༡༩༨༡

༡༽    ལོ་འདིར་གཏན་ཉིན་སློབ་གྲྭ་ཁག ༥༡ ༣༧ནང་སློབ་ཕྲུག་ཁྱོན་བསྡོམས་ ༡༤༣༨༧ དང་དགེ་རྒན་ལས་བྱེད་ཁྱོན་བསྡོམས་ ༨༨༧ ཡོད། ལོ་འདིའི་ནང་མ་སུ་རི་དང༌། རྡོར་གླིང༌། ཌལ་ཧོར་བཅས་གཏན་སློབ་ཁག་གསུམ་ཁོངས་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག ༨༤ ཡོད་པའི་ཁོངས་ནས་ཡིག་རྒྱུགས་ཨང་སྡེ་དང་པོ་དང་གཉིས་པ་ ༤༧ ཨང་སྡེ་གསུམ་པ་ ༡༢ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་ ༡༥ རྒྱུགས་མ་འཕྲོད་པ་ ༥ བཅས་བྱུང༌།
༢༽    ལོ་འདིར་དང་སློབ་ནས་སློབ་ཐོན་སློབ་ཕྲུག ༥༦ དང༌། འདི་ལོ་གསར་དུ་སློབ་ཐོན་ ༥༦ བཅས་ཁྱོན་བསྡོམས་བོད་ཕྲུག་ ༡༡༢ མཐོ་སློབ་དང་སྨན་ཞབས། ནད་རིགས་བརྟག་དཔྱད། མདུན་ལམ་སློབ་སྟོན་པ། དྲུང་ཡིག དགེ་འོས། སྨན་པ། རྩིས་ཞིབ། ཚོང་འབྲེལ། སྣུམ་འཁོར་ཁ་ལོ་པ། བོད་ལུགས་ཐང་བྲིས། མགྲོན་ཁང་འཛིན་སྐྱོང༌། ཚོང་ལས་འཛིན་སྐྱོང་སོགས་ཀྱི་ཆེད་སློབ་ཡོན་སྦྱར་ཏེ་བཏང༌།
༣༽    སྔོན་འགྲོ་དང་བུ་བཅོལ་ཁང་མཉམ་སྦྲགས་ཀྱི་སྡེ་ཚན་ ༨༦ བཙུགས་ཟིན་པའི་ཐོག་ཡང་བསྐྱར་སྡེ་ཚན་ ༣༥ འཕར་འཛུགས་ཆོག་པའི་རོགས་རམ་དོན་སོན་བྱུང་བ་ལྟར། མའི་སོར་བསམ་གླིང་དང་བདེ་སྐྱིད་སླར་གསོའི་ནང་གསར་འཛུགས་གནང་གཏན་འཁེལ།
༤༽    བོད་གཞུང་ཤེས་རིག་ཟློས་གར་ཚོགས་པའི་ཚོགས་མི་ཚོར་ཟས་བཅུད་ཚད་ལྡན་མཁོ་སྤྲོད་སླད་གསོལ་དོད་སྔར་ཡོད་ཐོག་ཟླ་རེར་སྒོར་ ༡༥༠༠ རེ་སྤར་ཆ་བྱས།
༥༽    ༡༩༨༡ ལོ་འདི་དམིགས་བསལ་དབང་པོ་སྐྱོན་ཅན་ལ་ལྟ་སྐྱོང་བྱེད་པའི་ལོར་གཏན་འཁེལ་གྱིས་ཡུལ་ལུང་གང་སར་སྲུང་བརྩི་གནང་བ་ལྟར། རྒྱ་གར་ནང་བོད་མི་དབང་པོ་སྐྱོན་ཅན་ཇི་ཡོད་ཀྱི་ཐོ་གཞུང་བསྡུ་སྐབས། ལོང་བ་དང་འོན་ལྐུགས། ཡན་ལག་ཞ་བོ་སོགས་ཁྱོན་བསྡོམས་༥༢༠ འདུག་པ་རྣམས་ཀྱི་གནས་སྟངས་རྒྱ་གར་དབུས་སྤྱི་ཚོགས་བདེ་དོན་ལས་ཁུངས་སུ་ཞུས་འབྲེལ་སོ་སོའི་ནད་ཁམས་དང་འཚམས་པའི་སྨན་བཅོས་དང་ལམ་གྲོན་ཡོངས་རྫོགས་གནས་ཡུལ་མངའ་སྡེ་སོ་སོའི་སྨན་ཁང་བརྒྱུད་གནང་རྒྱུར་ཧིན་སྒོར་༦༩༡༣༠༠ དོན་སོན་བྱུང་བ་ལྟར་ཤེས་རིག་ལས་ཁུངས་ཀྱིས་སྨན་ཁང་སོ་སོར་འབྲེལ་བ་ཞུས་ཏེ་སྨན་བཅོས་བྱེད་འགོ་བཙུགས།
༦༽    ཤེས་རིག་ཟློས་གར་ཚོགས་པའི་ཁོངས་སུ་ཤིང་བཟོའི་སློབ་གྲྭ་ཞིག་གསར་འཛུགས་ཞུས་ཏེ་མི་ ༥ བོད་ལུགས་ཤིང་བཟོ་དང༌། མི་ ༥ ལ་སྒྲ་སྙན་སོགས་རོལ་ཆ་བཟོ་སྟངས་སློབ་རྒྱུའི་འཆར་གཞི་བཀོད།
༧༽    ད་ཕན་སློབ་འཇུག་ཞུ་དགོས་སློབ་ཕྲུག་མང་ཡང་གཏན་སློབ་ཉུང་བའི་དབང་གིས་སློབ་ཕྲུག་མང་པོར་ཚད་ལྡན་སློབ་སྦྱོང་ཐོབ་ཀྱི་མེད་པ་དངོས་ཡོད་གནས་སྟངས་ལ་བརྟེན་གཏན་སློབ་གཅིག་གཉིས་ཤིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་བཏིངས།
༨༽    ཤེ་ལོང་ས་གནས་སུ་སློབ་གྲྭ་མེད་སྟབས་བོད་ཕྲུག་མང་པོ་རྒྱ་གར་སློབ་གྲྭར་འགྲོ་བ་ལས་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་སྦྱོང་གི་གོ་སྐབས་མེད་པར་དགོངས་བཞེས་ཀྱིས་ལོ་འདིའི་ཕྱི་ཟླ་ ༦ ནང་ཉིན་སློབ་ཅིག་འགོ་འཛུགས་ཀྱིས་དགེ་རྒན་གཉིས་དང༌། སྔོན་འགྲོའི་དགེ་རྒན། མ་མ་བཅས་བསྐོ་བཞག་བྱས། འགྲོ་སོང་ཧིན་སྒོར་ ༡༦༡༢༥།༥༠ སོང༌།ཤེ་ལོང་སློབ་གྲྭའི་སྔོན་འགྲོའི་འཛིན་གྲྭ་ཞིག་གི་དགེ་སློབ། ཕྱི་ལོ་ ༡༩༨༢ ལོར་བསྒྲོན་པ།
༩༽    ལ་ཁན་ཝ་ལ་གཞིས་གྲོང་དུ་ཉིན་སློབ་གཅིག་ཡོད་པ་དེའི་དགེ་རྒན་གྱི་གླ་ཆ་སོགས་རྒྱ་གར་གཞུང་གིས་གནང་གི་ཡོད་ཀྱང་སློབ་ཁང་མེད་པར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་ལོ་འདིའི་ནང་འཛིན་ཁང་དང༌། ཐབ་ཚང༌། ཟ་ཁང་བཅས་ཡོད་པའི་སློབ་ཁང་ཐོག་གཅིག་མ་ཞིག་གསར་རྒྱག་བྱས་པར་འགྲོ་གྲོན་སྒོར་ ༦༠༠༠༠ སོང༌།
