༡༩༧༨

༡༽    ༡༩༧༨ ལོའི་ཤེས་རིག་གི་ཡིག་ཆའི་ནང༌། གཏན་འཇགས་སློབ་གྲྭ་ཁག ༤ དང༌། གཞིས་ཆགས་ཉིན་མོའི་སློབ་གྲྭ་ཁག ༡༢ ཁ་འཐོར་ཉིན་མོའི་སློབ་གྲྭ་ཁག ༡༢ བཟོ་གཞིས་སློབ་གྲྭ་ཁག ༥ ཌས་ཌོན་དྭང་སློབ་ཁོངས་སློབ་གྲྭ་ ༡ བལ་ཡུལ་བཟོ་གཞིས་སློབ་གྲྭ་ཁག ༧ འབྲུག་ཁུལ་གཞིས་ཆགས་སློབ་གྲྭ་ཁག ༦ ལ་དྭགས་སློབ་གྲྭ་ ༡ སྒང་ཏོག་ཁུལ་སློབ་གྲྭ་ཁག ༢ བཅས་ཁྱོན་བསྡོམས་སློབ་གྲྭ་ཁག ༥༠ དང༌། འབྲིང་རིམ་སློབ་གྲྭ་ཐོན་ཏེ་མཐོ་སློབ་དང་དགེ་རྒན་འོས་སྦྱོང༌། སྨན་ཞབས། དྲུང་ཡིག་སོགས་ལ་དམིགས་བཀར་གྱིས་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༡༢༥༢༩ ཡོད་ཅེས་གསལ། གཞི་རིམ་འཛིན་གྲྭ་ ༡༢ མན་གྱི་ནང་སློབ་སྦྱོང་བྱེད་བཞིན་པ་ ༡༢༣༠༦ དང་དགེ་རྒན་ལས་བྱེད་ཁྱོན་བསྡོམས་ ༧༧༡ ཡོད།མན་སྤར་སློབ་གྲྭར་མཛད་སྒོ་ཞིག་གི་སྐབས་རུ་སྒྲིག་གཟིགས་འབུལ་ཞུ་བཞིན་པ།
༢༽    ལོ་འདིར་མཐོ་སློབ་དང་ལས་རིགས་དམིགས་བཀར་གྱི་སློབ་ཡོན་གསར་དུ་གནང་བ་ཁྱོན་སློབ་ཕྲུག ༢༤ བྱུང༌།
༣༽    མན་སྤར་ཡན་ལག་སློབ་གྲྭ་ཁག་ནས་འཛིན་རིམ་༥ ཐོན་པ་རྣམས་སློབ་གྲྭ་དབུས་མར་ཉིན་ལྟར་ཡོང་དགོས་ས་ཐག་རིང་སྟབས་དགོང་མོ་ཕྱིར་ལོག་མི་ཐུབ་པ་སོགས་དཀའ་ངལ་ཆེ་བར་བརྟེན་སློབ་གྲྭ་དབུས་མ་ཡོད་སར་སྡོད་ཁང་ཟུར་དུ་བཟུང་བཅུག་སྟེ་སློབ་ཕྲུག ༡༥ ཡོད་པར་ཤེས་རིག་གིས་སློབ་ཕྲུག་རེར་འཚོ་སྣོན་ཟླ་རེར་སྒོར་ ༡༢ རེ་གནང་འགོ་བཙུགས།
༤༽    ལྡི་ལི་བོད་སྒར་མན་ཇུ་ཊི་ལའི་རོགས་རམ་རྩ་ཆད་ཀྱིས་སློབ་གྲྭ་སྒོ་རྒྱག་ཉེར་ཐུག་པར་བརྟེན་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་སྔོན་ཡོད་དང་འཕར་སྣོན་གཉིས། མ་བྱན་བཅས་ཀྱི་གླ་ཕོགས་སྤྲད་ཐོག དབུས་བོད་སློབ་འཛིན་སྐྱོང་ཚོགས་པར་ཞུས། བོད་སློབ་འཛིན་ཚོགས་ཀྱིས་བོད་སྒར་འདི་བཞིན་འཕྲལ་སེལ་གཞིས་སྒར་ཞིག་ལ་ངོས་འཛིན་གནང་བར་སོང་སློབ་ཁང་གསར་རྒྱག་གི་རོགས་རམ་མ་གནང་བ་ཕུད་དེ་མིན་ཉིན་སློབ་སྤྱི་མཚུངས་ཀྱི་རོགས་རམ་གནང་འགོ་བཙུགས།
