༡༩༧༧

༡༽    ལོ་འདིར་གཏན་སློབ་ཁག་བཞི་དང༌། གཞིས་ཆགས་ཉིན་སློབ་ ༡༢ ཁ་འཐོར་ཉིན་སློབ་ཁག ༨ བཟོ་གཞིས་སློབ་གྲྭ་ཁག ༥ ཌས་སྒྲུན་དང་སློབ་ཁོངས་སློབ་གྲྭ་ ༡ བལ་ཡུལ་བཟོ་གཞིས་སློབ་གྲྭ་ ༧ འབྲུག་ཁུལ་གཞིས་ཆགས་སློབ་གྲྭ་ཁག ༦ ལ་དྭགས་ཁུལ་སློབ་གྲྭ་ ༡ སྒང་ཏོག་ཁུལ་སློབ་གྲྭ་ ༢ བཅས་སློབ་ཁག ༤༦ ནང་སློབ་ཕྲུག་ཁྱོན་བསྡོམས་ ༡༡༡༥༧ ཡོད་པ་དང༌། དགེ་རྒན་ལས་བྱེད་ཁྱོན་བསྡོམས་ ༧༠༨ ཡོད།
༢༽    ལོ་འདིར་འཛིན་རིམ་ ༡༡ པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༡༩༤ ཡོད་པ་ནས་ ༡༣༧ ཡིག་རྒྱུགས་འཕྲོད། དེའི་ཁོངས་ནས་སློབ་ཕྲུག ༤༢ ལས་སློབ་གང་དུའང་བཀོད་སྒྲིག་མ་ཐུབ་པར་བར་ལྡིང་དུ་ལུས་པ་མ་གཏོགས་དེ་མིན་རྣམས་མཐོ་སློབ་དང་དགེ་འོས། དྲུང་ཡིག སྨན་ཞབས། རིགས་ལམ་སློབ་གྲྭ། ཟླ་དྲུག་དང་སློབ་བཅས་སུ་བཏང༌།
༣༽    འཛིན་རིམ་ ༨ བར་གྱི་སློབ་དེབ་བསྐྱར་ཞིབ་པར་སྐྲུན་ཟིན་པ་དང་སྐབས་བསྟུན་གྱིས་༡༩༧༧ ཟླ་ ༦ ཚེས་ ༤ ནས་ ༡༠ བར་གཟའ་འཁོར་གཅིག་རིང་སློབ་གྲྭའི་ལས་དོན་སྤྱི་དང་བྱེ་བྲག་སློབ་དགེ་རྣམ་པས་ལས་འགན་སྒྲུབ་ཕྱོགས་སྐོར་ལ་དམིགས་བསལ་ལྷན་ཚོགས་ཤིག་དྷ་སར་འཚོགས་ཏེ་ཚོགས་ཆུང་ཁག་ཉི་ཤུར་བགོས་ནས་གོ་བསྡུར་དང་དེ་ནས་རྒྱས་འཛོམས་ཀྱིས་ཐག་གཅོད་དང༌། བར་བར་དུ་མཁས་དབང་གདན་ཞུས་ཀྱིས་གསུང་བཤད་བགྲོ་གླེང་ཞིབ་ལྷོད་གནང༌། གྲོས་ཆོད་ནང་སློབ་ཚན་བྱིངས་ཀྱི་དགེ་རྒན་ལ་མཐོ་དམའ་འབྲིང་གསུམ་གྱི་དབྱེ་བ་ཡོད་པ་བཞིན་བོད་དགེ་ཚོར་ཡང་རིམ་པ་དེ་མཚུངས་དགོས་པ་དང༌། སློབ་དེབ་ཙམ་གྱིས་མི་འགྲིགས་པར་ཟུར་བལྟའི་ཀློག་དེབ་ཏུ་འཁྲུངས་རབས་དང༌། མདོ་མཛངས