༡༠༽    སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་མི་ཉམས་ཡར་རྒྱས་སུ་གཏོང་ཕྱོགས་སྐོར་ལ་ཚོགས་ཆུང་ཆེད་འཛུགས་ཀྱིས་སློབ་གྲྭ་ཁ་ཤས་སུ་ངོ་ཕེབས་ཞིབ་འཇུག་གནང་སྟེ་སྙན་ཐོ་ཞིབ་ཕྲ་རྒྱ་གར་གཞུང་ལ་ཕུལ། བརྙན་ཐོའི་ཆ་ཤས་ཤིག་ཏུ་གློག་བརྙན་གྱི་ལམ་ནས་སློབ་སྦྱོང་སྤྲོད་ཐབས་གསལ་བ་དེ་བོད་སློབ་འཛིན་ཚོགས་ནས་སྐབས་འཕྲལ་སྒྲུབ་ཐབས་བྲལ་བར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་རོགས་དངུལ་ཐབས་འཚོལ་དང་སྦྲགས་གློག་བརྙན་ཡོ་ཆས་ཆ་ཚང་ཁྱོན་ ༡༡ ཉོ་སྒྲུབ་ཀྱིས་གཏན་སློབ་ཁག་བཞི་དང་གཞིས་ཆགས་ཉིན་སློབ་ཆེ་ཁག་ལ་འགྲེམས་སྤེལ་བྱས་པ་དེས་ཕན་ཐོགས་ཆེན་པོ་བྱུང༌། རིན་འབབ་ཁྱོན་སྒོར་ ༨༢༢༧༢།༥༠ སོང༌།
༡༡༽    མ་ན་ལི་ཉིན་སློབ་ཚུགས་ཡུལ་ཤིང་ཁང་གསར་རྒྱག་ལེགས་པར་གྲུབ། སྒོར་ ༤༠༠༠ སོང༌།
༡༢༽    འབྲས་ལྗོངས་བྱང་རྒྱུད་ལ་ཆུང་ཁུལ་གྱི་བོད་མི་ལམ་ལས་པའི་བུ་ཕྲུག་ཚོ་ཕ་མ་དང་མཉམ་དུ་ལས་ཀ་བྱ་ཡུལ་དུ་འཁྲིད་དགོས་དཀའ་ཚེགས་ཆེ་བར་བརྟེན། བུ་ཕྲུག ༣༥ ལ་རྒྱ་གར་གཞུང་གིས་དགེ་རྒན་གཅིག་དང་མ་མ་གཅིག་གླ་ཕོགས། ཕྲུ་གུར་ཉིན་གུང་ལྟོ་དོད་བཅས་གནང་གི་ཡོད་ཀྱང༌། བུ་ཕྲུག་སྡོད་གནས་རས་གུར་ནང་ཡིན་སྟབས་སློབ་ཁང་གསར་རྒྱག་ཆེད་ཤེས་རིག་གིས་ཧིན་སྒོར་ ༥༠༠༠ གནང༌། ཕྱོགས་མཚུངས་འབྲས་ལྗོངས་བྱང་རྒྱུད་སྤ་ཀོང་བུ་གསོ་ཁང་གི་གནས་སྟངས་ཀྱང་གཅིག་མཚུངས་ཡིན་པར་བརྟེན་ཧིན་སྒོར་ ༥༠༠༠ གནང༌།
