༡༩༧༤

༡༽    ལོ་འདིའི་ནང་ཁྱོན་བསྡོམས་གཞི་རིམ་སློབ་གྲྭ་ ༣༥ ནང་སློབ་ཕྲུག་གྲངས་ ༦༢༣༤ ཡོད། ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ་གཞིས་ཆགས་བཅས་ནས་འཛིན་རིམ་ ༡༡ གི་ཡིག་རྒྱུགས་ནང་ཨང་སྡེ་དང་པོ་ ༥ གཉིས་པ། ༧༧ གསུམ་པ་ ༡༩ རྒྱུགས་མ་འཕྲོད་པ་ ༢༣ བཅས་ཁྱོན་ ༡༢༤ བྱུང༌།
༢༽    ལོ་འདིར་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སློབ་སྦྱོང་དུ་སློབ་ཕྲུག ༣༨ དང༌། དགེ་རྒན་འོས་སྦྱོང་དུ་ ༥༦ ལུས་རྩལ་སློབ་སྦྱོང་དུ་ ༥ སྨན་ཞབས་སློབ་སྦྱོང་དུ་ ༥ དྲུང་ཡིག་སློབ་སྦྱོང་དུ་ ༡ ཤེས་རིག་ཟློས་གར་དུ་ ༡ ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཏེ་དགེ་འོས་སུ་བཏང་བ་ ༣ བཅས་བྱུང༌།
༣༽    གཞི་རིམ་དགེ་རྒན་གྱི་ས་མིག་རྣམས་སུ་རིམ་པས་བོད་རིགས་དགེ་རྒན་བསྐོ་བཞག་བྱ་རྒྱུའི་འཆར་གཞི་བཀོད།
༤༽    ཤེས་རིག་ཚོགས་ཆེན་གྱི་གྲོས་ཆོད་ནང་ཡིད་ཆེས་སློབ་ཡོན་གྱི་མ་དངུལ་འཛུགས་རྒྱུ་གསལ་ཡང༌། འདི་རིགས་ལ་མ་དངུལ་ཕོན་ཆེ་གནང་མཁན་དཀའ་བ་དང༌། དེ་མིན་སློབ་ཕྲུག་གྲངས་ངེས་ཅན་ལ་སློབ་ཡོན་གནང་མཁན་ཐབས་འཚོལ་བདེ་བར་བརྟེན། ཤེས་རིག་ནས་ཡིད་ཆེས་སློབ་ཡོན་དང་སློབ་ཕྲུག་གྲངས་ངེས་ཅན་ལ་སློབ་ཡོན་འཚོལ་རྒྱུ་གཉིས་ཀ་ལག་ལེན་དུ་བསྟར་རྒྱུའི་ཐག་གཅོད་བྱས་ཤིང༌། དེ་གཉིས་ལས་ཕྱི་མ་དོན་སོན་ཆེ་བའི་ངོས་འཛིན་བྱས།
༥༽    ཉིན་སློབ་ཀྱི་བོད་རིགས་དགེ་རྒན་རྣམས་དང་ས་གནས་གཞིས་འགོ་བདེ་དོན་བཅས་ཟླ་རེའི་གཟའ་འཁོར་དང་པོའི་རེས་གཟའ་སྤེན་པའི་ཉིན་དམིགས་བསལ་ལྷན་ཚོགས་བྱས་ཏེ། སློབ་གྲྭའི་དཀའ་ངལ་སྤྱི་དང་བྱེ་བྲག་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་སྐོར་གྲོས་བསྡུར་གྱིས་གྲོས་ཆོད་ངོ་འདྲ་གཉིས་བཟོས་ཏེ། ཟླ་རེ་བཞིན་ཤེས་རིག་ལས་ཁུངས་སུ་འབུལ་དགོས་པའི་ལམ་ལུགས་བཏོད།
