༡༩༦༤

༡༽    ༡༩༦༤ ཟླ་ ༡ ཚེས་ ༥ ཉིན་ཀ་སྦུག་གཏན་སློབ་འགོ་འཛུགས་བྱས། ༡༩༦༥ ལོར་སློབ་གྲྭ་འདིར་སློབ་ཕྲུག ༤༥༠ ཡོད།
༢༽    ༡༩༦༤ ཟླ་ ༡ ཚེས་ ༢༨ ནས་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་སྐོང་འཚོགས་བྱས་ཤིང༌། དེ་ཡང་དེ་ཉིན་ཆུ་ཚོད་ ༩ ཐོག་ཚོགས་བཅར་བ་ཡོངས་བཞུགས་སྒར་ཕོ་བྲང་གི་ཚོགས་འདུ་བསྐྱངས་ཡུལ་དུ་ྋགོང་ས་མཆོག་གི་མཇལ་ཞུར་བཅར་ཏེ་ཕྱག་དབང་སྩལ་རྗེས་ཤེས་རིག་བཀའ་བློན་གྱིས་གཞེན་སྐུལ་གསུང་བཤད་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ལམ་སྟོན་སྩལ། དེ་ནས་ཆོས་དོན་བཀའ་བློན་གྱིས་ཆོས་ཕྱོགས་དང་འབྲེལ་ཡོད་ཤེས་རིག་ལས་དོན་སྙན་སྒྲོན་གནང༌། དེ་རྗེས་མ་སུ་རི་དང་སིམ་ལ། རྡོར་གླིང༌། པ་ཆ་མ་རི་བཅས་ཀྱི་སློབ་སྤྱི་དང་ཌལ་ཧོར་སློབ་སྤྱིའི་ཚབ་བོད་དགེ་བཅས་ནས་རང་རང་གི་སློབ་གྲྭའི་གནས་སྟངས་སྙན་སྒྲོན་ཞུས། ཉིན་གུང་རྗེས་ཀང་ར་དང་དྷ་ཤོད་ཟུར་གསོག མ་སུ་རི་འུན་བྷག་ཨས་ལན་ཆོས་དགེ། ཀང་ར་དགེ་འོས་འགོ་འཛིན། ཡུའུ་པིའི་སན་དྷིའུ་ཆོས་དགེ། སྦུ་བ་ཁའི་སློབ་དགེ། ཟློས་གར་འགོ་འཛིན་བཅས་ནས་ཁུངས་སོ་སོའི་གནས་སྟངས་སྙན་སྒྲོན་གནང༌། ཚེས་ ༢༩ ཉིན་ཞོགས་པ་ཆུ་ཚོད་ ༩ ནས་ཚོགས་ཆུང་ཁག་བཞིར་བགོས་ཏེ་གྲོས་གཞི་ཁག་གི་ཐོག་གྲོས་བསྡུར་གནང༌། དགོང་དྲོ་གློག་བརྙན་གཟིགས་འབུལ་ཞུས། ཚེས་ ༣༠ ཉིན་ཕོ་བྲང་དུ་ཚོགས་ཆུང་སོ་སོའི་དགོངས་འཆར་ཚིག་ཐོ་རྣམས་ཚོགས་ཆུང་གི་ཚོགས་གཙོ་སོ་སོས་སྙན་སྒྲོན་དང་གྲོས་བསྡུར་གནང༌། དགོང་དྲོ་ཤེས་རིག་ཟློས་གར་གྱིས་གཟིགས་འབུལ་ཞུས། ཚེས་ ༣༡ ཉིན་ཆུ་ཚོད་ ༩ ནས་ལྷན་ཚོགས་གནང་སྟེ་གྲོས་ཆོད་ཟིན་བྲིས་ཚོགས་དྲུང་གིས་སྙན་སྒྲོན་གནང་བར་བཀའ་བསྡུར་དང་འབྲེལ་སྣོན་འཕྲི་སྤོ་གཅོག་གནང༌། དེ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མཇུག་བསྡོམས་བཀའ་སློབ་གསུང་བཤད་སྩལ་ཏེ་ཚོགས་འདུ་གྲོལ། ཚོགས་འདུའི་གྲོས་ཆོད་ཆ་ཚང་ཟུར་དུ་བཀོད་ཡོད།