༡༣༽    འཛིན་རིམ་ ༩ དང་ ༡༢ གཉིས་ཀྱི་བོད་ཡིག་དྲི་ཤོག་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་བཟོ་སྒྲིག་གནང་གི་ཡོད་པ་དེ་ཚད་འཕེར་མེད་པའི་དགོངས་ཚུལ་སྔ་རྗེས་བྱུང་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་མོལ་བསྟུད་མར་ཞུས་འབྲས་དྲི་ཤོག་བཟོ་མཁན་གྱི་འོས་མི་ཤེས་རིག་ལས་ཁུངས་ཀྱིས་གཏོང་རྒྱུ་དང༌། སློབ་ཚན་ཁག་བསྐྱར་སྒྲིག་བྱས་འཐུས་དོན་སོན་བྱུང༌། དེར་བརྟེན་ཤེས་རིག་ལས་ཁུངས་ཀྱིས་འོས་མིའི་མིང་གཞུང་འབུལ་རྒྱུ་དང་སློབ་ཚན་བསྐྱར་སྒྲིག་ཞུས་པ་དེར་གཏན་འབེབས་བྱུང་དོན་ལྟར་གཏན་འབེབས་གཞི་བཟུང་སློབ་ཁྲིད་རྒྱུད་ཐོག་ཏུ་སྨིན་པ་བྱེད་ཕྱོགས་སྐོར་ལ་གཏན་སློབ་ཁག་བཞིའི་སློབ་སྤྱི་ཁག་ཚོགས་སྐོང་གིས་འགྲེལ་བརྗོད་ཞིབ་ལྷོང་བྱས།
༡༤༽    ལོ་འདིར་བཙན་བྱོལ་ནང་གསར་བཙས་བོད་ཕྲུག་མཐའ་སྐྱོ་རྣམས་སློབ་འཇུག་ཡོང་ཐབས་སུ་མུ་མཐུད་རོགས་རམ་འབོད་སྐུལ་ཞུས་དོན་ལྟར་ཕྱི་ནང་སྤྱི་སྒེར་རོགས་ཚོགས་སྤྱི་དང་ལྷག་པར་ཉི་ཧོང་དོན་གཅོད་པདྨ་རྒྱལ་པོས་དམིགས་བསལ་ཐུགས་སྣང་གནང་བར་བརྟེན་ནས་ཉི་ཧོང་ཁོ་ན་ནས་བོད་ཕྲུག ༡༠༩ ལ་རོགས་རམ་གནང་བ་ཚུད་པའི་ཁྱོན་བོད་ཕྲུག ༢༡༩ སློབ་གྲོན་རོགས་རམ་འཚོལ་ཐུབ་པ་བྱུང༌། ལོ་འདིར་བོད་ཕྲུག་མཐའ་སྐྱོའི་གྲས་ཁྱོན་བསྡོམས་ ༢༧༧ གཏན་སློབ་ཁག་གི་ནང་སློབ་འཇུག་བྱས།
༡༥༽    ལོ་སྔོན་མའི་གནས་ཚུལ་ནང་གསལ་བ་ལྟར། ནོར་ཝེ་རོགས་ཚོགས་ཤིག་གིས་བོད་ཕྲུག ༣༠༠༠ ལ་ཟླ་རེར་ཨ་སྒོར་ ༡༠ རེ་བརྩིས་ཏེ་རོགས་རམ་གནང་གཏན་འཁེལ་བ་ལྟར། ལོ་འདིའི་ཕྱི་ཟླ་ ༦ བར་ཟླ་རེར་ཨ་སྒོར་ ༣༠༠༠༠ རེ་ཆག་མེད་གནང་སོན་བྱུང་ཡང༌། དེ་ནས་ཚོགས་པའི་འགོ་འཛིན་གྱིས་རོགས་དངུལ་བསྡུ་སློང་བྱས་པ་ལྐོག་ཟ་བྱས་ཚུལ་གྱི་གླེང་རྙོག་ལྷགས་པའི་ཉེར་ལེན་གྱིས་ཚོགས་པའི་འགོ་འཛིན་དང་ལས་བྱེད་འགའ་ཤས་འཛིན་བཟུང་བྱས་པར་བརྟེན་རོགས་རམ་ཆད། ཤེས་རིག་ལས་ཁུངས་ཀྱིས་འབྲེལ་ཡོད་ཡོ་རོབ་སྐུ་ཚབ་དོན་གཅོད་བརྒྱུད་ནོར་ཝེ་གཞུང་ལ་རོགས་ཚོགས་དེས་ད་ཕན་བོད་ཕྲུག ༣༠༠༠ ལ་རོགས་ཕན་ཇི་བྱས་གནས་ཚུལ་ཕུལ་ཏེ་མུ་མཐུད་རོགས་རམ་ཡོང་བའི་རེ་སྐུལ་ཞུས།