་བླུན། གླིང་གེ་སར་གྱི་སྒྲུང༌། རོ་སྒྲུང༌། ནོར་བཟང་དང་གཟུགས་ཀྱི་སྙེ་མ་སོགས་རི་མོས་བརྒྱན་ཏེ་པར་སྐྲུན་དགོས་པ། སློབ་གྲྭ་ཁག་གི་སྒྲིག་གཞི་དམ་ལྷོད་གཅིག་གྱུར་གཏན་འབེབས་དགོས་པ། ཚན་རིག་སོགས་ཀྱི་ཐ་སྙད་གསར་པ་བོད་སྐད་དུ་གསར་བཟོ་གཏན་འབེབས་དགོས་པ། དགེ་རྒན་ཕ་མའི་ཚོགས་ཆུང་དང་ས་གནས་འཛིན་སྐྱོང་ཚོགས་ཆུང་གི་ནུས་པ་ཆེར་སྐྱེད་གནང་དགོས་པ། བོད་ཕྲུག་མཐའ་སྐྱོའི་སློབ་ཡོན་ལ་ཕན་ཆེད་སློབ་གྲྭ་སོ་སོས་ཟློས་གར་འཁྲབ་སྟོན་དང་རྩེད་སྣ་འགྲན་བསྡུར། ཚོང་འདུས་འཚོགས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་མ་དངུལ་བསགས་ཏེ་ཤེས་རིག་ལས་ཁུངས་སུ་འབུལ་དགོས་པ། སྔོན་འགྲོའི་སློབ་གྲྭ་གལ་ཆེར་བརྟེན་རོགས་རམ་མ་ཐོབ་ཀྱང་རང་ངོས་ནས་ས་གནས་སོ་སོར་འཛུགས་ཐབས་བྱེད་དགོས་པ་སོགས་གསལ།
༤༽    ཕྲུ་གུའི་ཤེས་ཡོན་སློབ་སྦྱོང་གི་འགན་འཁྲི་གཞུང་དང་སློབ་གྲྭར་འགེལ་རྐྱང་མ་ཡིན་པར། འབྲེལ་ཡོད་ཕ་མའི་ངོས་ནས་ཀྱང་ཕྲུ་གུའི་ཤེས་ཡོན་ལ་དོ་སྣང་དང་སློབ་གྲྭར་གཞོགས་འདེགས་གནང་དགོས་ཧ་ཅང་གལ་ཆེན་ཡིན་པ་འདས་པའི་ལོ་ངོ་བཅུ་གྲངས་ཀྱི་ཉམས་མྱོང་ཐོག་ནས་ཧ་ཅང་གསལ་པོར་གྱུར་པར་བརྟེན། སློབ་གྲྭ་དང་ཕ་མ། དགེ་རྒན། སློབ་ཕྲུག་སོགས་ཤེས་ཡོན་དང་འབྲེལ་ཐོགས་རྣམས་མཉམ་འཛོམས་གོ་བསྡུར་དང་འབྲེལ་ལམ་ཟབ་མོ་བསྐྲུན་ཐབས་མང་པོ་གསར་གཏོད་དགོས་པའི་ནང་ནས། གལ་འགངས་ཆེ་བ་གཅིག་ནི་ལོ་རེར་བོད་རིགས་ཕ་མའི་དུས་ཆེན་ཞེས་གཅིག་ནས་སློབ་ཕྲུག་ཚོས་ཕ་མའི་བཀའ་དྲིན་དྲན་གསོ་དང༌། གཉིས་ནས་ཕ་མ་དང་སློབ་ཕྲུག