༣༽    ༡༩༦༤ ཟླ་ ༡ ཚེས་ ༢༢ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་གྱི་ལས་ཁུངས་སུ་འཚོགས། ཚོགས་འདུའི་ཐོག་སིམ་ལ་གཏན་སློབ་དང་རྡོར་གླིང་གཏན་སློབ། མ་སུ་རི་གཏན་སློབ་བཅས་རྒྱ་སྐྱེད་ཀྱི་ཆེད་དུ་ས་ཁུལ་དེ་གསུམ་སོ་སོར་ས་ཁང་ཉོ་ཕྱོགས་དང༌། པ་ཆ་མ་རིར་སློབ་གྲྭ་འཛུགས་ཆེད་རོའོ་ཡལ་མགྲོན་ཁང་ཞེས་པ་དེ་ཟླ་རེར་སྒོར་ ༡༠༠༠ བྱས་ཏེ་ཁང་གླར་ལེན་རྒྱུ། དེ་བཞིན་ཀ་སྦུག་ཏུ་གཏན་སློབ་ཆེད་ས་ཁང་ཉོ་ཕྱོགས། སློབ་ཕྲུག་གི་སྒྲིག་ཆས་ཡར་རྒྱས། འཛིན་རིམ་གསུམ་པ་ནས་ཧིན་དི་སློབ་དགོས་པ་སོགས་གཏན་འབེབས་གནང༌། ཤེས་རིག་ལས་ཁུངས་ཀྱིས་ཚོགས་ཐོག་ཏུ་ལམ་བཟོའི་སློབ་གྲྭ་ཁག་གི་གནས་སྟངས་ཐ་ཞན་ཡིན་ཚུལ་ཞུས་པར། ལམ་བཟོའི་སློབ་གྲྭ་རྣམས་འཕྲལ་སེལ་ཡིན་པས་ཕུགས་སུ་གཏན་སློབ་ཁག་ཏུ་ཟླ་བསྒྲིལ་དགོས་པ་དང་འཕྲལ་སེལ་ཡར་རྒྱས་གཏོང་ཕྱོགས་ཇི་ཡོད་དགོངས་བཞེས་གནང་རྒྱུ་གནང༌། དེ་བཞིན་ཀང་རའི་དགེ་རྒན་འོས་སྦྱོང་ལ་རྒྱབ་སྐྱོར་དགོས་ལུགས་ཞུས་པར་གནས་སྐབས་ལོ་གཅིག་རིང་དགེ་རྒན་འོས་སྦྱོང་པ་རེར་ཟླ་རེར་ཧིན་སྒོར་ ༥༠ རེ་གནང་རྒྱུ། བོད་ཡིག་སློབ་དེབ་པར་སྐྲུན་གྱི་ཐད་དུ་རོགས་རམ་སྣེ་སེལ་གནང་རྒྱུ་སོགས་ཀྱི་ཐག་གཅོད་བྱུང༌།