༥༽    མ་ན་ལི་ཁུལ་བོད་མི་ལམ་བཟོ་བའི་ཕྲུ་གུའི་ཆེད་དུ་ཤེས་རིག་ལས་ཁུངས་ཀྱིས་རོགས་ཚོགས་ལ་འབོད་སྐུལ་དང་སྦྲགས་ ༡༩༧༨ ཟླ་ ༦ ཚེས་ ༢ ཉིན་ཉིན་སློབ་གསར་འཛུགས་ཀྱི་སྒོ་འབྱེད་བྱས། སྐབས་དེར་སློབ་གྲྭར་དགེ་རྒན་ ༢ དང་སློབ་ཕྲུག ༨༥ ཙམ་ཡོད། སློབ་གྲྭ་འདི་བཞིན་རིམ་པས་གཏན་སྡོད་སློབ་གྲྭ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད།
༦༽    ཀུ་ལུ་ཁྲོམ་ཁུལ་དུ་བོད་ཕྲུག ༢༠ ཙམ་ལ་ཤེས་ཡོན་སློབ་སྦྱོང་མ་ཐོབ་པར་ཡོད་པ་དེའི་ཆེད་ཤེས་རིག་ལས་ཁུངས་ཀྱིས་ ༡༩༧༨ ཟླ་ ༧ ཚེས་ ༡ ཉིན་སློབ་གྲྭ་གསར་འཛུགས་སྒོ་འབྱེད་བྱས་ཤིང༌། སློབ་གྲྭ་དེར་འགྲོ་གྲོན་རོགས་རམ་དང་ལྟ་སྐྱོང་དྷ་ས་བོད་ཁྱིམ་ནས་གནང་འགོ་བཙུགས།
༧༽    དྷ་ས་གངས་སྐྱིད་ཉིན་སློབ་ལ་སུད་ཌན་ཨའེ་ཨེམ་རོགས་ཚོགས་ཀྱི་ངོས་ནས་རོགས་རམ་ཞུས་ཐོབ་བྱུང་བར་བརྟེན་དྷ་ས་བོད་ཁྱིམ་གྱིས་འཛིན་སྐྱོང་གནང་རོགས་ཞུས་པ་ལྟར་༡༩༧༥ ནས་༡༩༧༧ བར་གང་ལེགས་གནང་བྱུང་ཡང་ད་ཆ་སློབ་གྲྭ་འདི་བཞིན་ཤེས་རིག་ལས་ཁུངས་དང་ཐག་ཉེ་བར་བརྟེན་༡༩༧༨ ལོར་ཤེས་རིག་གིས་རྩིས་ལེན་དང་སྦྲགས་སྔོན་ཡོད་སློབ་ཁང་ཉམས་གོག་རྣམས་ཉེ་སྔོན་ས་གཡོས་ཀྱིས་ཞིག་ཉེར་ཡོད་པ་ཡོངས་རྫོགས་ཉམས་གསོ་བྱས་པར་ཧིན་སྒོར་ ༡༣༢༢༦།༩༥ སོང༌།
༨༽    ཧོ་ལནྜི་དང་བྷེལ་ཇམ་ལ་སློབ་སྦྱོང་བཏང་བའི་བོད་ཕྲུག་བཅུས་ཤེས་རིག་ལས་ཁུངས་ལ་འབྲེལ་བ་ཞུས་ཏེ་ཁོང་ཚོའི་ངོས་ནས་བོད་ཕྲུག་ཉམ་ཐག་བཅུ་གཏན་སློབ་ཁག་ཏུ་གཏོང་རྒྱུའི་སློབ་ཡོན་རོགས་རམ་ལོ་ལྟར་གནང་རྒྱུའི་ཁས་ལེན་ཞུས།