དགེ་རྒན་རྣམས་སློབ་གྲྭར་འཛོམས་ཏེ་དུས་ཆེན་སྲུང་བརྩི་བྱེད་ལམ་གསར་གཏོད་ཐུབ་ན་ཕན་ཁྱད་ཆེན་པོ་ཡོང་རྒྱུར་སོང༌། དུས་ཚེས་ཐད་ཕྱི་ཟླ་ ༣ ཚེས་ ༥ དེ་བཞིན་ྋརྒྱལ་ཡུལ་ཆེན་མོ་མཆོག་གི་སྐུའི་འཁྲུངས་ཚེས་ཡིན་པར་མ་ཟད། སྐབས་དེར་སློབ་གྲྭ་མང་ཆེ་བའི་ཚུགས་དུས་དང་སྟབས་འཁེལ་ལ་བརྟེན། དེ་ལུགས་ྋརྒྱལ་ཡུམ་ཆེན་མོར་སྙན་གསན་ཞུས་རྗེས་རང་གཞུང་བཀའ་ཤག་ལ་འཆར་འབུལ་བཀའ་འཁྲོལ་ཞུས་སྩལ་ལྟར་ཉིན་དེ་བོད་རིགས་ཕ་མའི་ཉིན་མོར་གཏན་ལ་ཕབ།

ཟླ་དྲུག་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་དམིགས་བཀར་འོས་སྦྱོང་པ་སིམ་ལ་གཏན་སློབ་ཀྱི་འཛིན་རིམ་ ༡༡ པ་སློབ་ཐོན་གྱི་སློབ་ཕྲུག་དང་དགེ་རྒན་རྣམ་པ་ཕྱི་ལོ་ ༡༩༧༧ ལོར་བསྒྲོན་པ། གཡས་ནས་བརྩིས། མདུན་གྲལ་དང་པོ། ༡༽ ཕུན་ཚོགས། དེང་སྐབས་བྷེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན། ༢༽ མིང་རྩད་མ་ཆོད། ༣༽ ངག་དབང་རྒྱ་མཚོ། ༤༽ བཀྲ་ཤིས་དོན་གྲུབ། ༥༽ ཟླ་བ་བཀྲ་ཤིས། ༦༽ ཟླ་བ་ཚེ་རིང༌། དེང་སྐབས་དབུས་གཙང་སྤྱི་འཐུས། ༧༽ སུ་ཡིན་རྩད་མ་ཆོད། ༨༽ ཚེ་རིང་དོན་གྲུབ། ༩༽ ཚེ་རིང༌། དེང་སྐབས་ལ་དྭགས་བོད་ཁྱིམ་དགེ་རྒན། གྲལ་གཉིས་པ། ༡༽ ཡེ་ཤེས། ༢༽ བདེ་སྐྱིད་སྒྲོལ་དཀར། ༣༽ དབྱངས་ཅན་སྒྲོལ་དཀར། ༤༽ བོད་དགེ་བྱམས་པ་ཆོས་གྲགས། ༥༽ བོད་རིགས་སློབ་སྤྱི་ངག་དབང་ཤེས་རབ། ༦༽ རྒྱ་གར་སློབ་སྤྱི། ༧༽ མིང་རྩད་མ་ཆོད། ༨༽ ཨ་ནེ་ཚེ་རིང་སྒྲོལ་དཀར། ༩༽ གཟེ་མ། ༡༠༽ ཀུན་དགའ་མཚོ་མོ། དེང་སྐབས་མེས་དབོན་གཙུག་ལག་སློབ་གྲྭའི་དགེ་རྒན གྲལ་གསུམ་པ། ༡༽ ངག་དབང་སྒྲོལ་མ། ༢༽ སྒྲོལ་མ་མཚོ། ༣༽ བསྟན་དར། ༤༽ མིང་རྩད་མ་ཆོད། ༥༽ བུ་ཟླ་བ། ༦༽ དཔལ་ཆུང༌། ༧༽ བཀྲ་ཤིས་ཕུན་ཚོགས། ༨༽ དབང་རྒྱལ། ༩༽ ཚེ་རིང་དབང་རྒྱལ། ༡༠༽ དོན་གྲུབ། ༡༡༽ བསོད་ནམས་ཆོས་སྐྱིད། ༡༢༽ གྲལ་བཞི་པའམ་རྒྱབ་གྲལ། ༡༽ དགྲ་འདུལ། ཕྱིས་སུ་དགེ་བཤེས་དགྲ་འདུལ་ཞུ ༢༽ ཡེ་ཤེས་འཕྲིན་ལས། ༣༽ བཀྲ་ཤིས་རྡོ་རྗེ། ༤༽ ཟླ་བ་རྒྱལ་མཚན། ༥༽ བློ་བཟང་བསྟན་འཛིན། ༦༽ མིང་རྩད་མ་ཆོད། ༧༽ མི་འགྱུར། ༨༽ རྒྱ་མཚོ། ༩༽ བསྟན་འཛིན་གྲགས་པ། ༡༠༽ བསོད་ནམས།

༥༽    གཞི་རིམ་འོག་མའི་འཛིན་གྲྭ་ཁག་གི་དགེ་རྒན་དུ་རྒྱ་གར་བ་བསྐོ་བཞག་བྱས་ཚེ་སྐད་བརྡ་མ་འཕྲོད་པར་བརྟེན་ནས་སློབ་སྦྱོང་གི་གཞི་རྩ་ཚུགས་རྒྱུར་དཀའ་ངལ་ཧ་ཅང་ཆེ་བར་བརྟེན། སློབ་རིམ་འདི་དག་ལ་གཙོ་བོ་བོད་རིགས་དགེ་རྒན་བསྐོ་ཐབས་ལོ་ཤས་ནས་འབད་བརྩོན་བྱས་ཤིང༌། ལྷག་པར་འདི་ལོ་སིམ་ལ་དང་དྷ་རམ་ས། བྷེང་ལོར་བཅས་ནས་གཞི་རིམ་བར་མ་དང་འོག་མའི་དགེ་རྒན་འོས་སྦྱོང་ཐོན་པ་ ༥༢ ཡོད་པ་ཚང་མ་སློབ་གྲྭ་ཁག་ཏུ་བསྐོ་བཞག་ཐུབ་པ་བྱུང༌།
༦༽    ལྡི་ལི་བཟོ་གཞིས་ཚོགས་པའི་ཁྱབ་ཁོངས་སྤོན་ཊ་དང༌། སྤུ་རུ་ཝ་ལ། སྦིར། ཀམ་རའོ། ཁམས་ཀཿཐོག་བཅས་ཀྱི་སློབ་གྲྭ་ཁག་ལྔའི་དེ་སྔའི་དགེ་རྒན་རྣམས་ལ་འོས་སྦྱོང་ཡོད་མེད་ཅི་རིགས་འདུག་པར་ཞིབ་འཇུག་གིས་དགེ་རྒན་འོས་སྦྱོང་ཡོད་པ་ཤ་སྟག་བསྐོ་བཞག་བྱས།
༧༽    གཏན་སློབ་ཁག་ཏུ་དེ་སྔ་ཕ་ཚབ་མ་ཚབ་ཡོད་པ་བར་ལམ་ནས་འཁུ་བསྡུ་གནང་ཡོད་ཀྱང༌། ཉེ་ཆར་ནས་སློབ་གྲོན་ཆ་ཚང་ངམ་ཆ་ཤས་རང་ཁུངས་ནས་བསྡུས་ཏེ་སློབ་འཇུག་བྱས་པའི་ཕྲུ་གུ་ཆུང་འཛར་མང་བར་བརྟེན། རྒྱ་གར་གཞུང་ལ་འབོད་སྐུལ་གྱིས་དེ་དག་གི་གཙང་སྦྲ་དང་འཕྲོད་བསྟེན་ལ་ལྟ་རྟོག་བྱེད་མཁན་བུ་ཕྲུག་གྲངས་ ༥༠ རེར་མ་མ་རེ་བསྐོ་བཞག་གནང་གཏན་འཁེལ།
