༡༩༧༩

༡༽    ༡༩༧༩ ལོའི་ཤེས་རིག་གི་ཡིག་ཆའི་ནང༌། གཏན་འཇགས་སློབ་གྲྭ་ཁག ༤ དང༌། གཞིས་ཆགས་ཉིན་མོའི་སློབ་གྲྭ་ཁག ༡༢ ཁ་འཐོར་ཉིན་མོའི་སློབ་གྲྭ་ཁག ༡༢ བཟོ་གཞིས་སློབ་གྲྭ་ཁག ༥ ཌས་ཌོན་དྭང་སློབ་ཁོངས་སློབ་གྲྭ་ ༡ བལ་ཡུལ་བཟོ་གཞིས་སློབ་གྲྭ་ཁག ༧ འབྲུག་ཁུལ་གཞིས་ཆགས་སློབ་གྲྭ་ཁག ༦ ལ་དྭགས་སློབ་གྲྭ་ ༡ སྒང་ཏོག་ཁུལ་སློབ་གྲྭ་ཁག ༢ བཅས་ཁྱོན་སློབ་གྲྭ་ཁག ༥༠ ནང་སློབ་ཕྲུག ༡༢༩༧༩ ཡོད་པ་དང༌། དགེ་རྒན་ལས་བྱེད་ ༧༩༡ ཡོད་ཅེས་གསལ།
༢༽    རྒྱ་གར་ནང་གཞི་རིམ་སློབ་གྲྭའི་སློབ་རིམ་འཛིན་གྲྭ་ ༡༡ བར་ཡིན་མུས་ལ་འགྱུར་བ་བཏང་སྟེ་འཛིན་རིམ་ ༡༢ བར་ཡོད་པ་བཟོས་པ་ལྟར་བོད་མིའི་གཏན་སློབ་ཁག་ཀྱང་དེ་བཞིན་འགྱུར་བ་བཏང་སྟེ་རྡོར་གླིང་གཏན་སློབ་ཀྱི་བོད་ཕྲུག ༢༢ ཀྱིས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ནང་ཞུགས་པར། ཨང་སྡེ་དང་པོ་ ༧ དང་ཨང་སྡེ་གཉིས་པ་ ༡༣ གསུམ་པ་ ༡ སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་ ༡ བཅས་གྲུབ་འབྲས་ཡག་པོ་བྱུང༌།
༣༽    ལོ་འདིར་མཐོ་སློབ་དང་དགེ་འོས། དྲུང་ཡིག སྨན་ཞབས་སོགས་ཀྱི་སློབ་སྦྱོང་ཆེད་སློབ་ཕྲུག ༥༤ ལ་སློབ་ཡོན་གནང༌།
༤༽    མ་ན་ལི་ཉིན་སློབ་གཏན་སློབ་ཏུ་བསྒྱུར་གཏན་འཁེལ་ཡང༌། ད་ཡོད་སློབ་གྲྭ་ཚུགས་ཡུལ་དུ་འཛུགས་སྐྲུན་བྱས་མི་ཆོག་སྟབས། སློབ་གྲྭ་ཚུགས་སའི་ས་ཆ་གསར་པ་ཐབས་འཚོལ་བྱེད་བཞིན་པའི་མུར་གནས།
༥༽    ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་དང་སྟབས་བསྟུན་གྱིས་སློབ་གྲྭ་རེའི་གཤིས་སྤྱོད་གཙང་གསུམ་རྩེད་ཕུད་ཀྱི་སློབ་ཕྲུག་བུ་གཅིག་དང་བུ་མོ་གཅིག་ལ་བུམ་སྐྱོན་གསུམ་བྲལ་ཞེས་པའི་གཟེངས་བསྟོད་རྟགས་མ་གནང་འགོ་བཙུགས། བྱུང་རིམ་ཞིབ་པ་བྱ་དགའ་གཟེངས་བསྟོད་ཀྱི་ལེ་ཚན་དུ་གསལ།