༡༦༽    སིམ་ལ་སློབ་གྲྭའི་རྩེད་ཐང་དུ་དབྱར་དུས་འདམ་སྙིགས་དང་དགུན་དུས་ཐལ་རྡུལ་ལངས་ཏེ་སློབ་ཕྲུག་གི་འཕྲོད་བསྟེན་དང་སློབ་གྲྭའི་མཛེས་ཆར་སྐྱོན་གནད་ཆེ་བར་བརྟེན་ཧིན་སྒོར་ ༤༣༨༥༧ བཏང་སྟེ་ཁོད་སྙོམས་དང་སྦྲགས་ཨར་འདམ་བཏིངས།
༡༧༽    སྔ་ལོའི་ལས་དོན་ནང་གསལ་ལྟར། བལ་ཡུལ་འཕགས་པ་ཤིང་ཀུན་ཉེ་འགྲམ་དུ་ཉིས་ཐོག་ཅན་གྱི་ཁང་མིག་བཅོ་བརྒྱད་ཡོད་པའི་ས་ཁྱོན་ཨེ་ཀར་གཉིས་ཙམ་ཡོད་པ་ཆ་ཚང་ཉོ་སྒྲུབ་ཀྱིས་སློབ་ཁང་འགོ་འཛུགས་བྱས་ཟིན་པ་ལྟར། ལོ་འདིར་ས་ཁང་དེ་དག་ཁྲིམས་ཐོག་དེབ་སྐྱེལ་བྱ་རྒྱུས་མཚོན་ལས་དོན་མཇུག་སྐྱོང་བྱེད་པར་ལས་བྱེད་པ་ཆེད་གཉེར་གྱིས་ས་ཁང་རིན་འབབ་བལ་སྒོར་ ༤༠༠༠༠༠ དང༌། གཞུང་ཁྲལ་བལ་སྒོར་ ༤༨༠༠༠ ཁྲིམས་རྩོད་པའི་གླ་ཆ་བལ་སྒོར་ ༦༠༠༠ བཅས་བསྡོམས་བལ་སྒོར་ ༤༥༤༠༠༠ སྤྲད་དེ་ས་ཁང་བལ་ཡུལ་གངས་སེང་ཚོགས་པའི་མིང་ཐོག་དེབ་སྐྱེལ་བྱས། སློབ་ཁང་ནང་སློབ་འཇུག་ལས་དོན་བལ་ཡུལ་སྐུ་ཚབ་དོན་གཅོད་དབུ་བཞུགས་ཀྱིས་གངས་སེང་ཚོགས་པ་དང་སློབ་ཁང་འགན་འཛིན། ས་གནས་གཞིས་འགོ། རང་བདེན་ཚོགས་གཙོ་བཅས་ཀྱིས་འདེམས་སྒྲུག་དྲང་བདེན་གནང་རྒྱུ་དང༌། འགྲོ་གྲོན་ད་ཕན་ནོར་ཝེ་རོགས་ཚོགས་ཀྱི་རོགས་དངུལ་ནས་བཏང་ཞིང༌། ནོར་ཝེ་རོགས་ཚོགས་ཀྱི་རོགས་དངུལ་ཆད་རྗེས་སུད་ཌན་དང་ཉི་ཧོང་དོན་གཅོད་སོགས་བརྒྱུད་རོགས་དངུལ་ཐབས་འཚོལ་གྱིས་བཏང༌།
༡༨༽    སློབ་གྲྭའི་སློབ་ཕྲུག་ཚོའི་ཆེད་དུ་མི་ལ་རས་པའི་རྣམ་ཐར་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་འདྲ་རིས་ཅན་པར་སྐྲུན་ཞུ་རྒྱུའི་འཆར་གཞི་བཏིང༌།