༤༽    སྐབས་དེའི་ཡིག་ཚགས་ལྟར་ན། ཕྱི་ལོ་ ༡༩༦༤ ཟླ་ ༣ ཚེས་ ༡ ནས་ ༡༩༦༥ ཟླ་ ༣ ཚེས་ ༡ བར་གྱི་དུས་ཡུན་ནང༌། མ་སུ་རི་སོགས་གཏན་སློབ་ཁག་བདུན་ནང་སློབ་ཕྲུག ༣༢༧༣ དང༌། མའི་སོར་ཁུལ་སོགས་གཞིས་ཆགས་ཉིན་སློབ་ནང་སློབ་ཕྲུག ༡༢༤༧ རྒྱ་གར་ནང་གི་ཕྱི་རྒྱལ་དང་སྒེར་པའི་སློབ་གྲྭ་མ་དྷ་ར་སི་ཀ་ལག་ཤ་ད་ར་དང༌། མན་མ་ད། དུར་ཀ་པུར། ལྡི་ལི་སན་ཙི་བྷི་ཧར། ན་ནི་ཏལ། རྡོར་གླིང་སན་འཇོ་སེབ། ཀ་ན་ར། སིམ་ལ་ཀ་སོ་ལི། འཇན་སིང་སོགས་སློབ་ཁག ༢༨ ནང་སློབ་ཕྲུག ༣༤༩ ཕྱི་རྒྱལ་སུད་སི་དང༌། ཌན་མག ཕ་རན་སི། འཇར་མན། དབྱིན་ཡུལ་སོགས་སློབ་ཁག ༡༢ ནང་སློབ་ཕྲུག ༢༠༥ དྷ་ས་ཟུར་གསོག་སློབ་གྲྭ་གཉིས་ཀྱི་ནང་སློབ་ཕྲུག ༤༡༥ བཅས་ཁྱོན་བསྡོམས་སློབ་ཕྲུག ༥༥༨༩ ཡོད་ཅེས་གསལ།
༸གོང་ས་མཆོག་མས་༡༩༦༠་ལོར་བུ་གསོ་ཁང་གི་བོད་ཕྲུག་ཚོས་ཞལ་ལག་མཆོད་ཚུལ་གཟིགས་ཞིབ་མཛད་བཞིན་པ།༥༽    ལོ་འདིར་ཤེས་རིག་ལས་ཁུངས་ནང་བཀའ་བློན་ཀུན་གླིང་འོད་ཟེར་རྒྱལ་མཚན་དང་བཀའ་བློན་ལས་རོགས་ངག་དབང་བསྟན་སྐྱོང༌། དྲུང་ཆེ་དགེ་སློང་བློ་བཟང་བསྟན་འཛིན། དྲུང་གཞོན་བློ་བཟང་འཇམ་དཔལ། རྩིས་པ་ཚེ་དབང་བཀྲ་ཤིས། ཡིག་ཚགས་བློ་བཟང་དོན་ལྡན། དབྱིན་དྲུང་རིག་འཛིན་རྣམ་རྒྱལ་དང་དབྱིན་དྲུང་ལས་ཚབ་བསོད་ནམས་སྟོབས་རྒྱས། ཡིག་འབྲི་བསྟན་འཛིན་རབ་རྒྱས་བཅས་ཀྱི་ཐོག་སྤྱི་འཐུས་སྐལ་བཟང་དགྲ་འདུལ་དང༌། སྤྱི་འཐུས་འཇམ་དབྱངས་བསོད་ནམས། སྤྱི་འཐུས་ཚེ་རིང་དབང་འདུས། སྤྱི་འཐུས་རྣམ་རྒྱལ་རྡོ་རྗེ་བཅས་ཀྱང་ཤེས་རིག་ལས་ཁུངས་སུ་ལས་བཅར་གནང་གི་ཡོད།
༦༽    ལོ་འདིར་བལ་ཡུལ་ཁུལ་གྱི་བོད་ཕྲུག ༣༠༠ རྒྱ་གར་དུ་བླངས་འཐུས་རྒྱ་གར་གཞུང་ལ་བཀའ་འཁྲོལ་ཞུས་ཏེ་སློབ་འཇུག་བྱས་ཤིང༌། འབྲུག་ཁུལ་ནས་ཀྱང་དེ་བཞིན་བླངས་འཐུས་བཀའ་འཁྲོལ་ཐོབ།