༩༽    བོད་ཀྱི་མི་རབས་ནས་མི་རབས་བར་ལག་རྒྱུན་དུ་གནས་པའི་རིག་གཞུང་རྙིང་ཁུངས་གསེར་དངུལ་ཟངས་གསུམ་སོགས་རྡུང་ཚག་ལུག་གསུམ་སྤྱི་དང༌། ལྷག་པར་སྐུ་བརྙན་གསར་བཞེངས་ཀྱི་བཟོ་ལས་ལག་ཤེས་མི་ཉམས་རྒྱུན་འཛིན་གོང་སྤེལ་དང་ཉམས་པ་སླར་གསོའི་ཆེད་ཤེས་རིག་ལས་ཁུངས་ཀྱིས་སློབ་ཁང་གསར་འཛུགས་ཀྱི་འཆར་གཞི་བཀོད་དེ། རྒྱ་གར་གཞུང་ལ་འབོད་སྐུལ་ནན་བསྟུད་ཞུས་འབྲས་སུ་འགྲོ་གྲོན་རྩ་འབོར་གྱི་གསུམ་ཆ་གཉིས་འབབ་ཧིན་སྒོར་ཉིས་འབུམ་ཐམ་པ་གནང་སོན་ལྟར། ལྷོ་ཕྱོགས་བྷེལ་ཀོབ་དང་མོན་གྷོ་གཞིས་ཆགས་དང་དྷ་ས་ཁུལ་བཅས་ནས་སློབ་ཕྲུག་ཤེས་རིག་བཀྲ་ལ་ལས་རིགས་འདིར་དོ་སྣང་དང་ཞེན་ཅན་ཁྱོན་ ༢༠ བསྡུ་སྐོང་ཐོག དགེ་རྒན་གཙོ་བོ་རྩེད་གདོང་སྤེན་པ་རྡོ་རྗེ་ལགས་ཀྱིས་གཙོས་འོས་ངེས་གོ་སྒྲིག་བྱས་ཏེ་ ༡༩༧༨ ཟླ་ ༡༠ ཚེས་ ༡༩ ཉིན་དྷ་སར་རྟེན་བཞེངས་སློབ་གྲྭ་དངོས་སུ་སྒོ་འབྱེད་བྱས། ཕྱིས་སུ་འདི་ནོར་བུ་གླིང་ཁར་ཟླ་སྒྲིལ་བྱས་ཤིང༌། རྟེན་བཞེངས་སློབ་གྲྭ་ཚུགས་ཡུལ་དུ་དེང་སྐབས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་བྱས་ཡོད།
༡༠༽    སློབ་གྲྭའི་ལས་དོན་ཐོག་ཕ་མ་ཚོས་མཉམ་རུབ་དང་གཞོགས་འདེགས་དགོས་གལ་ལ་བརྟེན་སློབ་གྲྭ་ཆགས་ཡུལ་ཕལ་མོ་ཆེར་ཕ་མའི་ཚོགས་ཆུང་ཆེད་འཛུགས་ཐོག ྋརྒྱལ་ཡུམ་ཆེན་མོའི་འཁྲུངས་སྐར་དང་སྟབས་བསྟུན་ལོ་རེའི་ཟླ་༣ ཚེས་ ༥ ཉིན་དེ་བོད་རིགས་ཕ་མའི་ཉིན་མོར་གཏན་འབེབས་ཀྱིས་ཕྱི་ལོ་༡༩༧༨ ལོ་ནས་སློབ་གྲྭ་ཁག་ཏུ་ལོ་ལྟར་བོད་རིགས་ཕ་མའི་ཉིན་མོ་སྲུང་བརྩི་བྱེད་འགོ་བཙུགས། ཉིན་འདིར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཕ་མ་དང་སློབ་ཕྲུག་ཚོར་གསུང་འཕྲིན་རེ་ཆེད་དམིགས་ཀྱིས་གནང་བཞིན་ཡོད།
༡༡༽    སྔོན་འགྲོའི་འཛིན་གྲྭ་མེད་ས་ཁག་ལ་སྔོན་འགྲོའི་འཛིན་གྲྭ་འཛུགས་ཐབས་ལ་ཤུགས་སྣོན་རྒྱག་འགོ་བཙུགས།
༡༢༽    སློབ་གྲྭའི་ས་སྟོང་ཁག་ཏུ་ཚལ་ཞིང་འདེབས་ལས་ཀྱིས་སློབ་ཕྲུག་གི་ཟས་བཅུད་ལ་ཕན་པ་དང་ངལ་རྩོལ་གྱི་གོམས་གཤིས་འཇགས་པ་བྱེད་དགོས་པའི་བཀོད་ཁྱབ་སྔོན་ནས་ཡོད་མུས་ཐོག་ཡང་བསྐྱར་མཇུག་གནོན་གནང་འབྲས་སྦེལ་ཀོབ་གཞིས་སློབ་དང་མན་སྤར་གཞིས་སློབ་སོགས་སུ་གྲུབ་འབྲས་མངོན་གསལ་བྱུང༌།༡༩༧༩ ཟླ་ ༦ ཚེས་ ༧ ཉིན་ྋགོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་མ་ན་ལི་སློབ་གྲྭ་བཙུགས་ནས་ལོ་གཅིག་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས་སློབ་གྲྭའི་དགེ་སློབ་མཉམ་དུ་བསྒྲོན་པ།
༡༣༽    ༡༩༧༧ ལོར་བཞུགས་སྒར་དྷ་སར་བོད་རིགས་དགེ་རྒན་རྣམས་དམིགས་བསལ་ལྷན་ཚོགས་བྱས་པའི་གྲོས་ཆོད་དགོངས་དོན་ལྟར། སློབ་ཕྲུག་ཉམ་ཐག་རྣམས་ཀྱི་སློབ་ཡོན་ཆེད་དུ་རྡོར་གླིང་མི་རིགས་ཉིན་སློབ་དང༌། སྦེལ་ཀོབ་གཞིས་ཆགས་ཉིན་སློབ། མ་སུ་རི་གཏན་སློབ། ཨོ་རི་ས་གཞིས་ཆགས་ཉིན་སློབ། རྡོར་གླིང་གཏན་སློབ། མོན་གྷོ་གཞིས་ཆགས་ཉིན་སློབ། དེ་བཞིན་བྷན་དྷ་ར་དང་བོན་གཞིས། མན་སྤར་བཅས་ཀྱི་ཉིན་སློབ་སོ་སོས་ཞར་ཞོར་དུ་ཟློས་གར་འཁྲབ་སྟོན་དང་ཚོང་འདུས། རྩེད་སྣ་སོགས་གོ་སྒྲིག་གི་ལམ་ནས་དངུལ་བསྡུ་གསོག་བྱས་ཏེ་ཁྱོན་ཧིན་སྒོར་ ༦༢༨༣།༣༠ ཤེས་རིག་ལས་ཁུངས་སུ་ཕུལ་འབྱོར་བྱུང༌། དེ་བཞིན་གཏན་སློབ་ཁག་བཞིའི་སློབ་ཕྲུག་ཆུང་བ་ཚོའི་རི་མོའི་རིག་རྩལ་ཡར་རྒྱས་གཏོང་ཐབས་དང་སྦྲགས་སློབ་ཡོན་མ་དངུལ་ལའང་ཕན་ཆེད་ཤེས་རིག་ལས་ཁུངས་ཀྱིས་ཤོག་བུ་བཀྲམས་ཏེ་ལོ་གསར་ཤིས་ཤོག་འབྲི་རུ་བཅུག་པ་རྣམས་ཕྱི་རྒྱལ་དང་ངོ་ཤེས་ཁག་ལ་བཙོང་འབབ་ཧིན་སྒོར་ ༡༢༡༥ ཤེས་རིག་ལས་ཁུངས་སུ་ཕུལ།