༦༽    ཉིན་སློབ་རྣམས་གཏན་སློབ་དང་མི་འདྲ་བར་རང་སྦྱོང་གི་དུས་ཚོད་རྒྱས་བཅད་མེད་པ་དང༌། ཁྱིམ་དུ་ཕ་མའི་ཤེས་ཚད་དབང་གིས་ལྟ་རྟོག་ཡག་པོ་མི་ཐུབ་པར་བརྟེན། ཕྱི་ལོ་༡༩༧༤ ཟླ་ ༥ ཚེས་ ༡༥ ནས་བཟུང་སྔ་དྲོ་འཛིན་གྲྭ་དངོས་གཞི་མ་ཚུགས་གོང་བོད་རིགས་དགེ་རྒན་ཚོས་དམིགས་བསལ་ཁུར་ལེན་གྱིས་ཆུ་ཚོད་གཅིག་རིང་རང་སྦྱོང་ཚུགས་དགོས་པའི་བཀོད་ཁྱབ་བྱས།
༧༽    ཉིན་གུང་ལྟོ་དོད་རྣམས་ད་ཆ་རྒྱ་གར་གཞུང་གིས་བོད་མིར་རྩིས་སྤྲོད་གནང་བར་བརྟེན་ས་སྟོང་ཁག་ཏུ་སློབ་ཕྲུག་ཚོར་ཚལ་ཞིང་འདེབས་ལས་བྱེད་བཅུག་སྟེ་ངལ་རྩོལ་སྦྱོང་བརྡར་ཐོག ཐོན་འབབ་རྣམས་སློབ་ཕྲུག་གི་ཟས་བཅུད་ལ་ཕན་པར་བཀོལ་སྤྱོད་བྱེད་དགོས་པའི་བཀོད་ཁྱབ་བྱས།སློབ་ཕྲུག་གིས་རྩི་ཤིང་འདེབས་གསོ་བྱེད་བཞིན་པ།
༨༽    བོད་མི་གནས་ཡུལ་ས་གནས་ཁ་འཐོར་ཁག་ལ་བོད་ཕྲུག་ཁྱོན་ཆེར་སློབ་འཇུག་གི་གོ་སྐབས་མ་ཐོབ་པར་ཡོད་པའི་དཀའ་ངལ་རྒྱ་གར་བོད་སློབ་འཛིན་ཚོགས་ལ་ཐེངས་མང་རིམ་བསྟུད་དུ་ཞུས་འབྲས། འདི་ལོ་ནས་བོད་ཕྲུག༌༥༠ ཐམ་པ་ཞིག་སློབ་འཇུག་བྱས་འཐུས་དང༌། དེ་ཡང་བོད་མི་མཐའ་སྐྱོའི་བུ་ཕྲུག༌༢༥ རིན་མེད་དང༌། བུ་ཕྲུག༌༢༥ ལ་ཟླ་རེར་སློབ་དོད་སྒོར་ ༧༥ རེ་དང་མལ་གྱོན་རང་བཤོམས་ཀྱིས་སློབ་འཇུག་བྱ་འཐུས་བཀའ་འཁྲོལ་གསལ་པོ་བྱུང་བ་ལྟར་ལྡི་ལི་དང་སིམ་ལ་ཁུལ་སོགས་ནས་བོད་ཕྲུག་མཐའ་སྐྱོ་མང་པོའི་ཁོངས་ནས་འོས་འདེམས་བྱེད་བཅུག་སྟེ་སློབ་འཇུག་བྱེད་འགོ་བཙུགས།
༩༽    ཚན་རིག་གི་རིག་ཚན་ཁོངས་འཛུལ་ཞུགས་བྱེད་མཁན་དཀོན་པར་བརྟེན་རྒྱུན་དུ་སྐུལ་ལྕག་ཐོག་ཚན་རིག་སློབ་སྦྱོང་གི་གཞི་རྩ་གལ་ཆེན་ཞིག་ཨང་རྩིས་ཡིན་ཡང༌། ཨང་རྩིས་ཤེས་ཚད་ཞན་པར་བརྟེན་བོད་སློབ་འཛིན་ཚོགས་ལ་ཞུ་སྐུལ་གྱིས་མ་སུ་རི་དང་ཅན་དྷི་སྒར་མཐོ་སློབ་ནང་བསྐྱོད་མུས་བོད་ཕྲུག་ཨང་རྩིས་སྐྱོ་བ་ཚོར་ཨང་རྩིས་དགེ་རྒན་དམིགས་བསལ་ཆེད་འཛུགས་ཀྱིས་སློབ་སྦྱོང་འཕར་མ་ཚུགས་རྒྱུ་དང༌། དགེ་རྒན་དེ་ཚོར་ཕོགས་ཐོབ་འཕར་སྣོན་སྩལ་གཏན་འཁེལ།