༧༽    ཤེས་རིག་རྩོམ་སྒྱུར་ཁང་ནས་གཙང་སྦྲ་འཕྲོད་བསྟེན་གྱི་དེབ་ཆུང་གཡའ་སེལ་ཟླ་ཞུན་དེབ་གྲངས་ ༣༠༠༠ དང་དུས་བསྟུན་བསླབ་བྱ་གཅེས་བསྡུས་དེབ་གྲངས་ ༥༠༠༠ པར་སྐྲུན་གྱིས་རིན་མེད་འགྲེམས་སྤེལ་ཐོག བོད་ཀྱི་བརྡ་དག་དུས་གསུམ་རེའུ་མིག་དང་གཞུང་སྲོལ་བརྗོད་འགྲོས་གཞི་རྩར་བཟུང་བའི་ཡིག་བསྐུར་གཅེས་བསྡུས་པར་སྐྲུན་སྔོན་ཟིན་ཚོང་འགྲེམས་གནང༌།
༨༽    ༡༩༦༤ ཟླ་ ༨ ཚེས་ ༣ ཉིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་གྱི་ལས་ཁུངས་སུ་འཚོགས། ཚོགས་འདུའི་ཐོག་རྒྱ་གར་གྱི་སྲིད་བློན་ནེ་རུ་སྐུ་གཤེགས་པར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་པ་དེ་ལྕམ་ཨན་དྷི་ར་གྷན་དྷི་སོགས་ལ་འབུལ་གཏོང་གནང་རྒྱུ་གནང༌། དེ་རྗེས་ཤེས་རིག་བཀའ་བློན་ཀུན་བདེ་གླིང་གིས་བོད་དགེ་འོས་སྦྱོང་དང་སློབ་དེབ་པར་སྐྲུན་གྱི་ལས་དོན་ལ་རོགས་རམ་གནང་བ་ལྟར་ཡར་རྒྱས་ཇི་བྱུང་སྙན་སེང་གནང༌། དེ་རྗེས་སིམ་ལ་དང་ཀ་སྦུག་སོགས་གཏན་སློབ་ཁག་ཅིག་གི་ལས་གཞིའི་ཆེད་ས་ཁང་གླ་ཉོ་བྱེད་ཕྱོགས་དང་ཟློས་གར་དགེ་རྒན་རྣམས་གཏན་འཇགས་དགེ་རྒན་དུ་བསྐོ་ཕྱོགས། གཏན་སློབ་ཅིག་ལ་མཐུན་རྐྱེན་ཚད་ལྡན་སྦྱར་ཏེ་དཔེ་སྟོན་སློབ་གྲྭར་བསྒྱུར་རྒྱུ་སོགས་ཐག་གཅོད་གནང༌།
༩༽    ༡༩༦༤ ཟླ་ ༡༡ ཚེས་ ༨ ཉིན་མོང་གྲ་ཨ་པུར་སློབ་གྲྭ་གསར་འཛུགས་བྱས། ༡༩༦༥ ལོར་སློབ་གྲྭ་འདིར་སློབ་ཕྲུག ༣༩༩ ཡོད་ཅིང༌། དེའི་ཁོངས་གྲྭ་པ་ ༡༡༥ དང་བཙུན་མ་ ༢༨ ཡོད།
༡༠༽    སློབ་ལོ་ཡོལ་བའི་བོད་ཕྲུག་རྒན་གྲས་ཚོར་ལག་ཤེས་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ནས་ ༡༩༦༤ ཟླ་ ༡༢ ཚེས་ ༡༥ ཉིན་པ་ཆ་མ་རི་གཏན་སློབ་དང་བཟོ་སློབ་གསར་འཛུགས་བྱས། ༡༩༦༥ ལོར་སློབ་གྲྭ་འདིར་སློབ་ཕྲུག ༣༥༣ ཡོད།
