན་སོན་བྱུང་བ་ལྟར་ཟླ་བ་ ༥ ཚེས་ ༥ ནས་ ༢༥ བར་ཤེས་རིག་ཟློས་གར་ཚོགས་པར་སློབ་གྲྭ་ཆེ་ཁག་གི་ཟློས་གར་དགེ་རྒན་རྣམས་བསྐོངས་ནས་ཟབ་སྦྱོང་འཚོགས་ཤིང༌། ཟབ་སྦྱོང་རིང་ཟློས་གར་རིག་གནས་ལ་མཁས་པའི་རང་རིགས་མཁས་པ་གདན་ཞུས་ཀྱིས་གསུང་བཤད་ལམ་སྟོན་དང༌། ཟློས་གར་གྱིས་གསར་བསྒྲིགས་གཞས་སྣ་སློབ་སྤེལ། ཟློས་གར་དགེ་རྒན་ཕན་ཚུན་ཉམས་མྱོང་སྤེལ་རེས་སོགས་དོན་ཕན་ལྡན་པ་བྱུང༌། འདི་ནི་ཟློས་གར་དགེ་རྒན་གྱི་ཟབ་སྦྱོང་ཐོག་མ་དེ་ཡིན།
༡༤༽    ༡༩༨༡ ཟླ་ ༡༡ ནང་ལྡི་ལི་བཟོ་གཞིས་ཚོགས་པ་འཁུ་བསྡུ་གནང་སྟེ་དེའི་ཁོངས་སུ་ཡོད་པའི་ཉིན་སློབ་ཁག་བདུན་གྱི་འཛིན་སྐྱོང་ལས་དོན་ཡོངས་རྫོགས་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་བྱས།
༡༥༽    དེ་སྔོན་ས་ཁུལ་ ༡༢ ནང་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཆབས་སྦྲགས་ ༨༦ གསར་འཛུགས་ཀྱི་ལས་དོན་གྲུབ་འབྲས་གཟེངས་ཐོན་རྩིས་གཙང་བྱུང་བར་རྒྱ་གར་གཞུང་གིས་དགྱེས་མཉེས་ཆེན་པོས་ཡང་བསྐྱར་དེ་རིགས་ ༣༥ བཙུགས་ཆོག་པའི་བཀའ་འཁྲོལ་སྩལ་བ་ལྟར་མའི་སོར་བསམ་གླིང་དང་བདེ་སྐྱིད་སླར་གསོའི་ནང་སྡེ་ཚན་ ༢༥ ཟུར་འཛུགས་བྱས།
༡༦༽    ལོ་སྔོན་མར་ཤེས་རིག་ལས་ཁུངས་ཀྱིས་ཐབས་འཚོལ་བྱས་ཏེ་རང་རིགས་དབང་པོ་སྐྱོན་ཅན་ ༥༢༠ རྒྱ་གར་གཞུང་གི་མངའ་སྡེའི་སྨན་ཁང་སོ་སོས་སྨན་བཅོས་གནང་རྒྱུའི་རོགས་རམ་དོན་སོན་བྱུང་བ་ལྟར། མངའ་སྡེ་སོ་སོའི་ནང་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཆེད་འཛུགས་ཀྱིས་འབྲེལ་ཡོད་སྨན་ཁང་སོ་སོར་སྐྱེལ་འདྲེན་གྱིས་སྨན་བཅོས་བྱེད་འགོ་བཙུགས། ད་ཆ་བོད་གཞུང་འཕྲོད་བསྟེན་ལྷན་ཁང་གསར་འཛུགས་བྱས་ཟིན་པ་ལྟར་ལས་དོན་འདི་དང་འབྲེལ་ཆགས་ཡིན་པའི་ཆ་ནས་རྩིས་སྤྲོད་བྱ་རྒྱུའི་འཆར་གཞི་བཀོད།
༡༧༽    སློབ་ཕྲུག་གི་ཤེས་ཚད་དང་དགའ་མོས་སོགས་དང་འཚམས་པར་ཕུགས་ལམ་འདེམས་ཕྱོགས་སྐོར་སློབ་སྟོན་བྱེད་མཁན་ཁྱད་མཁས་མི་སྣ་ཞིག་དགོས་གལ་ལྟར་མི་འགྲོ་ཐབས་འཚོལ་ཐུབ་སྟེ་ཕྱི་ཟླ་ ༧ ནང་བསྐོ་བཞག་བྱུང་བ་ལྟར། སྡེ་ཚན་ཟུར་འཛུགས་ཀྱིས་ཟླ་ཤས་རིང་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས་དང་སློབ་གྲྭའི་གནས་སྟངས་ཉམས་ཞིབ་བྱས་ཤིང༌། མདུན་ལམ་སྡེ་ཚན་གྱི་སློབ་སྟོན་ལས་དོན་ཚང་མ་བོད་སློབ་འཛིན་ཚོགས་དང་འབྲེལ་བ་ཆེན་པོ་ཆགས་རྒྱུར་བརྟེན་མི་རིང་བར་ལྡི་ལི་སྐུ་ཚབ་དོན་གཅོད་ནང་བསྐོ་འཕོ་བྱ་རྒྱུར་གཏན་འཁེལ།
༡༨༽    ལོ་འདི་ནས་བཟུང་རྒྱ་གར་ནང་གི་བོད་སློབ་རྣམས་ལྷོ་བྱང་གི་སྡེ་ཚན་གཉིས་སུ་དབྱེ་ནས་ཤེས་ཡོན་དང་རྩེད་སྣ། འཁྲབ་སྟོན་བཅས་ཀྱི་འགྲན་བསྡུར་བྱེད་འགོ་བཙུགས། དུས་ཕྱིས་སྡེ་ཚན་གཉིས་ཀྱི་རྩེ་ཕུད་རྣམས་འགྲན་བསྡུར་དབུས་མ་ཞེས་སློབ་གྲྭ་གང་འོས་ཤིག་ཏུ་བསྡུ་སྐོང་གིས་མཐའ་མའི་འགྲན་བསྡུར་གནང་སྲོལ་ཆགས་ཡོད།