༡༠༽    གཞིས་ཆགས་ཀྱི་འཛིན་གྲྭ་དགུ་པ་བཅུ་པའི་ནང་ཡོད་པའི་བོད་ཕྲུག་རྣམས་མུ་མཐུད་སློབ་སྦྱོང་མཇུག་སྐྱོང་ཆེད་གཏན་སློབ་ཁག་ནང་ཚུད་ཞུགས་ཐུབ་པ་བྱུང༌།
༡༡༽    གཏན་སློབ་དང་ཉིན་སློབ་ཡོངས་ལ་བོད་ཡིག་སློབ་དེབ་རིན་མེད་དུ་སྤྲད།
༡༢༽    ལྡི་ལི་མན་ཇུ་ཀྲི་ལའི་བོད་མིའི་སྡོད་སྒར་དུ་ལྕམ་སི་དྷ་སི་ཞེས་པས་རོགས་རམ་དང་ས་གནས་མི་མང་གིས་ལས་རྩོལ་བྱས་ཏེ་སློབ་ཁང་དུ་ཤིང་ཁང་ཞིག་གསར་རྒྱག་བྱས་ཡོད་པར་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༧༤ ཟླ་ ༧ ཚེས་ ༡ ནས་དབྱིན་བོད་དགེ་རྒན་གཅིག་ལྕོགས་ཤིག་བསྐོ་བཞག་བྱས་པ་ལྟར་སློབ་གྲྭ་ཚུགས།
༡༣༽    ཤེས་རིག་ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་ལྟར་ཤེས་མྱོང་ལྡན་པའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གསར་འཛུགས་ཀྱིས་གོ་བསྡུར་ཞིབ་ལྷོད་དང་བཅས་དགོངས་འཆར་ཇི་བྱུང་ཕྱོགས་བསྡུས་དང་འབྲེལ་ལེགས་བཅོས་འགན་ཁུར་རྐང་ལེན་བྱེད་མཁན་ད་ཡོད་སློབ་དགེའི་ནང་ནས་དྲག་གྲས་གཅིག་དང་ཡིག་འབྲི་གཅིག་བཅས་ཆེད་འཛུགས་ཀྱིས་སྣོན་འཕྲི་ལེགས་བཅོས་གནང་འགོ་ཚུགས།
༡༤༽    ༡༩༧༣ ལོའི་ལས་བསྡོམས་ཚོགས་འདུའི་འབོད་སྐུལ་ལྟར། སིམ་ལ་དང༌། མ་སུ་རི། རྡོར་གླིང༌། ཁར་ཤང༌། ཀ་སྦུག་བཅས་པའི་སློབ་གྲྭར་ཤེས་རིག་བཀའ་བློན་ངོ་མས་གཟིགས་སྐོར་རྟོག་ཞིབ་དང༌། མན་སྤར་དང༌། ཨོ་རི་ས་གཉིས་ཀྱི་སློབ་གྲྭར་རྡོར་གླིང་སློབ་སྤྱི་བྱམས་ཆེན་སྤྲུལ་སྐུ་དང་ཤེས་རིག་རྒན་རིམ་ལས་དྲུང་ཟླ་བ་དོན་གྲུབ་གཉིས་ཀྱིས་རྟོག་ཞིབ་བྱས་ཏེ་སྙན་ཐོ་ནང་གསལ་དཀའ་ངལ་ཁག་སེལ་ཐབས་བྱས།
༡༥༽    རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་འབྲས་པ་ཏི་ཀུལ་སློབ་གྲྭའི་གནས་ཡུལ་མཐོ་བར་བརྟེན། དེར་ལས་དོན་སྒྲུབ་མཁན་དགེ་རྒན་ལས་བྱེད་ཚོར་ཕྱི་ལོ་༡༩༧༤ ཟླ་ ༦ ཚེས་ ༡ ནས་རི་སྟེང་གུན་གསབ་དང་དགུན་དུས་རིང་ཕོགས་སྣོན་བཅས་གནང་གཏན་འཁེལ།