༡༡༽    རྒྱ་གར་དང་བལ་ཡུལ་ས་མཚམས་ནའུ་ཏ་ན་(Naotana/ Naotanwa?)དང་རྫ་ཡུལ་ན་ཁ་བཅས་ནས་སྐྱབས་བཅོལ་དུ་འབྱོར་བའི་ཁོངས་ཀྱི་བོད་ཕྲུག་རྣམས་ལམ་བར་ས་ཆུ་དང་ཚ་བ་མ་འཕྲོད་པའི་དབང་གིས་སྲོག་ཉེན་ཆེ་འཕྲད་ལ་བརྟེན་མི་འགྲོ་ཆེད་གཉེར་གྱིས་དུས་ཐུང་ནང་དྷ་རམ་ས་ལར་བསུ་ལེན་བྱས་ཏེ་དྷ་སྟེང་ཟུར་གསོག་སློབ་གྲྭ་གསར་འཛུགས་བྱས། ལོ་རྒྱུས་ཞིབ་ཙམ་ཟུར་དུ་ཡོད་པས་དེར་གཟིགས།
༡༢༽    རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་དབྱིན་ཡིག་གོ་འཕེར་འགའ་ཞིག་ལ་སློབ་ཡོན་རོགས་རམ་བཙལ་ཏེ་བཏང་དང་གཏོང་མུས་ཁོངས་མ་སུ་རི་དང་སིམ་ལ་སློབ་གྲྭའི་ཁོངས་ནས་སློབ་ཕྲུག་ཕོ་མོ་ ༡༥ སི་ཊན་སི་སློབ་གྲྭར་བཏང༌།
༡༣༽    ཤེས་རིག་ཟློས་གར་ཚོགས་པས་ཁྲི་སྲོང་དང་ཁྲི་རལ་གྱི་རྒྱལ་རབས་གཏམ་བརྗོད་བཟོས་པ་ཁག་དང༌། བཟོ་ཞིང་འབྲོག་གསུམ་གྱི་གླུ་གཞས་བརྗོད་གཏམ་ཆ་ཚང་སྒྲ་འཇུག་གིས་ཨ་རི་དང་སུད་སི་སྐུ་ཚབ་དོན་གཅོད་སོགས་ལ་དྲིལ་བསྒྲགས་ཆེད་བཏང༌།
༡༤༽    དེ་སྔོན་རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སྒེར་སློབ་སོགས་སུ་བཏང་བའི་བོད་ཕྲུག་ཚོར་བརྟག་ཞིབ་སྐབས་བོད་ཀྱི་སྐད་ཡིག་དང་ཆོས་རིག་སློབ་སྦྱོང་གི་གོ་སྐབས་མེད་སྟབས་རིམ་པས་ལམ་ཕྱོགས་གོལ་ཉེན་ཆེ་བར་མཐོང་སྟེ་དབྱར་ཁའི་གུང་གསེང་རིང་དྷ་སར་ཆེད་འགུག་གིས་དྷ་ཤོད་ཟུར་གསོག་སློབ་གྲྭར་བྱམས་ཆེན་སྤྲུལ་སྐུའི་གཟིགས་རྟོག་འོག་བོད་ཀྱི་ཆོས་རིག་སྐད་ཡིག་དང་རྒྱལ་ཞེན་ལྷག་བསམ་དང་འབྲེལ་བའི་སློབ་སྟོན་གནང་རྒྱུ་གོ་སྒྲིག་བྱས།
༡༥༽    ཧི་མ་ཅལ་ན་ཧན་གྲོང་དུ་འཛམ་གླིང་སྤྱོད་བཟང་སློབ་སྦྱོང་ཚོགས་པས་ཟླ་བ་གཅིག་རིང་ཟབ་སྦྱོང་གོ་སྒྲིག་གནང་བར་མ་སུ་རི་དང་སིམ་ལ། ཤེས་རིག་ཟློས་གར། མ་ཌ་ར་སི་ཀ་ལག་ཤ་རྡར་བཅས་ཀྱི་སློབ་ཁོངས་ནས་མི་གྲངས་ ༡༢ ཆེད་བརྫོང་བྱས།
