༡༩༦༥

༡༽    ལོ་འདིའི་ཡིག་ཚགས་ལྟར་ན། གཏན་སློབ་ཁག་བདུན་ནང་སློབ་ཕྲུག ༣༣༧༣ དང༌། གཞིས་ཆགས་ཉིན་སློབ་ཁག་དྲུག་ནང་སློབ་ཕྲུག ༡༢༤༧ རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་ཁག ༢༨ ནང་སློབ་ཕྲུག ༣༣༠ ཕྱི་རྒྱལ་སུད་སི་དང༌། ཌན་མག ཕ་རན་སི། འཇར་མན། དབྱིན་ཡུལ། ཨི་ཊ་ལི་བཅས་ཀྱི་སློབ་གྲྭ་ཁག ༡༢ ནང་སློབ་ཕྲུག ༢༠༥ དྷ་ས་ཟུར་གསོག་སྟེང་ཤོད་གཉིས་ནང་སློབ་ཕྲུག ༤༩༨ བཅས་ཡོངས་རྫོགས་བསྡོམས་སློབ་ཕྲུག ༥༦༥༣ ཡོད་པ་གསལ།
༢༽    ༡༩༦༥ ཟླ་ ༢ ཚེས་ ༡༣ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་གྱི་ལས་ཁུངས་སུ་འཚོགས། ཚོགས་འདུའི་ཐོག་ཀ་སྦུག་གཏན་སློབ་ཚུགས་ཡུལ་ས་ཁང་ཉམས་གསོ་བྱེད་ཕྱོགས་སྐོར་དང༌། མན་སྤར་དུ་དགེ་རྒན་ལས་ཤག་འཛུགས་སྐྲུན་དང༌། བལ་ཡུལ་ནས་རྒྱ་གར་དུ་ཉེ་ཆར་གནས་སྤོས་བོད་མིའི་བུ་ཕྲུག་སློབ་འཇུག་དགོས་མིན་ཕྱི་སྲིད་ལས་ཁུངས་ལ་མོལ་བསྡུར་དགོས་པ། སྦེལ་ཀོབ་ཏུ་ཕ་མ་གཞིས་ཆགས་ཟིན་པའི་ཕྲུ་གུ་རྣམས་གཏན་སློབ་ནས་འཐེན་ཏེ་སྦེལ་ཀོབ་ཉིན་སློབ་ཏུ་གཏོང་དགོས་པ། བྷ་ཝ་ཁེལ་དང་སན་དིའུ་(Bawakhel and Sendeo)གཉིས་ཀྱི་བོད་མིའི་འཕྲལ་སེལ་སློབ་གྲྭ་སྒོ་བརྒྱབ་སྟེ་སློབ་ཕྲུག་རྣམས་ ༡༩༦༥ ཟླ་ ༣ ཚེས་ ༡༥ གོང་གཏན་སློབ་ཁག་ནང་བཏང་ཟིན་དགོས་པ། སྦེལ་ཀོབ་ཉིན་སློབ་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐག་གཅོད་བྱུང༌།
༣༽    ལོ་འདིའི་དབྱར་ཁའི་གུང་གསེང་སྐབས་མ་དྷ་ར་སི་ནས་བོད་ཕྲུག་བུ་ ༨ དང༌། ས་རན་པུར་ནས་བུ་མོ་ ༡༣ འབོམ་བྷེ་ནས་བུ་མོ་ ༡༤ ར་ཇེ་སེ་ཏན་ནས་བུ་མོ་ ༣ འཇའ་ཡེ་པུར་ནས་བུ་མོ་ ༢ ཌེ་ར་ཌུན་ནས་བུ་མོ་ ༡༠ ལྡི་ལི་ནས་བུ་ ༡ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༥༡ དྷ་སར་བསྐོངས་ཏེ་དགེ་འོས་སློབ་ཐོན་པ་དགེ་བཤེས་ཡེ་ཤེས་རྣམ་རྒྱལ་འགོ་འཛིན་དུ་བསྐོས་ནས་ཆོས་སྲིད་རིག་གནས་ཀྱི་སློབ་སྟོན་གནད་སྨིན་བྱས་པ་དང་མཉམ་དུ་སྤྲོ་བག་ཕེབས་པའི་བྱེད་སྒོ་སྣ་མང་སྤེལ། དེ་བཞིན་ན་ནི་ཏལ་དུ་འཇན་སིན་ནས་བུ་མོ་ ༢༡ དང༌། བྷོ་ལན་ཌི་ཤར་ནས་བུ་མོ་ ༡༠ ཁུར་རྒྱ་ནས་བུ་མོ་ ༦ བཅས་འདུས་པར་དགེ་འོས་སློབ་ཐོན་པ་རྒྱལ་མཚན་དང་ཡེ་ཤེས་འཕྲིན་ལས་གཉིས་ཆེད་བརྫངས་ཀྱིས་གོང་བཞིན་གུང་གསེང་རིང་སློབ་སྟོན་གནད་སྨིན་གནང༌།
    དེ་བཞིན་དགུན་ཁའི་གུང་གསེང་སྐབས་ལའང་སློབ་ཕྲུག ༤༣ དྷ་སར་བསྐོངས་ནས་དགེ་འོས་སློབ་ཐོན་རྣམ་རྒྱལ་གྱི་འགན་ཁུར་འོག་སློབ་སྟོན་གོང་བཞིན་བྱས།
༤༽    ཤེས་རིག་གི་ལས་དོན་ཐད་གནའ་དེང་གི་རིག་གནས་སྐོར་ལ་མཁྱེན་རྒྱ་ཆེ་བའི་ལམ་སྟོན་གནང་མཁན་ཞིག་ངེས་པར་དགོས་པར་གཟིགས་ཏེ། འབྲས་ལྗོངས་སྤྱི་བློན་ཟུར་བཞུགས་གདན་ས་པ་བཀྲ་ཤིས་དགྲ་འདུལ་ཆེད་དུ་གདན་ཞུས་ཀྱིས་ད་བར་གྱི་ལས་དོན་བྱེད་ཕྱོགས་སྙན་སྒྲོན་དང་སྦྲགས་སློབ་གྲྭ་ཁག་གཉིས་ལའང་གཟིགས་བསྐོར་དུ་གདན་ཞུས་ཀྱིས་ཕྱིན་ཆད་བྱེད་སྒོའི་ལེགས་ཆའི་བཀའ་སློབ་ཞུས་པ་དེས་ཕན་ཐོགས་ཆེན་པོ་བྱུང༌།
༥༽    དགེ་འོས་སློབ་ཐོན་ ༣༠ ཁོངས་ནས་ ༢༥ གཏན་སློབ་ཁག་དང༌། གཞིས་སློབ་ཁག མ་སུ་རི་བོད་ཁྱིམ། དྷ་ས་བུ་གསོ་ཁང༌། བལ་ཡུལ། སིམ་ལ་བུ་གསོ་ཁང་བཅས་པར་བསྐོ་བཞག་བྱས། དེ་སྔོན་དགེ་རྒན་གནང་མུས་ཤེས་ཚད་ལྡང་ངེས་མེད་པ་ཁག་ཅིག་ལས་གནས་ནས་ཕྱིར་འཐེན་གྱིས་ཆོས་རིག་ལས་ཁུངས་སོགས་སུ་ཕྱིར་སློག་གནང༌། དགེ་འོས་འཕྲོས་ ༥ ཡོད་པ་རྣམས་རིམ་པས་བསྐོ་བཞག་གནང་གཏན་འཁེལ།
༦༽    དྷ་ས་སྟེང་ཤོད་ཀྱི་ཟུར་གསོག་སློབ་གྲྭ་དང་མི་མང་གི་ཤེས་ཡོན་ཡར་རྒྱས་ཆེད་དཔེ་དེབ་ཀློག་ཁང་ཞིག་གསར་འཛུགས་བྱས་པར་མ་ཟད། བཞུགས་སྒར་ལས་བྱེད་དང་ཟློས་གར་བ་སོགས་ལ་ཟླ་བ་དྲུག་རིང་དབྱིན་ཡིག་སློབ་མཁན་དང་བླང་ཕྱི་རྒྱལ་བ་བཀོད་སྒྲིག་བྱས།