༡༦༽    ད་ཡོད་ཨོ་རི་ས་དང༌། མན་སྤར། བྷན་དྷ་ར་སོགས་ཀྱི་ཉིན་སློབ་ཁག་གི་སློབ་ཁང་གསར་རྒྱག་གི་དགོས་དངུལ་བཀའ་འཁྲོལ་ཐོན་པ་ལྟར་ ༡༩༧༥ ལོར་གསར་རྒྱག་བྱེད་གཏན་འཁེལ།
༡༧༽    ལོ་འདིར་རྒྱ་གར་ནང་གསར་བཙས་བོད་ཕྲུག་སློབ་འཇུག་གི་གོ་སྐབས་མ་ཐོབ་པ་ཇི་ཡོད་ཤེས་རྟོགས་ཆེད་གྲངས་ཐོ་བསྡུ་སྐབས། ཁྱོན་རྒྱ་གར་ནང་གསར་བཙས་སློབ་ལོ་སོན་པ་བོད་ཕྲུག ༢༠༠༠ སྐོར་ལ་སློབ་འཇུག་གི་གོ་སྐབས་ཐོབ་མེད་པ་ཤེས་རྟོགས་བྱུང༌། འདི་དག་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བསྐྲུན་དགོས་པ་དེ་ལས་དོན་གལ་ཆེ་ཞིག་ཡིན་པར་ངོས་འཛིན་དང་གཏན་འབེབས་བྱས།
༡༨༽    ལོ་འཁོར་ལས་བསྡོམས་ཐེངས་ལྔ་པའི་གྲོས་ཆོད་དོན་དགོངས་དོན་ལྟར། བོད་གཞུང་ཤེས་རིག་ཟློས་གར་ཚོགས་པ་དེ་བཞིན་རྩ་བའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀོད་བྱུས་སྟངས་འཛིན་འོག་གནས་དགོས་ཐོག འཛིན་སྐྱོང་གལ་ཆེན་རིགས་དང༌། དགེ་རྒན་བསྐོ་བཞག་བྱ་དགོས་རིགས་ཤེས་རིག་ལ་དགོངས་སྐོར་ཞུ་དགོས་པ། རྒྱུན་གྱི་འཛིན་སྐྱོང་ལས་དོན་ཟློས་གར་འགན་འཛིན་གྱིས་གནང་རྒྱུར་ཐག་གཅོད་གཙང་མ་བྱས།
༡༩༽    ཤེས་རིག་པར་ཁང་བར་ལམ་རང་འཚོ་ལྟ་བུས་ཡར་རྒྱས་མ་བྱུང་བར་བརྟེན་གཞུང་འཛིན་བྱ་གལ་སྐོར་ཤེས་རིག་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དུ་གསལ་བ་བཞིན། ཤེས་རིག་པར་ཁང་གི་རྩིས་ཁྲར་ཞིབ་འཇུག་སྐབས་འགོ་འཛིན་དང་འབྲེལ་ཐོགས་དེབ་ཚོང་སོགས་ལས་བྱེད་ཚོས་ཧིན་སྒོར་ ༡༠༩༦༥༨།༨༦ སྒྲུབ་ཆད་ཡོད་པ་རྣམས་སྒྲུབ་ཏུ་བཅུག་ཐོག ད་ཕྱིན་རྩིས་ཁྲར་རྩིས་ཞིབ་བྱ་རྒྱུའི་ལམ་ལུགས་བཏོད། པར་ཁང་གི་འགོ་འཛིན་རྙིང་པའི་ལས་འགན་ཕབ་སྟེ། འགོ་འཛིན་གསར་པ་དང་རྩིས་པ། དེབ་ཚོང་བཅས་སུ་མི་འགྲོ་དོ་ཆོད་གསར་དུ་བསྐོ་བཞག་བྱས། པར་ཁང་གི་མ་དངུལ་འཁོར་རྒྱུག་དལ་བའི་དབང་གིས་ཁ་མ་འདུམ་པའི་དཀའ་ངལ་འཕྲད་པར་ཤེས་རིག་ལས་ཁུངས་དང༌། ཤེས་རིག་ལས་ཁུངས་བརྒྱུད་དེ་སྐུ་སྒེར་ཡིག་ཚང༌། ཆོས་རིག་ལས་ཁུངས་བཅས་ནས་སྔ་འདོན་གཡར་པོ་ཞུས།