༡༦༽    ལོ་འདིའི་ཡིག་ཆ་གཞན་ཞིག་གི་ནང་འཁོད་པ་ལྟར་ན། མ་སུ་རི་བོད་ཁྱིམ་སློབ་གྲྭར་སློབ་ཕྲུག ༥༩༡ ༼དེའི་ཁོངས་རབ་བྱུང་སློབ་ཕྲུག ༩༥ ཡོད་༽ དགེ་རྒན་ ༣༤ ལས་བྱེད་ ༢༣ ཡོད་པ་དང༌། སིམ་ལ་སློབ་གྲྭའི་ནང་སློབ་ཕྲུག ༤༧༥ ༼དེའི་ཁོངས་རབ་བྱུང་ ༡༡༨ ཡོད་༽ དང༌། དགེ་རྒན་ ༢༥ ལས་བྱེད་ ༢༢ ཡོད། ཀང་ར་ཟུར་གསོག་སློབ་གྲྭར་ཁྱོན་སློབ་ཕྲུག ༢༦༨ དང་དགེ་རྒན་ ༤ དང་དགེ་ཚབ་ ༢ ལས་བྱེད་ ༩ ཡོད། ཀ་སྦུག་ཤེས་རིག་ཡན་ལག་སློབ་གྲྭར་སློབ་ཕྲུག ༡༠༠ ཙམ་དང་དགེ་རྒན་ ༧ ལས་བྱེད་ ༡ བཅས་ཡོད། ཌལ་ཧོར་བཙན་བྱོལ་བོད་མིའི་སློབ་གྲྭར་སློབ་ཕྲུག ༦༤༥ ༼དེའི་ཁོངས་དྭ་ཕྲུག ༣༠ དང་ཕ་མ་གར་ཡོད་མི་ཤེས་པ་ ༤༠ སྐོར། གྲྭ་པ་ ༣ བཙུན་མ་ ༥ བཅས་ཡོད་༽ དགེ་རྒན་ ༣༠ ལས་བྱེད་ ༤༢ ཡོད། དྷ་སྟེང་རེ་ཅེ་ཀོ་ཀྲི་ཟུར་གསོག་སློབ་གྲྭར་ཟླ་ ༦ ཚེས་ ༡༧ ཉིན་སློབ་ཕྲུག ༡༡༩ འབྱོར་བ་ནས་ ༡ མ་གཏོགས་ཚང་མ་ནད་མནར་ཡིན། དགེ་རྒན་ ༢ དང་ལས་བྱེད་མ་བྱན་ ༢ དང་མ་མ་ ༢ འགོ་འཛིན་ ༡ བཅས་ཡོད། དྷ་ཤོད་ཟུར་གསོག་སློབ་གྲྭར་སློབ་ཕྲུག ༢༢༨ ༼དེའི་ཁོངས་དྭ་ཕྲུག ༡༩ རབ་བྱུང་ ༢ ཡོད་༽ དགེ་རྒན་ཧིན་དིའི་དགེ་རྒན་ ༡ དབྱིན་དགེ་སྨན་ཞབས་གཅིག་ལྕོགས་ ༡ ལུས་རྩལ་དགེ་རྒན་དང་བོད་དགེ་གཅིག་ལྕོགས་ ༡ འགོ་འཛིན་དང་ཕོགས་གཉེར་བོད་དགེ་བཅས་གཅིག་ལྕོགས་ ༡ དགེ་ཚབ་ ༡ མ་ཆེན་ ༡ མ་མ་ ༢ འཚེམ་བུའི་དགེ་རྒན་ ༢ བཅས་ཡོད། པ་ཆེ་མ་རི་བོད་གཞུང་གཏན་སློབ་ཏུ་སློབ་ཕྲུག ༢༥༠ དེའི་ཁོངས་དྭ་ཕྲུག ༨ ཡོད་དང༌། དགེ་རྒན་ ༡༤ ལས་བྱེད་ ༡༩ ཡོད། ནེ་ཕ་ཏི་རབ་གཞིས་ཆགས་སློབ་གྲྭར་སློབ་ཕྲུག ༡༢༦ དང་བོད་དགེ་ ༢ ཡོད། ལས་བྱེད་མེད། འདི་དག་ནི་སྐབས་དེའི་ཡིག་ཚགས་ནང་འཁོད་པ་ཁག་དཔེ་མཚོན་དུ་དཔྱད་གཞིར་དྲངས་པ་ཡིན།