༨༽    མའི་སོར་མ་ར་ཌའི་འཛིན་སྐྱོང་ཁོངས་ཡོད་པའི་ཀོ་ལི་གྷར་དང༌། ཅོག་ཀུར་སློབ་གྲྭ་དང༌། མོན་གྷོ་གཞིས་ཁོངས་ཡན་ལག་སློབ་གྲྭ་གཉིས་བཅས་པ་རྣམས་བོད་སློབ་འཛིན་ཚོགས་ལ་རེ་སྐུལ་ཞུས་པ་ལྟར་ཕྱི་ལོ་ ༡༩༧༨ ཟླ་ ༣ ནས་རྩིས་བཞེས་གནང་གཏན་འཁེལ།
༩༽    སིམ་ལའི་ཕུ་ཁ་ར་པ་ཐར་སློབ་གྲྭར་བཅར་མཁན་སློབ་ཕྲུག་མང་པོ་ཞིག་ཉིན་ལྟར་ས་ཐག་རིང་པོ་ནས་ཚུར་ཡོང་ཕར་ལོག་བྱེད་དགོས་དཀའ་ཉེན་ཆེ་བར་བརྟེན། སློབ་ཕྲུག་དེ་རིགས་ཀྱི་སྡོད་ཡུལ་དུ་ཤེས་རིག་ལས་ཁུངས་ཀྱིས་ཧིན་སྒོར་༤༥༠༠ སྤྲད་དེ་ཁང་པ་ཞིག་ཉོས་ཏེ་རྩིས་སྤྲོད་བྱས།
༡༠༽    ལྡི་ལི་བཟོ་གཞིས་ཚོགས་པའི་ཁོངས་ཀྱི་སློབ་གྲྭ་རྣམས་ལ་སློབ་ཕྲུག་མང་པོ་མེད་པར་བརྟེན། ས་ཁུལ་སོ་སོར་འབྲིང་རིམ་སློབ་གྲྭ་རེ་འཛུགས་ཐབས་བྲལ་བའི་གནས་སྟངས་འོག་བཟོ་གཞིས་ཚང་མ་དང་ས་ཐག་ཉེ་ཁུལ་ཞིག་ཏུ་འབྲིང་སློབ་ཡག་པོ་ཞིག་བྱུང་ན་ཚང་མ་འདོད་ཁེངས་ཡོང་བ་མཐོང་སྟབས། བཟོ་གཞིས་འགོ་འཛིན་ཁག་དང་མོལ་བསྡུར་གནང་སྙིང་སྤོན་ཊའི་སློབ་གྲྭ་དེ་བཞིན་འོས་བབས་ཆེ་ཤོས་སུ་མཐོང་བ་ལྟར་སློབ་གྲྭ་དེར་ཉལ་ཁང་ཟུར་འཛིན་བྱ་རྒྱུ་དང༌། སློབ་གྲོན་ཕྲུ་གུ་རེར་སྒོར་ ༥༠ དགོས་པའི་ཕྱེད་འབབ་ཤེས་རིག་ལས་ཁུངས་ཀྱིས་གནང་རྒྱུ་དང་ཕྱེད་འབབ་ཕ་མས་འབུལ་དགོས་ཐག་གཅོད་བྱས།
༡༡༽    ལོ་འདིར་བཙན་བྱོལ་ནང་གསར་བཙས་བོད་ཕྲུག་མཐའ་སྐྱོའི་ཁོངས་སུ་སློབ་སྦྱོང་གི་མཐུན་རྐྱེན་ཤིན་ཏུ་ཞན་པའི་བལ་ཡུལ་གློ་དང་དོལ་པོ། རྣམ་པ་ཀུན་ལྡན། གློའི་དམག་ཁོངས་སྤོག་ར། སྒང་ཏོག་ཁུལ་ལམ་བཟོ་བ་ཁག གཞན་ཡང་ཁ་འཐོར་ས་ཁུལ་ཁག་ནས་ཉམ་ཐག་དངོས་འབྲེལ་བཅས་གནས་སྟངས་ཞིབ་འཇུག་ཆེད་མི་འགྲོ་ཆེད་གཉེར་འདེམས་སྒྲུག་གིས་སློབ་གྲོན་རྩ་ཆག ༢༢ ཤེས་རིག་གིས་སྒོར་ ༢༠ གནང་དགོས་བུ་ཕྲུག་ ༧ སྒོར་ ༢༥ གནང་དགོས་བུ་ཕྲུག་ ༥ སྒོར་ ༥༠ གནང་དགོས་བུ་ཕྲུག་ ༣༥ སྒོར་ ༦༥ གནང་དགོས་བུ་ཕྲུག་ ༡༣ སྒོར་ ༨༠ གནང་དགོས་བུ་ཕྲུག་ ༡༥ བཅས་ཁྱོན་བསྡོམས་བུ་ཕྲུག ༡༠༠ སློབ་འཇུག་གནང༌།འདིའི་ཁོངས་ནས་སློབ་ཕྲུག ༡ འཐེན་འཕྲོས་དངོས་སུ་སློབ་འཇུག་བྱས་པ་༩༩ ཡིན་འདུག དེའི་ཐོག་ཨའི་ཨེམ་རོགས་ཚོགས་ཀྱིས་ཕྲུ་གུ་རེར་སྒོར་ ༥༠ གནང་སྟེ་སློབ་འཇུག་བྱས་པ་ ༡༣ ཕ་མ་རང་ངོས་ནས་སློབ་གྲོན་ཆ་ཚང་ཕུལ་ཏེ་སློབ་འཇུག་བྱས་པ་ ༢༧༠ དྷ་ས་བོད་ཕྲུག་ཁྱིམ་སྡེས་རང་ཁོངས་བུ་ཕྲུག་ཌལ་ཧོར་གཏན་སློབ་ཏུ་སློབ་གྲོན་ཆ་ཚང་དང་བཅས་སློབ་འཇུག་གནང་བ་ ༡༠༣ བཅས་ཁྱོན་བུ་ཕྲུག ༤༨༥ གཏན་སློབ་ཁག་ནང་སློབ་འཇུག་བྱས།
༡༢༽    བཙན་བྱོལ་ནང་གསར་བཙས་བོད་ཕྲུག་མཐའ་སྐྱོ་རྣམས་གཏན་སློབ་ཁག་ཏུ་སློབ་འཇུག་ཐུབ་ཆེད་༡༩༧༦ ལོ་ནས་བོད་ཕྲུག་མཐའ་སྐྱོའི་མ་དངུལ་ཞེས་པའི་ལས་འགུལ་གསར་དུ་བརྩམས་ཏེ་ཕྱི་རྒྱལ་རོགས་ཚོགས་དང་སྒེར་པ། ཕྱི་རྒྱལ་དུ་གནས་འཁོད་རང་རིགས་སོགས་ལ་རོགས་དངུལ་བསྡུ་སློང་གི་འབོད་སྐུལ་རྒྱ་གང་ཆེ་གནང་བ་ལྟར། ལོ་འདིར་ཨོ་སི་ཊི་ལི་ཡ་ཁུལ་ནས་ཧིན་སྒོར་ ༦༣༢༧།༦༠ མ་ལའི་ཤི་ཡ་ཁུལ་ནས་ཧིན་སྒོར་ ༢༤༢༥ མེག་སི་ཀོ་ཁུལ་ནས་ཧིན་སྒོར་ ༣༨༣ སུད་ཌན་ཁུལ་ནས་ཧིན་སྒོར་ ༡༠༤༥༠།༠༠ སུད་སི་ཁུལ་ནས་ཧིན་སྒོར་ ༡༩༦༡།༣༤ དབྱིན་ཡུལ་ཁུལ་ནས་ཧིན་སྒོར་༡༨༢༤།༨༠ ཨ་རི་ཁུལ་ནས་ཧིན་སྒོར་ ༥༤༦༩།༢༧ རྒྱ་གར་ནང་གི་བོད་རིགས་སོགས་ནས་ཧིན་སྒོར་ ༥༦༤༥ བཅས་ཁྱོན་བསྡོམས་ཧིན་སྒོར་ ༣༤༤༨༦།༥༢ བྱུང༌།