༡༩༧༦

༡༽    ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ ༤༤ མཐོ་སློབ་དང་སྦྱོང་བརྡར་ཁང་ཁག་གི་ནང་རིམ་པ་འདྲ་མིན་གྱི་སློབ་སྦྱོང་བྱེད་མཁན་ཁྱོན་བོད་ཕྲུག ༩༨༡༡ ཡོད། གཞི་རིམ་འཛིན་གྲྭ་བཅུ་གཅིག་མན་གྱི་སློབ་གྲྭ་ ༤༤ ཡོད་པའི་ནང་སློབ་ཕྲུག་གྲངས་ ༩༦༡༥ དང་དགེ་ལས་གྲངས་ ༦༨༢ ཡོད།
༢༽    ལོ་འདིར་འཛིན་རིམ་ ༡༡ ཐོན་པའི་སློབ་ཕྲུག་ཁྱོན་བསྡོམས་ ༡༤༠ བྱུང་བའི་ཁོངས་ནས་མཐོ་སློབ་ཏུ་ ༣༢ དང༌། དྲུང་ཡིག་སློབ་སྦྱོང་དུ་ ༢ ལྕགས་པར་སྦྱོང་བར་ ༢ སྨན་ཞབས་སྦྱོང་བར་ ༢ དགེ་འོས་སུ་བུ་མོ་ ༡༤ རྩིས་པའི་སློབ་སྦྱོང་དུ་ ༢ ལས་ཁུངས་ཁག་ནང་ལས་བགོས་བྱས་པ་ ༤ པ་ཆ་མ་རིར་བཟོ་སློབ་ཏུ་ ༡ མུ་མཐུད་སློབ་སྦྱོང་བྱེད་འདོད་མེད་པ་ ༤ དྭང་སློབ་ཁོངས་བསྐྱོད་པ་ཕོ་མོ་གྲངས་༢༩ རིགས་ལམ་སློབ་གྲྭར་གྲྭ་ཞུགས་བྱས་པ་ ༢ སློབ་སྦྱོང་དུ་བསྐྱོད་ཡུལ་མེད་པར་བར་ལྡིང་དུ་ལུས་པ་ ༤༦ བཅས་བྱུང་ཡོད། དེ་ལྟར་ལུས་དོན་ནི། ཐོག་མའི་འཆར་གཞི་ལྟར་ན། འདི་ལོའི་སློབ་ཐོན་རྣམས་ཐོག་མར་དྭང་སློབ་ཏུ་ཟླ་བ་དྲུག་བསྐྱོད་དགོས་པ་དང༌། དེ་རྗེས་མཐོ་སློབ་སོགས་སུ་གཏོང་རྒྱུ་བཀོད་སྒྲིག་བྱེད་དགོས། འོན་ཀྱང་གློ་བུར་གནས་ཚུལ་ལ་འགྱུར་བ་བྱུང་སྟེ་ཚང་མ་དྭང་སློབ་ཏུ་གཏོང་མ་ཐུབ་པ་དང་གཅིག སྔ་ལོ་ཟླ་དྲུག་དྭང་སློབ་ཏུ་བཏང་བ་རྣམས་འདི་ལོ་མཐོ་སློབ་ཏུ་གཏོང་དགོས་པ་དང་གཉིས་སོགས་ཀྱིས་སློབ་ཡོན་མ་ལྡང་བར་བརྟེན་སློབ་ཕྲུག ༤༦ བར་ལྡིང་དུ་ལུས་པ་རེད།
༣༽    འཛིན་གྲྭ་ ༡༡ ཐོན་རྗེས་སིམ་ལ་དྷ་རམ་ས་ལ། བྷེང་ལོར་བཅས་ཀྱི་རྒྱ་གར་གྱི་དགེ་རྒན་འོས་སྦྱོང་ཁང་ནས་འོས་སྦྱོང་བྱས་ཟིན་པའི་བོད་ཕྲུག ༣༠ སྐོར་ལ་སླར་ཡང་ཕྱི་ཟླ་ ༧ ཚེས་ ༥ ནས་ཟླ་བ་དྲུག་རིང་དྷ་ཤོད་ཟུར་གསོག་ཏུ་དམིགས་བཀར་བོད་ཀྱི་སྐད་ཡིག་དང་ནང་ཆོས། ཆོས་འབྱུང༌། རྒྱལ་རབས་སོགས་ཀྱི་སྦྱོང་བརྡར་སྤྲད་པར་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཞིང༌། དེ་དག་གཏན་ཉིན་སློབ་ཁག་ཏུ་བསྐོ་བཞག་བྱེད་འགོ་བཙུགས། སྦྱོང་བརྡར་འདིའི་འགན་འཛིན་དུ་དགེ་རྒན་གྱི་བྱ་བར་ཤེས་ཚད་དང་མྱོང་རྒྱུས་ཟབ་པའི་སིམ་ལའི་སློབ་དགེ་བྱམས་པ་ཆོས་གྲགས་ལགས་ཆེད་མངགས་བསྐོ་བཞག་བྱས་ཤིང༌། རིགས་སློབ་དབུ་དགེ་དགེ་བཤེས་བློ་བཟང་རྒྱ་མཚོ་སོགས་ཀྱིས་སློབ་ཁྲིད་གནང༌།
༤༽    རྒྱ་གར་ནང་གཞི་རིམ་སློབ་གྲྭའི་སློབ་རིམ་ལ་བསྒྱུར་བཅོས་ཀྱིས་འཛིན་རིམ་ ༡༡ ནས་ ༡༢ དུ་སྤར་ཟིན་པ་ལྟར། བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཀྱང་འདི་ལོ་ནས་འཛིན་རིམ་ ༡༢ དུ་སྤར་རྒྱུར་གཏན་འཁེལ་བྱུང༌།
༥༽    ལོ་འདིའི་ཕྱི་ཟླ་ ༨ པ་ནས་པ་ཆ་མ་རིའི་བཟོ་ལས་སློབ་གྲྭ་བསྐྱར་དུ་སྒོ་འབྱེད་བྱས་ཏེ་འཛིན་རིམ་ ༥།༦ ཐོན་པ་གྲངས་ ༢༢ ཡོད་པར་བོད་ཕྱོགས་ནས་ལྟ་རྟོག་བྱེད་མི་བོད་དགེ་གཅིག་ལྕོགས་ཤིག་བསྐོས། སློབ་སྦྱོང་ཐད་སློབ་ཕྲུག ༨ ལ་ལོ་གཉིས་རིང་ལྕགས་དཀྲུག་སློབ་སྦྱོང་དང༌། སློབ་ཕྲུག ༦ ལ་ལོ་གཉིས་རིང་ལྕགས་དཀྲུག་བཅད་ཁ་སྒྲིག་བཟོ། སློབ་ཕྲུག ༨ ལ་ལོ་གཅིག་རིང་ཤིང་བཟོ་བཅས་བསླབ་གཏན་འཁེལ། རྩ་བའི་སློབ་གྲྭ་དེར་སློབ་ཕྲུག ༨༠ ཐམ་པ་ལོངས་པ་བཟོ་རྒྱུའི་འཆར་གཞི་བཀོད།
༦༽    རྒྱ་གར་ནང་གསར་བཙས་བོད་ཕྲུག་སློབ་འཇུག་གི་གོ་སྐབས་མ་ཐོབ་པ་ཚོར་སློབ་གྲོན་ཕྱེད་འབབ་ཧིན་སྒོར་ ༡༠༠ ཐམ་པ་རེ་ཕུལ་ཏེ་སློབ་འཇུག་བྱས་འཐུས་གཏན་འཁེལ་ལྟར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་ནས་ཧིན་སྒོར་ ༡༠༠༠༠༠ དང༌། ཀ་ཏ་ཡིད་ཆེས་དགེ་རྩའི་རྩ་དོན་དམིགས་ཡུལ་ལྟར་འདི་ལོ་ནས་བཟུང་སྐྱེད་འབབ་ཐོག་ནས་ཧིན་སྒོར་ ༧༠༠༠༠ གསོལ་སྩལ་བཀའ་དྲིན་ཆེ་ཐོག