༦༽    འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་༡༩༧༩ ལོ་དེ་བྱིས་པའི་ཐོབ་ཐང་གི་ཁྲིམས་ཡིག་གསལ་བསྒྲགས་གནང་ནས་ལོ་འཁོར་༢༠ ཏག་ཏག་འཁོར་བའི་དུས་ཆེན་ཡིན་པར་བརྟེན་ལོ་འཁོར་མོ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གཏན་འབེབས་གནང་སྟེ་སྲུང་བརྩི་གནང་བཞིན་པའི་ཆ་ཤས་སུ། ྋགོང་ས་མཆོག་ནས་བོད་ཕྲུག་རྣམས་མ་འོངས་སོན་རྩར་ཐུགས་རེ་ཆེན་པོས་བརྩེ་གཟིགས་གནང་དང་གནང་བཞིན་པ་གསལ་པོར་མཚོན་སླད། ཤེས་རིག་ལས་ཁུངས་ནས་ྋགོང་ས་མཆོག་གིས་བོད་ཕྲུག་ཅིག་པང་དུ་དགྱེས་བརྩེ་ཆེན་པོས་བཞེས་ཡོད་པའི་སྦྲག་རྟགས་ཤིག་ཆེད་དུ་པར་སྐྲུན་གྱིས་འགྲེམས་སྤེལ་རྒྱ་ཆེར་ཞུས།
༧༽    ཕ་མ་ཚོས་རང་གི་བུ་ཕྲུག་གི་སློབ་གྲོན་གཞུང་དང་སྦྱིན་བདག་ལ་བརྟེན་ལྟོས་བྱེད་རྐྱང་མ་ཡིན་པར། རིམ་པས་རང་རྐང་རང་ལངས་ཐུབ་ཆེད་ཕ་མ་ཚོས་ས་གནས་སོ་སོའི་དངུལ་ཁང་ནང་བུ་ཕྲུག་གི་མཐོ་སློབ་སློབ་ཡོན་ཆེད་ཟླ་རེར་ཧིན་སྒོར་ ༥ ལས་མ་ཉུང་བ་བཅོལ་འཇོག་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་བར་ས་གནས་གཞིས་འགོ་བདེ་དོན་དང༌། གཞོན་ལྷན་སོགས་ནས་ཀྱང་ཐུགས་སྣང་གིས། དངུལ་ཁང་ལ་དངུལ་བཅོལ་བྱེད་སྟངས་མི་ཤེས་པ་ཚོར་འགྲོ་ལུགས་སློབ་སྟོན་གྱི་མཐུན་འགྱུར་གནང་འབྲས་གཞིས་སྒར་མང་ཆེ་བའི་ཕ་མ་སོ་སོས་ལག་ལེན་བསྟར་འགོ་ཚུགས་པའི་རྒྱུན་ད་ལྟའང་གནས།
༨༽    ༡༩༧༩ ཟླ་ ༧ ཚེས་ ༦ ནས་རིག་གསར་ཐ་སྙད་གཙོ་གྱུར་གྱི་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞི་དངོས་སུ་འགོ་བཙུགས།
༩༽    བལ་ཡུལ་ཁུལ་གནས་སྡོད་བོད་རིགས་ ༣༡ གིས་མཐའ་ཁུལ་བོད་ཕྲུག་ཉམ་ཐག་རྣམས་ཀྱི་སློབ་གྲོན་ཆེད་ལོ་རེར་བལ་སྒོར་ ༡༥༠ འབུལ་རྒྱུའི་ཁས་ལེན་བྱས། དེ་བཞིན་བྷན་དྷ་ར་དང་ཧོན་སུར། ཀ་སྦུག མན་སྤར། ཏེ་ཛུ་བཅས་ཀྱི་སློབ་གྲྭའི་སློབ་ཕྲུག་གིས་འཁྲབ་སྟོན་དང་རྩེད་སྣ་གོ་སྒྲིག་གི་ལམ་ནས་མ་དངུལ་བསྡུ་སློང་བྱས་པ་ཤེས་རིག་ལས་ཁུངས་ལ་ཕུལ།