༡༤༽    ཤེས་རིག་ལས་ཁུངས་ཀྱིས་ལོ་དེར་རྒྱན་ཐོན་བྱ་དགའ་དང་པོ་ནས་བཞི་པ་བར་རིམ་པ་བཞིན་སྲིད་དོན་རྒྱལ་རབས་ཆ་ཚང་གཅིག་དང༌། ལག་འདོགས་ཆུ་ཚོད། ཀོ་བའི་སྟོད་གོས། བོད་ཡིག་སློབ་དེབ་ཆ་ཚང༌། དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་བཅས་གནང་རྒྱུ་བྱས་ཏེ་རྒྱན་ཤོག་བཙོང་པའི་ཁེ་འབབ་ཏུ་ཧིན་སྒོར་༢༡༢༡༤།༦༨ བྱུང་བ་རྣམས་བོད་ཕྲུག་ཉམ་ཐག་གི་སློབ་གྲོན་དུ་བཏང་ཡོད། དེ་བཞིན་རྒྱ་གར་ནང་གནས་འཁོད་བོད་རིགས་ཚོས་སློབ་ཡོན་ཆེད་ཞལ་འདེབས་ཕུལ་བ་ཧིན་སྒོར་ ༡༡༣༣༦༦།༠༠ བྱུང༌།
༡༥༽    ཤེས་རིག་ཟློས་གར་ཚོགས་པའི་རྩིས་ཁྲར་ཞིབ་འཇུག་དང་སྦྲགས་ཟློས་གར་ཚོགས་མི་ ༥༠ ཐམ་པར་དེ་སྔོན་ཤེས་རིག་ནས་གླ་ཕོགས་ཟླ་རེར་ཧིན་སྒོར་ ༢༠ རེ་གནང་མུས་ཐོག ༡༩༧༨ ཟླ་ ༤ ནས་བཟུང་ཧིན་སྒོར་ ༣༥ བསྣན་ཏེ་ད་ཕྱིན་མི་རེར་ཧིན་སྒོར་ ༥༥ རེ་གནང་གཏན་འཁེལ། དེའི་ཐོག་ཟློས་གར་ཚོགས་པ་རང་ངོས་ནས་འཕར་དངུལ་བཏང་དང་གཏོང་བཞིན་པ་ཡིན། ལོ་འདིར་ཤེས་རིག་ལས་ཁུངས་ནས་ཟློས་གར་ཚོགས་པར་ཁྱོན་ཧིན་སྒོར་ ༣༧༠༠༦ གནང༌།
༡༦༽    བོད་མིའི་སྤྱི་ཚོགས་ནང་ཕྱི་ལུགས་སྨན་པའི་སློབ་སྦྱོང་ཐོན་པ་དགོས་གལ་ཧ་ཅང་ཆེ་ཡང༌། རྒྱ་གར་ནང་འདི་རིགས་སུ་འཛུལ་ཞུགས་བྱ་ཡུལ་དཀོན་པ་དང༌། ཡོད་ཀྱང་ཨང་རིམ་མཐོན་པོ་སོན་དགོས་པ། དེ་མིན་དཔལ་འབྱོར་གྱི་རྒྱབ་རྟེན་ཤུགས་ཆེ་དགོས་པ་བཅས་ལ་བརྟེན་རང་རེའི་བོད་ཕྲུག་ཚོར་འདི་འདྲའི་གོ་སྐབས་ཐོབ་དཀའ་བར་བརྟེན་བོད་སློབ་འཛིན་ཚོགས་སུ་ཞུ་སྐུལ་བྱས་འབྲས། འདི་ལོ་ནས་བཟུང་སྨན་པའི་སློབ་སྦྱོང་ཆེད་ཞབས་སྟེགས་གཉིས་བོད་མིར་ཟུར་བཅད་ཀྱིས་གནང་སོན་བྱུང༌།