དབྱིན་ཡུལ་བྱིས་པའི་རོགས་ཚོགས་ཀྱིས་སློབ་ཕྲུག༌༥༧ ལ་སློབ་ཡོན་ཕྱེད་འབབ་བཅས་རོགས་རམ་ཐོབ་རིགས་རྣམས་བོད་མི་ཁ་འཐོར་དུ་གནས་སྡོད་བྱ་ཡུལ་ཀྲུའུ་ཀྲིང་དང༌། སིམ་ལ་ཕུ། ལ་དྭགས། རྡོར་གླིང༌། ཀ་སྦུག་སོགས་ལ་སློབ་ཡོན་རྩ་ཆག་དང༌། སྣེ་སེལ། ཕྱེད་འབབ་སོགས་ཇི་བྱེད་ཀྱི་ཁ་གྲངས་དྲང་སྙོམ་ཆ་བགོས་བྱས་ཏེ་འདེམས་སྒྲུག་བྱས། ཞིབ་ཕྲའི་གནས་ཚུལ་གཤམ་གསལ།

ཟླ་དྲུག་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་དམིགས་བཀར་འོས་སྦྱོང་པ་དང་དགེ་རྒན་རྣམ་པ། ༡༩༧༦ ལོར་བསྒྲོན།

གཡས་བརྩིས། མདུན་གྲལ། ༡༽ སྐལ་བཟང་དོན་ལྡན། ༢༽ སྤེན་པ་སྟོབས་རྒྱལ། ༣༽ ནོར་བུ་བསམ་འཕེལ། ༤༽ དགེ་རྒན་བྱམས་པ་ཆོས་གྲགས། ༥༽ དགེ་རྒན་བློ་བཟང་རྒྱ་མཚོ། ༦༽ ཤེས་རིག་གནད་ཡོད་ལས་བྱེད་བྱམས་པ་ཡོན་ཏན། ༧༽ དགེ་རྒན་བྱང་ཆུབ་ཚུལ་ཁྲིམས། ༨༽ དཔལ་རྣམ། ༩༽ ཉི་མ་རྒྱལ་མཚན།
    བར་གྲལ། ༡༽ རྟ་མགྲིན་ཆོས་འཕེལ། ༢༽ བློ་གྲོས་ཕུན་ཚོགས། ༣༽ རྣམ་རྒྱལ་བུ་ཁྲིད། ༤༽ ཀུན་བཟང་ཆོས་སྒྲོན། ༥༽ ཚེ་བརྟན་སྒྲོལ་མ། ༦༽ མེ་ཏོག་སྒྲོལ་མ། ༧༽ དཀོན་མཆོག་ལྷ་སྒྲོན། ༨༽ བློ་བཟང་ཆོས་སྒྲོན། ༩༽ སྒྲོལ་མ་ཚེ་རིང༌། ༡༠༽ རིན་ཆེན་སྒྲོལ་མ། ༡༡༽ ཚེ་རིང་རྡོ་རྗེ། ༡༢༽ ཚེ་དབང་སྟོབས་རྒྱལ།
    རྒྱབ་གྲལ། ༡༽ ཚེ་དབང་ཡོན་ཏན། ༢༽ སྐལ་བཟང་རྒྱ་མཚོ། ༣༽ བསོད་ནམས་དོན་གྲུབ། ༤༽ ནོར་ལྷ་ཚེ་རིང༌། ༥༽ བསོད་ནམས་རྡོ་རྗེ། ༦༽ རྡོ་རྗེ་ཚེ་དཔལ། ༧༽ ཉི་མ་ནོར་བུ། ༨༽ འཆི་མེད་ཡོན་ཏན། ༩༽ ཚེ་དབང་ནོར་བུ། ༡༠༽ འབྲུག་རྒྱལ་འབྲོང་ཆུང༌།

        གོང་གསལ་དངུལ་འབོར་ཆ་བགོས་ཀྱིས་སློབ་འཇུག་བྱས་པ་སློབ་ཕྲུག༌༨༥ སིམ་ལ་དང་ཌལ་ཧོར། རྡོར་གླིང་བཅས་ཀྱི་སློབ་སྤྱི་གསུམ་ནས་རོགས་རམ་གནང་བ་ ༣ ཕྱི་རྒྱལ་མི་རིགས་གསུམ་གྱིས་རོགས་རམ་གནང་བ་ ༣ སློབ་གྲོན་ཆ་ཤས་སྒོར་ ༤༠ ཕ་མས་ཕུལ་ཏེ་ཁ་གསབ་དབྱིན་ཡུལ་རོགས་ཚོགས་ཀྱིས་ཁ་སྣོན་གནང་བ་ ༥༧ སློབ་གྲོན་ཆ་ཚང་ཕ་མས་ཕུལ་བ་ ༢༡༡ དྷ་ས་བོད་ཁྱིམ་ནས་སློབ་གྲོན་ཆ་ཚང་གནང་བ་ ༡༧༤ བཅས་ཁྱོན་བསྡོམས་སློབ་ཕྲུག ༥༣༣ སློབ་འཇུག་བྱས། ༼སློབ་གྲོན་ཆ་ཤས་ཕ་མས་འབུལ་དགོས་ཁོངས་ནས་ས་གནས་བདེ་དོན་ཁ་ཤས་ཀྱིས་དུས་ཐོག་ཕྲུ་གུ་འདེམས་གཏོང་མ་ཐུབ་པ་ ༩༣ བྱུང་ཡོད། འདིའི་སྐོར་ཞིབ་ཕྲ་མཁྱེན་འདོད་ཡོད་པ་ཚོས་སྐབས་དེའི་སློབ་འཇུག་ཡིག་ཆ་དང་ལོ་འཁོར་ལས་བསྡོམས་སུ་གཟིགས།༽ དེ་བཞིན་ད་དུང་སློབ་འཇུག་མ་ཐུབ་པ་རྣམས་ཐུབ་ཐབས་སུ་རོགས་རམ་བསྡུ་སློང་གི་སློང་ཡིག་བཟོས་ཏེ་ཕྱི་ནང་རོགས་ཚོགས་ཁག ༩༠༠ ལ་བཏང་སྟེ་སློབ་གྲོན་ཐབས་འཚོལ་སྒོ་གང་ས་ནས་ཞུ་འགོ་བཙུགས་ཤིང༌། སློབ་ཡོན་ལས་གཞི་འདིར་བོད་ཕྲུག་མཐའ་སྐྱོའི་མ་དངུལ་ཟེར་ཞིང༌། ཕྱིས་སུ་བོད་ཕྲུག་མཐའ་སྐྱོའི་སློབ་ཡོན་དང་བདེ་དོན་མ་དངུལ་ཟེར། ཕྱི་ལོ་ ༡༩༨༡ ཟླ་ ༨ ཚེས་ ༢༤ ཉིན་ལས་གཞི་འདི་ཉིད་རྒྱ་གར་གཞུང་གི་ཁྲིམས་ལུགས་ཆ་རྐྱེན་འོག་ཁེ་མེད་ཚོགས་པའི་ངོ་བོར་དེབ་སྐྱེལ་བྱས་ཡོད།
༧༽    ལོ་འདིར་ཕ་རན་སིར་མཐོ་རིམ་སློབ་སྦྱོང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་ཐོན་མི་བཞི་བཏང༌།
༨༽    འདི་ལོ་གུང་གསེང་ལ་བླངས་རྗེས་སློབ་གྲྭར་ཕྱིར་ལོག་མ་བྱས་པ་ཕྲུ་གུ་ ༡༥ ལས་མ་བྱུང་ཡང༌། དེ་དག་དུས་ཐོག་ཕ་མ་སོ་སོས་སློབ་གྲྭར་མ་བསྐྱལ་ཚེ། དེ་སྔོན་སློབ་སྦྱོང་སྤྲད་པའི་དུས་ཡུན་གྱི་སློབ་གྲོན་བརྒྱ་ཆ་ ༢༥ སྒྲུབ་འབུལ་ཞུ་དགོས་པའི་བཀོད་ཁྱབ་བཏང་བ་ལྟར་སློབ་ཕྲུག ༣ གྱིས་སྒྲུབ་འབུལ་ཞུས། དེ་བྱིངས་ཀྱིས་ཕ་མ་རྒས་གཅོང་ལ་ལྟ་རྟོག་བྱེད་དགོས་ཁར་འཁོས་ཞན་ཉམ་ཐག་ཡིན་པས་ཉེས་ཆད་སྒྲུབ་དམིགས་མེད་ལུགས་ཐོག་ས་གནས་གཞིས་འགོས་ཀྱང་རྒྱབ་གཉེར་རིམ་བསྟུད་ཕུལ་སྟབས་རང་འདོད་བཞིན་མ་འཇོག་ཀ་མེད་ཆགས།