༡༠༽    སྔོན་འགྲོའི་སློབ་གྲྭ་རྣམས་གཞི་རིམ་སློབ་རིམ་ནང་གི་གལ་གནད་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་གྱིས་གཏན་ཉིན་སློབ་གྲྭ་ཁག་འགའ་ཤས་ནང་སྔོན་འགྲོའི་སློབ་གྲྭ་བཙུགས་ཟིན་ཅིང༌། ཤེས་རིག་ལས་ཁུངས་ཀྱིས་དབྱིན་ཡུལ་བྱིས་པའི་རོགས་ཚོགས་ལ་འབོད་སྐུལ་ཞུས་ཏེ་ཡང་བསྐྱར་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་སིམ་ལ་ཁ་ར་པ་ཐར་དང༌། བཀྲ་ཤིས་ལྗོངས། སྤུ་རུ་ཝ་ལ། སྤོན་ཊ། སྦིར་ནང་ཆེན། ཀུམ་རའོ་བཅས་ལ་སྔོན་འགྲོའི་སློབ་གྲྭ་འཛུགས་གཏན་འཁེལ། དེ་བཞིན་རྒྱ་གར་དབུས་སྤྱི་ཚོགས་བདེ་དོན་ལས་ཁང་ལ་འབྲེལ་གཏུགས་ཀྱིས་སྔོན་འགྲོའི་སློབ་གྲྭ་ཚུགས་བསྡད་ས་ཁུལ་ ༡༢ ཡོད་པ་རྣམས་ལ་རོགས་རམ་གནང་རོགས་ཞུས་ཏེ་དོན་སོན་བྱུང་ཉེར་གནས།
༡༡༽    ཁྱིམ་དང་སློབ་གྲྭའི་དབར་རྒྱང་ཐག་རིང་བ་དང༌། ཁྱིམ་དུ་ཕ་མས་གཡོག་བཀོལ་གྱིས་སློབ་སྦྱོང་མི་ཡོང་བ། ལམ་བར་དུ་ཆར་པ་དང་མི་ངན་གྱི་འཇིགས་པ་སོགས་མི་འབྱུང་བའི་ཆེད་མན་སྤར་གཞིས་ཆགས་ཀྱི་སློབ་གྲྭ་དབུས་མའི་ཉེ་འགྲམ་དུ་འཛིན་རིམ་ལྔ་པ་ཐོན་ཏེ་སློབ་གྲྭ་དབུས་མར་འགྲོ་མཁན་སློབ་ཕྲུག ༥༠།༦༠ ཤོང་བའི་ཉལ་ཁང་གསར་རྒྱག་ཟིན་ཞིང༌། དེ་བཞིན་མོན་གྷོ་དང་འབུམ་ལ་བསྟན་འཛིན་སྒང་དུའང་དེ་བཞིན་ཉལ་ཁང་བསྐྲུན་རྒྱུའི་འཆར་གཞི་བཏིང༌།
༡༢༽    བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་ནང་དེ་སྔོན་བོད་རིགས་སློབ་སྤྱིའི་དབང་ཚད་ཇེ་ཆུང་དུ་བཏང་བར་བརྟེན་ཤེས་ཡོན་གནས་ཚད་དང་འཛིན་སྐྱོང་ཉམས་རྒུད་དུ་འགྲོ་བཞིན་པའི་བསམ་ཚུལ་ཡོད་ཐོག ད་ཆ་བོད་མི་རྣམས་ལ་ཉམས་མྱོང་གང་ཙམ་བྱུང་འབྲེལ་རང་སློབ་རང་གིས་སྐྱོང་དགོས་གལ་ཆེར་བརྟེན། ༡༩༧༨ ཟླ་༩ ཚེས་ ༡༩ ཉིན་ྋགོང་ས་མཆོག་ནས་རྒྱ་གར་ཤེས་རིག་བློན་ཆེན་མཇལ་འཕྲད་ཀྱིས་རྒྱ་གར་གཞུང་ནས་སློབ་གྲོན་རོགས་རམ་ད་མུས་ཐོག་གནས་སྐབས་ཚོད་ལྟའི་ཆེད་གཏན་སློབ་གཅིག་གཉིས་ཤིག་བོད་མིར་རྩིས་སྤྲོད་ཡོང་བ་ཞེས་གསུངས་པར། རྒྱ་གར་ཤེས་རིག་བློན་ཆེན་ནས་བཀའ་ལན་ཡི་གེ་གནང་བའི་ནང་