༧༽    ཨལ་ལན་ཝུན་བྷག་སློབ་གྲྭར་བོད་ཕྲུག༌༧༠ སྐོར་ཡོད་པར་བོད་དགེ་དགེ་བཤེས་ངག་དབང་སྦྱིན་པ་བསྐོ་བཞག་ཡོད་ཀྱང་བར་ལམ་ནས་བོད་དགེ་ཁས་ལེན་མ་བྱས་པར་ཕྱིར་སློག་གནང་བར་མ་ཟད། བོད་ཕྲུག་ཡོད་སའི་ཡི་ཤུའི་སློབ་གྲྭ་གཞན་འགའ་ནས་ཀྱང་དེ་ལྟར་གནང་ཉེན་འཕྲད་ཀྱང་ཤེས་རིག་གིས་སློབ་གྲྭར་འཕྲོས་མོལ་རིམ་པར་ཞུས་མཐར་སིམ་ལའི་བོད་དགེ་བློ་བཟང་ཟླ་བ་བོད་དགེར་བསྐོ་ཐུབ་པ་བྱུང༌།
༨༽    བལ་ཡུལ་ཁུལ་ཏི་སི་ལིར་ཡོད་པའི་བོད་ཕྲུག༌༣༥༠ སྐོར་རྒྱ་གར་དུ་བླངས་ཏེ་བོད་རིགས་སྤྱི་མཚུངས་སློབ་སྦྱོང་གི་གོ་སྐབས་གནང༌།
༩༽    སྐབས་གཉིས་པའི་དགེ་རྒན་འོས་སྦྱོང་དུ་མི་གྲངས་ ༢༦ རུ་ང་ཞིབ་ཚགས་ཀྱིས་དྲག་འདེམས་བྱས་ཤིང༌། དེའི་ཁོངས་བཙུན་མ་ ༢ ཡང་ཡོད། དབུ་འཛིན་ནི་ཛེ་སྨད་རིན་པོ་ཆེ་ཡིན། འོས་སྦྱོང་པ་ཚོར་སློབ་ཁྲིད་གནང་མཁན་ཕྱི་ནས་གདན་ཞུས་ཁོངས་སུ་ནང་ཆོས་སྐོར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང༌། ཆོས་འབྱུང་སྐོར་ཡོངས་འཛིན་གླིང་རིན་པོ་ཆེ། རྒྱལ་རབས་སྐོར་བཀའ་ཟུར་ཤན་ཁ་བ་འགྱུར་མེད་སྟོབས་རྒྱལ། བོད་གཞུང་གི་ལོ་རྒྱུས་སྐོར་བཀའ་ཟུར་ཐུབ་བསྟན་ནོར་བཟང༌། གྲོས་མཐུན་དོན་ཚན་བཅུ་བདུན་སོགས་ཀྱི་སྐོར་ཁེ་སྨད་བསོད་ནམས་དབང་འདུད། དེང་རབས་སྲིད་དོན་གྱི་འགྲོ་སྟངས་སྐོར་ཕྱི་སྲིད་བཀའ་བློན་ལས་རོགས་ཚེ་དབང་ཆོས་རྒྱལ། རྒྱ་གར་གྱི་ལོ་རྒྱུས་སྐོར་བཞུགས་སྒར་སྣེ་ཤན་སྐུ་ཚབ་སྐུ་ཞབས་མ་ལིག གྲུབ་མཐའི་སྐོར་རྣམ་གྲྭ་མཁན་རིན་པོ་ཆེ་བཅས་གདན་ཞུ་གནང་ཡོད།
༡༠༽    སྔོན་ཡོད་འཛིན་གྲྭ་ ༥ བར་གྱི་བོད་ཡིག་སློབ་དེབ་ལ་བསྐྱར་ཞིབ་ལེགས་བཅོས་དང༌། འཛིན་རིམ་ ༦ ནས་ ༡༡ བར་གསར་བསྒྲིགས་ཟིན་ཏེ་པར་འདེབས་བྱས་དང་བྱེད་མུས་སུ་གནས།
༡༡༽    ཤེས་རིག་ཁྱབ་ཁོངས་རྩོམ་སྒྱུར་ཁང་ལྡི་ལི་བོད་ཁང་དུ་ཟླ་བསྒྲིལ་བྱས།
༡༢༽    དྷ་ཤོད་ཟུར་གསོག་སློབ་གྲྭ་ཚུགས་ཡུལ་གྱི་ས་ཁང་བདག་ཐོབ་ཧིན་སྒོར་ ༣༠༠༠ སྤྲད་དེ་ཉོ་སྒྲུབ་ཟིན་པ་ལྟར་ཟླ་ ༧ ཚེས་ ༣ ནས་རྩིས་ལེན་བྱས།
༡༣༽    རྩོམ་སྒྱུར་ཁང་གིས་གསར་དུ་བསྒྱུར་བ་དང་བསྒྲིགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོ་སྤྲོད་དང༌། བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་བཀྲ། ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་བཅས་པ་རྣམས་རིམ་པས་པར་སྐྲུན་གནང་གཏན་འཁེལ།
༡༤༽    འབྲུག་དང་ལ་དྭགས་ཁུལ་གྱི་བོད་ཕྲུག་རྣམས་གཏན་སློབ་ཁག་ཏུ་འཇུག་རྒྱུར་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱི་བཀའ་འཁྲོལ་མ་ཐོབ་པར་ལུས།
༡༥༽    ༡༩༦༥ ཟླ་ ༨ ཚེས་ ༩ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་གཅིག་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་གྱི་ལས་ཁུངས་སུ་འཚོགས། ཚོགས་འདུའི་ཐོག་བོད་སློབ་འཛིན་ཚོགས་ཀྱི་སློབ་ཁག་རྣམས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ངོས་བཞེས་ཡོད་པའི་སློབ་གྲྭ་ཁག་དང་གཅིག་གྱུར་ཡོང་ཆེད། འཛིན་རིམ་དགུ་པ་ནས་བཅུ་གཅིག་བར་གྱི་སློབ་ཚན་དང་སློབ་ཁྲིད་བྱེད་ཐབས་རྣམས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་གཏན་འབེབས་དང་མཐུན་པ་བྱ་རྒྱུ་དང༌། སློབ་རིམ་དེ་ཚོའི་བོད་ཡིག་སློབ་དེབ་རྣམས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གིས་ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ངོས་བཞེས་བཀའ་འཁྲོལ་ཐོབ་ཆེད་འབུལ་དགོས་པ། ཕྱི་སྲིད་ལས་ཁུངས་ཀྱིས་བལ་ཡུལ་སྐྱབས་བཅོལ་བོད་མིའི་བུ་ཕྲུག ༣༠༦ བོད་སློབ་འཛིན་ཚོགས་སློབ་ཁོངས་བཅུག་འཐུས་གསུངས་པ་ལྟར་འཇུག་རྒྱུ། འབྲུག་པའི་ཕྲུ་གུ་ཀ་སྦུག་གཏན་སློབ་ཏུ་སློབ་འཇུག་བྱ་འཆར་ལམ་སེང་ཕྱིར་འཐེན་བྱ་རྒྱུ། ཕ་ཚབ་མ་ཚབ་བསྐོ་སྐབས་རང་ཕྲུག་མེད་པའི་མི་བསྐོ་རྒྱུ་གཙོ་འདོན་དགོས་པ་སོགས་ཐག་གཅོད་གནང༌།
༡༦༽    ལམ་བཟོ་ཁག་ཏུ་ཡོད་པའི་བོད་ཕྲུག་སློབ་ལོ་སོན་པ་ཇི་ཡོད་ཕ་མའི་འགྲམ་དུ་ཉར་མ་བསྡད་པར་སློབ་གྲྭར་སློབ་འཇུག་དགོས་པའི་གནས་ལུགས་གསལ་བཤད་དང་གོ་བཀོན་སློབ་གསོ་ཤུགས་ཆེ་བྱེད་འགོ་བཙུགས།