བོད་མིའི་ཕྱོགས་ནས་འགྲོ་སོང་ཡོངས་རྫོགས་གཏོང་ཐུབ་པའི་དམིགས་རྟེན་མེད་སྟབས་གནས་སྐབས་གོམ་པ་དང་པོར་གཏན་སློབ་ཁག་གི་ཉལ་ཁང་འཛིན་སྐྱོང་གནང་འཐུས་གསུངས། དེ་ལ་ྋགོང་ས་མཆོག་གིས་ཉལ་ཁང་འཛིན་སྐྱོང་བོད་རིགས་སློབ་སྤྱིས་གནང་མུས་དབྱིངས་ཆོད་ལྟར་གཏན་སློབ་ཁག་གི་འཛིན་སྐྱོང་འགན་ཁུར་བོད་མིར་གནང་སྐྱོང་ཡོང་བ་ཞེས་བསྐྱར་ནན་གསུངས་ཤིང༌། ལྡི་ལི་སྐུ་ཚབ་དོན་གཅོད་ནས་ཀྱང་དེའི་སྐོར་མཇུག་གནོན་ཞབས་སྐུལ་རིམ་བསྟུད་ཞུས་མཐར། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གཏན་སློབ་ཁག་ལ་རྒྱ་གར་གཞུང་གི་རོགས་རམ་ད་མུས་ཀྱི་གནས་སྟངས་འོག་རྩིས་སྤྲོད་བྱས་ཚེ་དེའི་ཆེད་སྔར་བཞིན་འཛིན་སྐྱོང་ཚོགས་པ་གཞན་འཛུགས་དགོས་པ་དང༌། ད་ཡོད་བོད་སློབ་འཛིན་ཚོགས་ཀྱང་སྔར་མུས་བཞིན་གནས་དགོས་པ་བཅས་གཞུང་གྲོན་ཆེ་བ། དེ་བཞིན་སློབ་དགེ་རྣམས་ཀྱི་ཐོབ་ཐང་སྤྲོད་ཕྱོགས་ཀྱི་རྙོག་གྲ་ཆེ་བ་སོགས་ལ་བརྟེན་དཀའ་ངལ་འཕར་མ་ཙམ་ལས་དགེ་མཚན་མ་མཐོང་བས། བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་ཚད་འཕེར་ཡོང་ཐབས་ཐད་སྐྱོན་ཆ་མཆིས་ཚེ་ངེས་པར་གསུངས་ན་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ལས་སློབ་གྲྭ་རྩིས་སྤྲོད་གནང་རྒྱུ་མིན་ལུགས་སོགས་གསུངས། སློབ་གྲྭའི་ཤེས་ཚད་ཡར་རྒྱས་ཡོང་མིན་འཛིན་སྐྱོང་ལ་རག་ལས་པས་འཛིན་སྐྱོང་ནང་བོད་རིགས་སློབ་སྤྱིའི་དབང་ཚད་སྔོན་ལྟར་སླར་གསོ་དགོས་ལུགས་ལན་མང་ཞུས་ཀྱང་ཀ་ཀོར་སྣ་ཚོགས་འོག་དོན་འབྲས་མ་སོན་པར་གནས།ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༢༨ ནས་ཟླ་ ༦ ཚེས་ ༧ བར་མ་སུ་རི་གཏན་སློབ་ཏུ་བོད་མིའི་སློབ་གྲྭའི་དབྱིན་ཡིག་དགེ་རྒན་ཚོར་ཟབ་སྦྱོང་གོ་སྒྲིག་སྐབས་དགེ་རྒན་དང་ཟབ་སྦྱོང་པ་ལྷན་དུ་བསྒྲོན་པ། གཡས་ནས་བརྩིས། མདུན་གྲལ་ཞབས་སྟེགས་སུ་འཁོད་པ། ༡༽ ཨེཇ་ཝི་ཀུམཱར། ༢༽ པི་སི་ བྷཱཝ་ནཱ་ནཡ། ༣༽ པི་ཨེལ་ཇོས་ཝཱལ། ༤༽ རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་སྦྱོང་བརྡར་ཁང་གི་ཝི་ཀེ་ བཱཇ་པཡ། ༥༽ བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་ཨེ་ཨེན་ དྷབན། ༦༽ ཟབ་སྦྱོང་འགན་འཛིན་ལྕམ་ཨེས་ཀེ་ རཱམ། ༧༽ དབྱིན་ཇིའི་གཞུང་ཚབ་ཁོངས་ཀྱི་ཨེཇ་ པན་ཊི། ༧༽ རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་སྦྱོང་བརྡར་ཁང་གི་སུབྲཱམན྄ཡམ། ༨༽ མ་སུ་རི་གཏན་སློབ་ཀྱི་བོད་རིགས་སློབ་སྤྱི་ཕྱག་མཛོད་ཚང་རབ་བརྟན། ༩༽ མ་སུ་རི་གཏན་སློབ་ཀྱི་སློབ་སྤྱི་པི་ཀེ་ ཏི་ཝ་རི། ལངས་བཞུགས་པའི་ཁོངས་གྲལ་གསུམ་ཡོད་པ་ལས། གཡས་བརྩིས། མདུན་གྲལ། ༡༽ ཀུ་ར་ཡ་ ཀོས། ༢༽ སྐལ་བཟང་དབང་མོ། ༣༽ ཀེ་ ཅནྡ྄ར། ༤༽ ཨེན་ ཤརྨཱ། ༥༽ ཨེན་ གྷིམ་རཝ། ༦༽ སྒྲོལ་མ་ཚེ་རིང༌། ༧༽ པདྨ་སྒྲོལ་མ་དབང་འདུས། ༨༽ ཚེ་རིང་གཡང་འཛོམས། ༩༽ ཀེ་བྷཌྜཅཱརྱ། ༡༠༽ པདྨ་སྒྲོལ་མ། ༡༡༽ དཔལ་སྒྲོན། བར་གྲལ། ༡༽ ཚེ་རིང་ཕུན་ཚོགས། ༢༽ པདྨ་ཚེ་རིང༌། ༣༽ ཨེན་ཨེན་ པཱཐཀ། ༤༽ ཨེས་ རུམ་བཱ། ༥༽ ཇི་ སཱ་ཧུ། ༦༽ ཨེས་ཇི་ ཝཱཤིངྒ་ཊོན། ༧༽ ཇཡ་ ཀྲྀཥཎ། ༨༽ བི་ ཨེམ་ ཤརྨཱ། ༩༽ ཨེཇ་སི་ བྷརྡ་ཝཱཇ། ༡༠༽ བི་བི་པྲདྷན། ༡༡༽ ཀརྨ་ཆོས་འཕེལ། རྒྱབ་གྲལ། ༡༽ རྡོ་རྗེ་རྣམ་རྒྱལ། ༢༽ སུ་ཡིན་རྩད་མ་ཆོད། ༣༽ ཇི་བྷི་སིངྒ༌། ༤༽ ཨན་སི་ ཏྲི་པཊི། ༥༽ དྷར་ཤན་ཤཱ་སིངྒ༌། ༦༽ སུ་ཡིན་རྩད་མ་ཆོད། ༧༽ ཚེ་རིང་དོན་གྲུབ། ༨༽ སུ་ཡིན་རྩད་མ་ཆོད། ༩༽ མ་སུ་རི་བོད་ཁྱིམ་དབང་འདུས་ཕུན་ཚོགས། ༡༠༽ མ་སུ་རི་བོད་ཁྱིམ་ཡེ་ཤེས་བློ་ལྡན།
༡༣༽    ༡༩༧༨ ཕན་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སུ་མཐོ་རིམ་དགེ་རྒན་མང་པོ་ཞིག་ལས་ཚབ་ཀྱི་མིང་ཐོག་ནས་བསྐོ་བཞག་བྱས་པ་དེ་དག་ཤེས་ཚད་ཚད་ལོངས་མེད་པར་བརྟེན་ད་ཕྱིན་ཚད་ལྡན་ཤ་སྟག་བསྐོ་བཞག་ཡོང་བ་ཞུས་དོན་ལྟར། ལོ་འདིར་དགེ་རྒན་མི་འགྲོ་ ༡༥༡ ཁོངས་ནས་ ༡༤ དྲག་འདེམས་ཀྱིས་བསྐོ་བཞག་ཐུབ་པ་བྱུང་ཞིང༌། དེའི་ནང་བོད་རིགས་གཉིས་ཚུད་ཐུབ་པའང་བྱུང༌།
༡༤༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱིས་ཤེས་རིག་ཟློས་གར་ཚོགས་པར་ཧིན་སྒོར་ ༤༡༡༣༣ གནང་ཞིང༌། བཀྲ་ཤིས་ལྷུན་པོའི་སྐུ་ཞབས་བླ་མ་བཀྲ་ཤིས་ཤེས་རིག་ཟློས་གར་དུ་གདན་ཞུས་ཀྱིས་བཀྲ་ཤིས་ལྷུན་པོ་དང་ཚེ་མཆོག་གླིང༌། རྨེ་རུ། དེ་མོ་སོགས་ཀྱི་འཆམ་སྣ་ལེགས་བཏུས་ཀྱིས་ཟླ་གཅིག་རིང་སློབ་སྤེལ་བྱས་མཇུག་ཤེས་རིག་ལས་ཁུངས་ཀྱིས་ལེགས་གཟོའི་ཕྱག་ཁྱེར་གནང༌། འཆམ་རྒྱུགས་ཨང་དང་པོ་སོན་པ་བསྟན་འཛིན་མགོན་པོ་ཟློས་གར་ཚོགས་པའི་བྲོ་འཆམ་དགེ་རྒན་དང༌། ཚེ་རིང་སྒྲོལ་མ་དང་བསོད་ནམས་དཔལ་མོ་གཉིས་འཆམ་དང་བྲོ་གཞས་དགེ་རྒན་དུ་བསྐོས།
༡༥༽    ལོ་འདིའི་ཟླ་ ༥ ཚེས་ ༢༡ ཉིན་ཤེས་རིག་ལས་ཁུངས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་ལུས་རྩལ་དགེ་རྒན་བྱམས་པ་གྲགས་པ་ཟློས་གར་ཚོགས་པར་ངོ་སྤྲོད་ཀྱིས་ཟླ་བ་གཅིག་རིང་ལུས་ཀྱི་མཉེན་ཆར་ཕན་པའི་ལུས་སྦྱོང་འདྲ་མིན་ ༢༠ སྐོར་བསླབས་ཏེ་རྒྱུགས་ལེན་བྱས། ཡང་ཤེས་རིག་ལས་ཁུངས་ཀྱི་རྒྱུས་སྟོན་འོག་བྱམས་པ་འཕྲིན་ལས་ལགས་ལོ་འདིའི་ཟླ་བ་ ༧ ཚེས་ ༢༣ ནས་ཟློས་གར་ཚོགས་པར་གདན་ཞུས་ཀྱིས་ཟླ་བ་གཅིག་ལྷག་རིང་གླིང་བུ་དང་དུང་སོགས་བཀོལ་ཏེ་བོད་ཀྱི་སྔོན་མའི་དམག་གཞས་ ༨ ཙམ་སློབ་སྟོན་བྱས།
༡༦༽    བོད་མིའི་སྤྱི་ཚོགས་ནང་ཨིན་ཇི་ནི་ཡར་རམ་བཟོ་སྐྲུན་འཆར་འགོད་ཐད་དམིགས་བསལ་ཁྱད་ལས་སློབ་སྦྱོང་ཐོན་པ་དགོས་གལ་ཡང༌། རྒྱ་གར་ནང་འདི་རིགས་སུ་འཛུལ་ཞུགས་བྱ་ཡུལ་དཀོན་པ་དང༌། ཡོད་ཀྱང་ཨང་རིམ་མཐོན་པོ་སོན་དགོས་པ། དེ་མིན་དཔལ་འབྱོར་གྱི་རྒྱབ་རྟེན་ཤུགས་ཆེ་དགོས་པ་བཅས་ལ་བརྟེན་རང་རེའི་བོད་ཕྲུག་ཚོར་འདི་འདྲའི་གོ་སྐབས་ཐོབ་དཀའ་བར་བརྟེན་བོད་སློབ་འཛིན་ཚོགས་སུ་ཞུ་སྐུལ་བྱས་འབྲས། འདི་ལོ་ནས་བཟུང་བཟོ་སྐྲུན་འཆར་འགོད་པའི་ཞབས་སྟེགས་གསུམ་དམིགས་བསལ་བོད་མིར་ཟུར་བཅད་ཀྱིས་གནང་སོན་བྱུང༌།